རླབས་ཆེ་བའི་བོད་ཀྱི་འཛུགས་སྐྲུན་པ་མི་ཉག་ཆོས་ཀྱི་རྒྱལ་མཚན་མཆོག་ངོ་སྤྲོད་མདོར་བསྡུས།

ཆོས་དཔལ་བཟང་པོ།        2013-05-16

རླབས་ཆེ་བའི་བོད་ཀྱི་འཛུགས་སྐྲུན་པ་མི་ཉག་ཆོས་ཀྱི་རྒྱལ་མཚན་མཆོག་ངོ་སྤྲོད་མདོར་བསྡུས།
བོད་ཀྱི་འཛུགས་སྐྲུན་པ་མི་ཉག་ཆོས་ཀྱི་རྒྱལ་མཚན།

        མི་ཉག་ཆོས་ཀྱི་རྒྱལ་མཚན་མཆོག་ནི་ཁམས་མི་ཉག་དར་མདོ་རྫོང་དུ་སྐུ་འཁྲུངས་ཤིང་། དགོང་ལོ་བཞིའི་སྟེང་མི་ཉག་འགེ་བ་ཁ་དགོན་པའི་དགོན་བདག་མི་ཉག་སྐྱབས་མགོན་ལགས་ཀྱི་སྐུ་ཕྲེང་དགུ་བར་ངོས་འཛིན་མཛད་ཅིང་མཚན་ལ་མི་ཉག་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ།
        སྤྱི་ལོ1958ལོར་ལྷ་ལྡན་འབྲས་སྤུངས་དགོན་དུ་སློབ་གཉེར་གནང་། ཡིན་ནའང་། སློབ་གཉེར་གནང་ནས་ལོ་ངོ་གཅིག་ཙམ་མ་ལོང་བར་རྐྱེན་གང་མང་གི་དབང་གིས་སེ་རའི་སློབ་ཆུང་དུ་ཞུགས་ཤིང་བོད་ཡིག་དང་རྒྱ་ཡིག རྩིས་རིག་སོགས་བསླབས་སྦྱངས་གནང་དགོས་བྱུང་། སྤྱི་ལོ1963ལོར་ཁོང་ཉིད་ཡང་བསྐྱར་རང་སྐྱོང་ལྗོངས་འཐབ་ཕྱོགས་གཅིག་གྱུར་པོའུ་དང་ནང་ཆོས་མཐུན་ཚོགས་ཀྱིས་ཆེད་དུ་རྩ་འཛུགས་བྱས་པའི་ན་གཞོན་སློབ་སྦྱོང་འཛིན་གྲྭ་རུ་ཞུགས་ཏེ་སློབ་སྦྱོང་གནང་། རིག་གནས་གསར་བརྗེ་ཆེན་པོའི་ཛ་དྲག་ཆེ་བའི་འཐབ་རྩོད་ཁྲོད་མི་ཉག་ཆོས་ཀྱི་རྒྱལ་མཚན་ལགས་དང་སྤྲུལ་སྐུ་ཁ་ཤས་ལྷོ་ཁ་ས་ཁུལ་དུ་ཕེབས་ཤིང་ཞིང་ལས་ཀྱི་བྱ་བ་གཉེར། གཏུག་རྩུབ་ཆེ་བའི་ཁོར་ཡུག་ཁྲོད་ཁོང་གིས་ཞིང་ལས་ཀྱི་ལག་རྩལ་མཁྱེན་ལ།  ཤིང་བཟོ་དང་གྱོམ་བཟོ། གྲུ་བཟོ་སོགས་ཕྱག་ལས་གཉེར་བས་ཁོང་གི་འཛུགས་སྐྲུན་གྱི་བྱ་གཞག་གི་མགོ་བརྩམས་པ་ཡིན་ཞེས་གླེང་ཆོག
        སྤྱི་ལོ1974ལོར་ལྷ་ས་གྲོང་ཁྱེར་གྱི་འཛུགས་སྐྲུན་སྤྱི་གཉེར་ཁང་གི་ལས་ཀ་བ་མཛད་ལ། 1979ལོར། མི་ཉག་ཆོས་ཀྱི་རྒྱལ་མཚན་མཆོག་དངོས་སུ་བོད་རང་སྐྱོང་ལྗོངས་འཛུགས་སྐྲུན་ཇུས་འགོད་སློབ་གླིང་དུ་བསྡུ་རུབ་བྱས་པས། གཞན་ལས་ཁྱད་འཕགས་ཀྱི་བསླབས་འབྲས་ཐོབ་གཤིས། བོད་རང་སྐྱོང་ལྗོངས་འཛུགས་སྐྲུན་སློབ་གླིང་ནས་ཇུས་འགོད་གནང་ཞིང་། ཁོང་གི་ཇུས་འགོད་བརྩམས་ཆོས་བོད་ཡུལ་ཆོལ་ཁ་གསུམ་པོར་ཁྱབ་པར་གྱུར།
