རྒྱལ་རོང་བོད་མིའི་རྒྱན་གོས།

བདེ་ཆེན་དབང་མོ།        2013-05-03

རྒྱལ་རོང་བོད་མིའི་རྒྱན་གོས།རྒྱལ་རོང་བོད་མིའི་རྒྱན་གོས།རྒྱལ་རོང་བོད་མིའི་རྒྱན་གོས།





 

གནའ་དུས་སུ་རྒྱལ་རོང་བུད་མེད་རྣམས་ཀྱིས་མགོ་ལ་རིགས་ལྔ་གྱོན་ཞིང་དེ་ནི་ཁྱུང་གི་མགོའི་རལ་པ་ལ་དཔེ་བྱས་ནས་དྲུབ་པ་ཡིན་ལ་དུས་ཀྱི་འཕོ་འགྱུར་དང་བསྟུན་ནས་ད་ལྟའི་རྣམ་པ་ལ་གྱུར་འདུག ཁོག་སྨད་དུ་གྱོན་པའི་སྨད་གཡོགས་ནི་ཁྱུང་གི་མཇུག་མ་དང་རྒྱབ་ལ་གཡོགས་པའི་བེར་ཆེན་ནི་ཁྱུང་གི་གཤོག་པ་ལ་དཔེ་བྱས་པར་གྲགས།སྐྱེས་པ་རྣམས་ཀྱིས་མགོ་ལ་གྱོན་པ་ནི་ཁྱུང་གི་བྱ་རུ་དང་ལུས་ལ་ལྭ་བ་དཀར་པོ་གྱོན་ཏེ་མཆོད་རྟེན་གྱི་གཟུགས་དང་མདོག་ལྟར་དུ་བྱས།རྐང་ལ་གྱོན་པའི་ལྷམ་ནི་ཁྱུང་གི་སྦར་མོ་ལ་དཔེ་བྱས་པར་གྲགས་པས་རྒྱལ་རོང་བོད་རིགས་ཀྱི་ལོ་རྒྱུས་དང་རིག་གནས།གོམས་གཤིས་རྣམས་ཁྱུང་དང་ཁ་བྲལ་ཐབས་མེད་པ་ཤེས་ཐུབ།གཤམ་དུ་རྒྱལ་རོང་གི་ད་ལྟའི་རྒྱན་གོས་སྐོར་ངོ་སྤྲོད་ཙམ་བྱ་རྒྱུ་ཡིན།
  ལྭ་བ་ཟུར་མང་།
སོག་པོ་ཡུལ་ཚོའི་རྒྱན་གོས་ཐད་ལ་ལྭ་བའི་རི་མོ་དང་།ཁ་དོག་གྱོན་ཚུལ་བཅས་ལས་གྱོན་མིའི་ལོ་ན་ཆེ་ཆུང་གི་དབྱེ་བ་འབྱེད་ལུགས་ཀྱང་ཧ་ཅང་ཁྱད་པར་ཅན་ཡིན།ཕུ་ཐུང་མེད་པའི་ལྭ་བ་རིང་བ་ཞིག་གི་རྐེད་པ་ཡན་ཆད་ཀྱི་ཆ་མང་ཕྱོགས་རི་མོ་དང་ཁ་དོག་འདྲ་མིན་སྣ་ཚོགས་བརྒྱན་པའི་རས་ཀྱིས་བཟོས་པ་དང་།རྐེད་པ་མན་ཆད་བལ་གྱིས་ལས་པའི་ལྟེབ་ཚིགས་རྒྱག་པ་ཟུར་མང་ཅན་ཡིན་པའི་ཁ་མ་རུབ་པའི་ལྭ་བ་སྒོར་མོ་ཞིག་ཡིན།གྱོན་པའི་སྐབས་སུ་ལག་པ་ཕུ་ཐུང་གཉིས་ཀྱི་ནང་ནས་བརྒྱུད་རྗེས་སྨད་གཡོགས་ལ་དར་གྱིས་ལས་པའི་སྐུད་པ་ཡི་སྒྲོག་གུ་འདུག གྱོན་པའི་སྐབས་མེད་དུ་མི་རུང་བ་ནི་རྐེད་རགས་རེད།རང་ཉིད་ཀྱིས་བཏགས་པའི་སྐེད་རགས་ཐོག་ལ་མེ་ཏོག་འདྲ་མིན་སྣ་ཚོགས་གཙགས་པ་དང་ཕྲ་རྒྱན་གྱིས་བརྒྱན་ནས་ལྟ་ན་སྡུག་པར་གྱུར།ལྭ་བ་ཟུར་མང་དེ་དག་ལ་ཡང་ཁ་དོག་ནག་པོ་ཅན་ནི་མང་ཆེ་བ་ལོ་ན་རྒན་པའི་བུད་མེད་རྣམས་ཀྱིས་གྱོན་པ་དང་ལོ་ན་ཆུང་བའི་བུད་མེད་མང་ཆེ་བས་ཁ་དོག་དམར་པོའི་ལྭ་བ་གྱོན།དེ་ནང་བུད་མེད་མང་ཆེ་ཕྱོགས་ཀྱིས་ལྭ་བའི་ནང་རྔུལ་ལེན་དཀར་པོ་གྱོན་པ་དང་སྟོད་གོས་ཀྱི་མདོག་ནག་པོའམ་ཡང་ན་རྫ་མདོག་ཡིན།རིང་ཐུང་པུས་མོའི་ཡས་མས་སུ་སླེབས་པ་དང་གོང་བ་ཧ་ཅང་ཆེ་བའི་ཕུ་ཐུང་རིང་པོ་ལྡན་པའི་སྟོད་གོས་ཁྱད་ཆོས་ལྡན་པ་ཞིག་གྱོན་པ་དང་།སྒྲོག་གུའི་ཐད་བཤད་ན་དར་སྐུད་ཀྱིས་བཟོས་པ་མིན་ལ་དངུལ་དང་ཟངས་ཀྱིས་ལས་པའི་སྒྲོག་གུ་གོར་གོར་ཡིན།འདི་ནི་སྤྱིར་བཏང་བོད་ཀྱི་སྟོད་གོས་ལ་སྒྲོག་གུ་རྒྱག་སྟངས་ལྟར་གོང་བའི་ཁ་དང་ཕྲག་པ་ཐོག་མཆན་ཁུག་འོག་བཅས་ལ་བཏགས།བུད་མེད་རྣམས་ཀྱི་རྐེད་པ་དང་རྐེད་པའི་གཡས་གཡོན་ལ་གསེར་དང་དངུལ་གྱིས་བཟོས་པའི་རྒྱན་ཁ་ལངས།ཁ་ཟས།ལྕགས་ཐག ཁག་བེག ཁབ་ཤུགས།བེད་ཐུག་ཉ་ཁ་སྤྲོད་བཅས་ཟེར་བ་གང་མང་གིས་བརྒྱན་ཡོད།རིན་གོང་ཆེ་བའི་རྒྱན་གོས་རྣམས་དུས་སྟོན་སྐབས་མ་གཏོགས་དུས་རྒྱུན་ལས་ཀ་ལ་བརྩོན་དགོས་པས་གྱོན་སྲོལ་མེད།སོག་པོ་ཡུལ་ཚོའི་མོ་ལོ་གྲོང་པའི་ཁྱིམ་ཚང་གཅིག་གི་ནང་ལ་ལྟེབ་ཚིགས་བརྒྱབ་པའི་ཟུར་ལྷག་པར་མང་བ་དང་།མེ་ཏོག་དང་།རི་དྭགས་གང་མང་གཙགས་པ།བདག་པོ་རང་གི་བཤད་ཚུལ་ལྟར་ན་ལྭ་བ་ཟུར་མང་དེ་ནི་མེས་པོའི་རྒྱུད་ནས་ཡོད་པར་མ་ཟད་ཧ་ཅང་གོང་ཆེན་ཡིན་པར་བཤད།
 བུད་མེད་ཀྱི་རྒྱུན་ལྭ་སྟེ་སྨད་གཡོགས།
སྨད་གཡོགས་ནི་རྒྱལ་རོང་བུད་མེད་རྣམས་ཀྱི་ནམ་རྒྱུན་འཚོ་བའི་ཁྲོད་ཀྱི་རྒྱུན་ཆས་ཤིག་རེད།དེ་ལ་མདུན་དཀྲིས་དང་རྒྱབ་དཀྲིས་བཅས་རིགས་གཉིས་ཡོད།དེང་སང་ཕལ་ཆེར་ནི་མདོག་ནག་པོའི་དར་སྣམ་གྱིས་བཟོས་པ་ཡིན།སྨད་གཡོགས་ཐོག་ཏུ་མེ་ཏོག་གཙགས་ཤིང་ཟུར་དུ་ཡང་མེ་ཏོག་གིས་རྒྱན་སྤྲས།གཙགས་དྲུབ་ཀྱི་མེ་ཏོག་གི་མང་ཉུང་དང་ཁ་དོག་གི་ཐོག་ནས་བུད་མེད་ཀྱི་ལོ་ཆེ་ཆུང་ཤེས་ཐུབ།བུད་མེད་ཚོས་སྨད་གཡོགས་བཟོ་དུས་ཕལ་ཆེ་བས་ལྭ་བ་མདོག་ཟིང་སྐྱ་རིང་པོ་གོན་པ་དང་།སྨད་གཡོགས་ཐོག་ཏུ་གཙགས་པའི་མེ་ཏོག་ཅི་ཙམ་ཆེ་ན་ཁ་དོག་ཀྱང་མཛེས་བར་མངོན་པ་ཡིན།བུད་མེད་དར་མ་དང་རྒན་པའི་རིགས་ཀྱིས་ནང་འཇམ་དཀར་པོའི་ལྭ་བ་གོན་པ་དང་།སྨད་གཡོགས་ངོས་སུ་རི་མོ་སྔོན་དང་སྡུར་ན་ཉུང་ཉུང་རང་ཡིན་ལ་མདོག་ཀྱང་སྐྱ་ཐལ་བ་ཞིག་ཡིན།ནམ་རྒྱུན་ངལ་རྩོལ་ལ་སྟབས་བདེ་པོ་ཡོང་ཆེད་ཕལ་ཆེ་བས་ཕྱི་གོས་མི་གྱོན་ནས་རང་དགར་གྱི་ནང་འཇམ་དང་སྤུན་མདོག་གི་སྟོད་གོས་ཤིག་གོན་པ་རེད།ལོ་རྒན་པ་ཚོ་ནི་དེ་དང་མི་མཚུངས་ཏེ་ཁོ་ཚོས་ཕྱི་གོས་ཀྱང་གོན་པ་དང་།སྨད་གཡོགས་འཐག་དུས་ཁོག་སྨད་དུ་རྒྱ་ལུགས་ལྟ་བུའི་དོར་མ་གོན་པ་རེད།
མགོ་དཀྲིས་བག་རས།
རྒྱལ་རོང་བུད་མེད་རྣམས་ཀྱི་མགོ་ཡི་གཙུག་རྒྱན་ལ་བཅིངས་པའི་མེ་ཏོག་གཙགས་ཡོད་པའི་མགོ་དཀྲིས་ལ་བག་རས་ཟེར།བག་རས་ནི་མདོག་ནག་པོའི་དར་སྣམ་དང་རས་དཀར་ལས་བཟོས་པའི་རིགས་མི་འདྲ་བ་གཉིས་ཡོད།བག་རས་ཀྱི་ཟུར་ཕྱོགས་མཐའ་འགྲམ་ལ་མེ་ཏོག་མི་གཙགས་པའམ་ཡང་ན་མེ་ཏོག་སྐྱ་བོ་ཆ་རེ་གཙགས་དྲུབ་བྱེད་པའི་བག་རས་ནི་བུད་མེད་དར་མ་དང་རྒན་མོ་རྣམས་ཀྱིས་མགོ་ལ་འགེབས་པ་ཡིན།ན་ཆུང་མ་དང་ཕྲུ་གུ་མ་སྐྱེས་པའི་བུད་མེད་གཞོན་ནུ་མའི་བག་རས་ཐོག་ཏུ་ཚོན་མདོག་ཅན་གྱི་སྐུད་པས་མཐའ་ལ་མེ་ཏོག་གཙགས་པ་དང་།ད་དུང་ཟུར་བཞི་དང་།མཐའ་འགྲམ།དཀྱིལ་དུའང་མེ་ཏོག་གཙགས་པ་ཡིན།སོག་པོ་དང་བྲག་སྟེང་བུད་མེད་ཀྱིས་བག་རས་དཀྲི་དུས་ལྟེབ་སྟངས་ལ་ཁྱད་པར་ལྡན་པས་མེ་ཏོག་གཙགས་ཚུལ་ལའང་ཁྱད་པར་འདུག་སྟེ།བྲག་སྟེང་བུད་མེད་ཚོས་བག་རས་ཀྱི་དཀྱིལ་དུ་མེ་ཏོག་གཙགས་པ་དང་།མེ་ཏོག་དབྱིབས་རིས་ཆེ་ཞིང་མགོ་དཀྲིས་ཡོངས་ལ་ཁེངས་པ་ཡིན།འོན་ཀྱང་སོག་པོ་ཡུལ་ཚོའི་བུད་མེད་ཚོས་བག་རས་ཀྱི་འོག་མ་དང་མཐའ་ཕྱོགས་སུ་མེ་ཏོག་གཙགས་པ་དང་།མེ་ཏོག་དབྱིབས་རིས་ཀྱང་ཅུང་ཆུང་བ་ཡིན།འདི་ནི་སོག་པོ་དང་བྲག་སྟེང་ས་གནས་གཉིས་ཀྱི་བུད་མེད་ཚོས་མགོ་རས་དཀྲི་དུས་ལྟེབ་རྩེག་བྱེད་ཐབས་མི་འདྲ་བ་དང་།མེ་ཏོག་གཙགས་གནས་མི་འདྲ་བར་གསལ་པོ་མངོན་པའི་རྒྱུ་མཚན་གྱིས་རེད།མི་རྒན་པ་ཚོས་བཤད་པ་ལྟར་ན་སྔོན་ཆད་བྲག་སྟེང་དང་སོག་པོ་ས་ཁུལ་གྱི་བག་རས་ཐོག་ཏུ་མེ་ཏོག་གཙགས་ལུགས་ཕལ་ཆེར་འདྲ་བ་རེད།འོན་ཀྱང་དེང་དུས་མཛེས་པོ་ཡོང་ཆེད་འགྱུར་ལྡོག་ཕྲན་ཙམ་བྱུང་ཡོད།བུད་མེད་ལ་ལས་མཛེས་པོ་དང་སྟབས་བདེ་ཡོང་ཆེད།ཁོ་རང་རྣམས་ཀྱིས་ཁྲོམ་ར་ནས་ཐད་ཀར་མིག་འཚེར་བའི་རིན་ཆེན་ཕྲེང་བ་ཞིག་ཉོས་ཏེ་བག་རས་ཐོག་ཏུ་རྒྱན་སྤྲས་ནས་ཚོན་སྐུད་མེ་ཏོག་གཙགས་དྲུབ་ཀྱི་རྣམ་པ་མཚོན།མདོག་ནག་པོའི་བག་རས་ནི་ཕལ་ཆེར་སྟོན་དགུན་དུས་ཚིགས་གཉིས་སུ་མགོ་ལ་འགེབས་པ་དང་མདོག་དཀར་པོ་ནི་དབྱར་དཔྱིད་དུས་གཉིས་ཀྱི་སྐབས་ལ་འགེབས་པ་རེད།བག་རས་དཀྲིས་ཏེ་ལྷག་པར་མཛེས་པའི་ཆེད་དུ་བག་རས་ཀྱི་ཟུར་བཞིའི་ཕྱོགས་སམ་བདུན་གྱི་ཟུར་གཉིས་སོ་སོར་ཚོན་སྐུད་ལྷོད་པ་ཞིག་འཕྱང་ཡོད།གཞོན་ནུ་མའི་བག་རས་ནི་རང་ཉིད་ཀྱི་དགའ་ཞེན་ལ་བསྟུན་ནས་རང་དགར་གྱིས་ཚོན་ཐག་དཔྱང་ཆོག་ལ།ཁ་དོག་ཕལ་ཆེར་ནི་དམར་སྐྱ་དང་།སྐྱ་སེར།ལྗང་སྐྱ་སོགས་ཡིན།འོན་ཀྱང་དར་མ་དང་རྒན་མོ་ཚོ་ནི་དེ་དང་མི་འདྲ་སྟེ་ཉུང་ཤས་ཀྱིས་མ་གཏོགས་ཚོན་ཐག་སྐྱ་བོ་གཙགས་མི་ཆོག་པས།ཕལ་ཆེ་བ་ཡིས།ནག་ཤུགས་ཆེ་བ་དཀྲིས་པ་ཡིན།དེ་ལས་ལྡོག་ན་གཞན་གྱིས་བཞད་གད་བྱེད་པ་རེད།བག་རས་མགོ་ལ་དཀྲིས་ནས་བརྟན་པོ་ཡོང་དགོས་ན་སྐྲའི་སླ་ཚུལ་བརྟན་པོ་བྱེད་དགོས་པ་ཡིན་ལ།འདི་གའི་མི་རྣམས་ཀྱིས་ངལ་རྩོལ་བྱེད་སྐབས་སྟབས་བདེ་ཡོང་ཆེད་དང་།ཉི་དྲོད་ཚ་བས་སྐྲ་རིང་འཇོག་པ་ལས་རྔུལ་ཆུ་འབབ་པའི་དཀའ་ཚེགས་འགོག་པའི་ཆེད་དུ།ནག་ཅིང་རིང་བའི་སྐྲ་ཐུང་ངུར་བཅད་པ་རེད།བཅད་པའི་སྐྲ་རྣམས་ཕྱི་ལ་མི་འདོར་བ་མ་ཟད་ཁྲོམ་རའི་ནང་ནས་ཉོས་པའི་སྐུད་པ་དང་གཅིག་ཏུ་བསླས་ནས་སྐྲ་རྫུན་བཟོས་ཏེ།ཕྱིན་ཆད་དགོས་པའི་དུས་སུ་མགོ་རྒྱན་དུ་བཀོལ་བ་རེད།ལེགས་པོར་བསླས་ཚར་བའི་སྐྲའི་ངོས་སུ་མགོ་རྒྱན་འདོགས།མགོ་རྒྱན་ནི་གསེར་དངུལ་ལས་བཟོས་ཏེ་དེ་ལ་རིན་ཆེན་བྱུ་རུའི་རྒྱན་སྤྲས་པའི་སྐྲ་ལོང་དང་བ་སོ་རྡོག་པོ་སོགས་ཡོད།
 ལྷམ།
དེ་ཡང་རང་ལག་རང་འགུལ་གྱིས་ཟས་གོས་གཉིས་འཛོམས་ཡོང་བར་བྱེད་པ་རེད་ཅེས་བཤད་ཆོག་སྟེ་ས་འདི་གའི་མི་རྣམས་ཀྱིས་གཡག་ཀོ་ཡིས་རྒྱུ་ཆ་གཙོ་བོར་བྱས་ནས་བཟོས་པའི་འཇུར་རྟ་ཡུ་རིང་ནི་གོམ་ཁ་སྤོ་སྐབས་ཡང་ཞིང་སྟབས་བདེ་བ་ཞིག་རེད།ཕོ་ལྷམ་དང་མོ་ལྷམ་ཕལ་ཆེར་འདྲ་ནའང་ལྷམ་མཐིལ་ལ་ཁྱད་པར་ཅུང་ཙམ་ཡོད་དེ།ཕོ་ལྷམ་གྱི་ལྷམ་རྩེ་ནི་ཅུང་བཀྱག་ལ་མོ་ལྷམ་ནི་ཅུང་ཆ་སྙོམས་ཡིན་པས་གཡག་ཀོ་ལས་བཟོས་པ་ནི་བཤད་མི་དགོས་པ་རེད།ལྷམ་སྒྲོག་ལ་ཚོན་རིས་མི་འདྲ་བའི་རི་མོ་ཡོད་པས་སྤྱིར་བཏང་འཇུར་རྟ་ཡུ་རིང་པུས་མོའི་ཉེ་ཕྱོགས་ལ་འཁྱིག་ཡོད།དུས་རྒྱུན་གྱི་འཚོ་བའི་ནང་མི་ཚོས་འགྱིག་ལྷམ་དང་ཀོ་ལྷམ་སོགས་ཅི་དགར་གྱོན་པ་རེད།
  རྒྱན་འདོགས།
རྒྱན་སྤྲོས་དངོས་རྫས་གཙོ་བོ་ལ་ནི་དངུལ་ལས་བཟོས་པའི་མགོ་རྒྱན་ཏེ་དེའི་ནང་བྱུ་རུ་དང་གཡུ་བཅས་ཡོད།རིན་ཆེན་ནོར་བུའི་དོ་ཤལ་དང་རྣ་ལོང་།སོར་གདུབ་དང་ལག་གདུབ་བཅས་དེ་དག་ཕལ་ཆེར་ནི་དངུལ་ལས་བཟོས་པ་ཡིན་ལ་ལག་གདུབ་བ་སོ་ལས་བཟོས་པའང་ཡོད་པ་དང་རྒྱན་དངོས་དེ་དག་ནི་ལོ་སར་དང་དགོན་པའི་ཆོས་ཚོགས།གཉེན་སྒྲིག་བཅས་ཀྱི་རྟེན་འབྲེལ་ཚོགས་ཆེན་སྐབས་སུ་གྱོན་བཏགས་བྱེད་པ་ཞིག་རེད།བུད་མེད་ཀྱི་རྣ་ལོང་ལ་དབྱིབས་སྣ་མང་ཡོད།ད་དུང་དུས་ཡུན་ཧ་ཅང་རིང་བའི་རྒྱན་རིགས་ཤིག་ཡོད་པ་དེ་ནི་ཐུར་འཕྱང