        སྤྱི་ལོ1987ལོར། རིག་གསར་སྐབས་གནོད་སྐྱོན་ཤོར་བའི་བསམ་ཡས་གཙུག་ལག་ཁང་ཞིག་གསོའི་བྱ་གཞག་རླབས་པོ་ཆེ་དང་ལེན་གནང་། ཡིན་ནའང་། རིང་ཚད་སྨི15ཅན་གྱི་ཚོགས་ཁང་ནང་ཀ་བ་གཅིག་ཀྱང་མེད་པས། མི་རིགས་གཞན་གྱི་འཛུགས་སྐྲུན་ཆེད་མཁས་གཅིག་གིས་ཀྱང་དེར་ཐབས་ཟད་པར་གྱུར། ཡིན་ནའང་། མི་ཉག་ཆོས་ཀྱི་རྒྱལ་མཚན་མཆོག་གིས་སྔོན་གྱི་བཟོ་གྲུབ་འཆར་རིས་དང་མ་ཕྱི་སོགས་ཅི་ཡང་མེད་པའི་ཆ་རྐྱེན་འོག་ཟླ་བ་གཉིས་ཀྱི་རིང་ཐིག་རིས་བྲིས་ཤིང་། ཚོད་ལྟ་ཐེངས་ལྔ་བྱས་པའི་རྗེས་སུ་གཙུག་ལག་ཁང་དངོས་སུ་ཞིག་གསོ་བྱེད་པའི་མགོ་བརྩམས་ལ། ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་བས། རྒྱལ་ཁབ་ཕྱི་ནང་གི་འཛུགས་སྐྲུན་ཆེད་མཁས་མང་པོས་བསྟོད་བསྔགས་ཀྱི་མེ་ཏོག་བར་མེད་དུ་འཐོར། སྤྱི་ལོ1990ལོ་ནས་བཟུང་པོ་ཏ་ལ་ཞིག་གསོའི་ལས་གཞི་ཁྲོད། ལག་རྩལ་རྩ་འཛུགས་པ་གཞོན་པའི་འགན་བཞེས་ཤིང་། ཞིག་གསོའི་ལས་གཞིའི་འཆར་འགོད་དང་ལྟ་སྐུལ་སོགས་མཛད་རྗེས་བླ་ན་མེད་པ་བཞག་པས་སྔོན་ཐོན་ལས་ཀ་བའི་ཆོ་ལོ་བསྩལ།  སྤྱི་ལོ1994ལོར་པེ་ཅིན་ཀྲུང་ཧྭ་མི་རིགས་ལྡུམ་རའི་བོད་རིགས་མཛེས་ལྗོངས་ཀྱི་ཇུས་འགོད་པ་གཉེར་བས་ཕུལ་བྱུང་གི་ལས་གཞིའི་འཆར་འགོད་པའི་ཆོ་ལོ་ཐོབ། སྔ་ཕྱིར་བོད་ལྗོངས་གཙོ་ཆེའི་རིག་དངོས་སྲུང་སྐྱོབ་ལས་གཞིའི་སྤྱིའི་ལྟ་སྐུལ་བ་དང་། ཕོ་བྲང་པོ་ཏ་ལའི་ཐད་སྒོའི་ཐེམ་སྐས་མྱུར་སྐྱོབ་ལས་གཞིའི་གཙོ་འགན་པ། ཇོ་ཁང་ཆེན་མོའི་སངས་རྒྱས་སྟོང་སྐུའི་གླིང་གི་སྤྱིའི་ཇུས་འགོད་པ་དང་ལྟ་སྐུལ་བའི་འགན་བཞེས།  ལྷ་སའི་གཡུ་ཐོག་ལམ་གྱི་བསྐྱར་བཟོའི་ལས་གཞི་དང་། པཎ་ཆེན་བདེ་ཆེན་ཕོ་བྲང་དང་ཞོལ་གླིང་རྡོ་རྗེ་ཕོ་བྲང་གི་ལས་གཞིའི་འགན་འཛིན་པ་སོགས་མཛད་པ་མ་ཟད། ཕོ་བྲང་པོ་ཏ་ལའི་མདུན་ངོས་ཁྲོམ་ཐང་གི་ཇུས་འགོད་ལས་ཀ་དང་། ཇུས་འགོད་རིག་ལམ། སྲོལ་རྒྱུན་རིག་གནས་སོགས་ཀྱི་སློབ་སྟོན་པའི་འགན་ཁུར།
        སྔ་ཕྱིར་ཆིན་ཧྭ་སློབ་ཆེན་དང་། ཨ་རིའི་ཤ་ཝེ་ཡི་སློབ་ཆེན། ཡེན་ཏི་ཨན་སློབ་ཆེན། དབྱིན་ཇིའི་ཟམ་པ་སློབ་ཆེན། ཧྥ་རན་སིའི་ཤར་ཕྱོགས་སྐད་ཡིག་སློབ་ཆེན། ནོར་ཝེའི་ཚན་རྩལ་སློབ་ཆེན། འཇར་མན་ཨིན་པོ་སློབ་ཆེན་སོགས་རྒྱལ་ཁབ་ཕྱི་ནང་གི་སྐད་གྲགས་ཆེ་བའི་སློབ་གླིང་དང་ཚན་རིག་ཞིབ་འཇུག་ཁང་སོགས་སུ་གདན་ཞུ་བྱས་པ་བཞིན་བགྲོ་གླེང་ཚོགས་འདུར་ཞུགས་ཤིང་། ཐེངས་དུ་མར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་གི་ཚོགས་ཆེན་ཐོག་ཚོགས་ཞུགས་གནང་།  ཨ་རིའི་སྐབས་དགུ་བའི་འཛམ་གླིང་བོད་རིག་པའི་ཚོགས་ཆེན་དུ་ཞུགས་སྐབས་ཐུ་བྷོད་སྐབས་ཀྱི་ཕོ་བྲང་པོ་ཏ་ལའི་གཟུགས་དབྱིབས་དང་སྒྲིག་བབ་ཞེས་པའི་དཔྱད་རྩོམ་སྤེལ། 2000ལོར་བོད་ལྗོངས་སློབ་ཆེན་གྱི་གནའ་བོའི་འཛུགས་སྐྲུན་སྡེ་ཁག་གིས་སློབ་སྟོན་སློབ་དཔོན་དུ་གདན་འདྲེན་ཞུས་པས། ད་བར་ཏུ་སློབ་མ་ཚན་རིམ་བཞི་ཙམ་གསོ་སྐྱོང་གནང་ཡོད། 2003ལོར་བོད་ལྗོངས་སློབ་ཆེན་གྱི་ལས་གཞི་སློབ་གླིང་འཛུགས་གཉེར་གནང་ཞིང་། མི་ཉག་ཆོས་ཀྱི་རྒྱལ་མཚན་ལགས་འཛུགས་སྐྲུན་སྡེ་ཁག་གི་ལས་ཞོར་སློབ་དཔོན་དུ་གདན་འདྲེན་ཞུས། གཞན་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་མགྲོན་ཞུས་སློབ་དཔོན་གྱི་འགན་ཁུར་ཡོད།
        སྤྱི་ལོ2005ལོ་དང2006ལོའི་ལོ་གཉིས་ཀྱི་རིང་ལ་ཁོང་གིས་ཁམས་པའི་ཤུལ་ལུས་སྐྱེ་ཁམས་རིག་གནས་སྲུང་སྤེལ་བློ་འདྲི་ལྷན་ཚོགས་ཞེས་པ་རྩ་འཛུགས་བྱས་པ་དང་ཨ་རིའི་ཝིན་རོག་རྒྱལ་སྤྱིའི་འཕེལ་རྒྱས་ལྟེ་གནས་སོགས་ཀྱིས་རོགས་དངུལ་བཏང་བ་བརྒྱུད། མི་ཉག་བོན་པོ་གཤིས་དང་འགེ་བ་དགོན་གཉིས་ཀྱི་ལོ་ངོ900ནས1200ལྷག་གི་ལོ་རྒྱུས་ཡོད་པའི་མི་ཉག་གི་མཁར་རྫོང་རྙིང་བ་དང་། ལོ་ངོ700ལྷག་གི་ལོ་རྒྱུས་ལྡན་པའི་ལྡེབས་རིས་སོགས་ཞིག་གསོ་བྱས་པ་བརྒྱུད། མི་ཉག་གངས་དཀར་རི་བོའི་གནས་སྐོར་གྱི་ལམ་ཁའི་རིག་གནས་དང་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་མཛད་རྗེས་རབས་དང་རིམ་པ་བཞག་དང་འཇོག་མུས་ཡིན་པ་ཀུན་པོ་མིག་མཐོང་ལག་ཟིན་གྱི་གནས་སུ་གྱུར་བ་ཡིན་ནོ།།

  • ལེ་ཚན་སྔོན་མ།:བོད་ཀྱི་རི་མོ་མཁས་ཅན་ཁམས་སྐལ་བཟང་ཡེ་ཤེས།
  • ལེ་ཚན་རྗེས་མ།:ཨ་རྣམ་ཟླ་བ་སྒྲོལ་མ་ངོ་སྤྲོད་མདོར་བསྡུས།
  • དོ་སྣང་ཆེ་བའི་རྩོམ།