་དབྱིབས་ཡིན་ལ་ཐམས་ཅད་དངུལ་ལས་བཟོས་པ་ཞིག་རེད།སོག་པོ་ཡུལ་གྱི་བུ་མོ་ཚོའི་མགོ་རྒྱན་དང་རྣ་ལོང་གི་ཐད་ལ་ཁྱད་ཆོས་དམིགས་བསལ་ཡོད་པར་མ་ཟད།དོ་ཤལ་ཡང་མཛེས་ཤིང་ལྟ་ན་སྡུག་ལ་སྤུས་ལེགས་དང་རིག་སྣ་མང་པོ་ཡོད།བྱུ་རུའི་ཕྲེང་བ་དང་གའུ།གཡུ་དང་སྤོས་ཤེལ།བ་སོ་བཅས་ཀྱི་ཕྲེང་བ་བསྲེས་ནས་འབྲེལ་བའི་ཕྲེང་བའང་ཡོད།བྱུ་རུའི་ཕྲེང་བ་བཅས་ཟེར་བ་དང་ད་དུང་ལག་གདུབ་དང་སོར་གདུབ།ལག་འདོགས་ཆུ་ཚོད་སོགས་བཏགས་པའང་ཡོད།
 སྐྱེས་པའི་རྒྱན་གོས།
རྒྱལ་རོང་སྐྱེས་པ་ཚོས་དུས་རྒྱུན་གྱི་འཚོ་བའི་ནང་མང་ཆེ་ཤོས་ཀྱིས་རས་ཆའི་བོད་ཆས་སྤྲས་པ་དང་།དེ་མིན་དགའ་སྟོན་དང་དགོན་པའི་དབྱར་ཆོས་སོགས་དུས་ཆེན་དང་ཐུག་སྐབས་ཕལ་ཆེར་བལ་རིགས་ཀྱིས་བཟོས་པའི་གོས་རྒྱན་བྱེད།ཁ་དོག་མང་ཆེ་བ་ནི་ནག་པོ་དང་རྫ་མདོག་ཡིན།སྐྱེས་པ་ཚོའི་མགོའི་ཞྭ་མོ་ལ་དབྱར་དཔྱིད་གཉིས་ཀྱི་དུས་སུ་རྒྱ་གར་ཞྭ་མོར་དཀར་པོ་དང་།སྟོན་དགུན་གཉིས་ལ་ཚེ་རིང་དཀྱིལ་འཁོར་གོན།ཚེ་རིང་དཀྱིལ་འཁོར་ལ་དངུལ་མདོག་དང་འདྲ་བའི་དར་སྐུད་ཕྲ་མོས་གཙགས་པའི་མེ་ཏོག་འདྲ་མིན་སྣ་ཚོགས་ལྡན་ལ་ཧ་ཅང་མཛེས་པ་དང་།ཕོ་གསར་ཚོས་མི་རིགས་རང་ཉིད་ཀྱི་སྲོལ་རྒྱུན་བཞིན་རྐེད་པ་ལ་ཕྲ་རྒྱན་མང་པོ་ཡོད་པའི་གྲི་ཆེན།གྲི་ཆུང་འདོགས།དེ་མིན་དུས་རྒྱུན་ལ་སྤྱིར་བཏང་གི་རྒྱལ་སྤྱིའི་གོན་པ་གྱོན་པ་དེ་ནི་ལས་ཀ་ལས་བདེ་བའི་ཆེད་དུ་རེད།ལྷམ་ལ་དུས་སྟོན་སྐབས་བོད་ཀྱི་ཀོ་ལྷམ་དང་དུས་རྒྱུན་དུ་སྤྱིར་བཏང་གི་ལྷམ་གྱོན།དགུན་དུས་སླར་ཡང་བལ་རིགས་ཀྱིས་འཐག་པའི་གོས་གྱོན་ལ་གཞན་ཧ་ལམ་འདྲ།ཐུན་མོང་མ་ཡིན་པའི་གོན་པ།རྒྱན་རིགས།གོས་གྱོན་ལུགས་བཅས་དངོས་གནས་ཡ་མཚན་ཅན་དང་ཡིད་སྤྲོ་བ་ཞིག་རེད།

 


 

  • ལེ་ཚན་སྔོན་མ།:གོས་ཀྱི་དར་ཚུལ།
  • ལེ་ཚན་རྗེས་མ།:རོང་བྲག་རྫོང་བྲག་སྟེང་ཡུལ་ཚོའི་རྒྱན་གོས།