ཡིད་ཆེས་སློབ་གསོ་སྐོར་གྱི་བསམ་གཞིག

གཅན་རོང་བསྟན་འཛིན།        2013-05-02

ཡིད་ཆེས་སློབ་གསོ་སྐོར་གྱི་བསམ་གཞིག

སྤྱིར་ཡིད་ཆེས་ནི་བརྩེ་སེམས་དང་དགའ་སྣང་མཐུན་སྒྲིལ་སོགས་ཀྱི་རྩ་བ་ཡིན་པས།མིའི་རིགས་རྒྱལ་ཁའི་ལམ་དུ་བགྲོད་པའི་རྨང་གཞི་ཉག་གཅིག་ཡིན་ལ།ནང་སྒོས་སུ་རང་ཉིད་རང་ལ་ཡིད་ཆེས་རྒྱུ་ནི་སྟོབས་ཤུགས་ཀྱི་འབྱུང་ཁུངས་དང་བརྩོན་སེམས་དང་དོན་གཉེར་བཅས་ཀྱི་སྒུལ་ཤུགས་སུ་གྱུར་ཡོད་ནའང་།གཞི་རིམ་གྱི་སློབ་གསོའི་ཁྲོད་ན་ད་དུང་སྣང་མེད་དུ་ལུས་ཤིང་།སྲོལ་རྒྱུན་གྱི་ཁེངས་སྐྱུང་བཅོས་མས་ཡིད་ཆེས་སློབ་གསོ་ངན་ཤན་ཚབས་ཆེན་ཐེབས་བཞིན་ཡོད།
 གཅིག ཚད་ལས་བརྒལ་བའི་ཁེངས་སྐྱུང་།
ཁེངས་སྐྱུང་ནི་ང་རྒྱལ་གྱི་གཉེན་པོ་ཡིན་ལ་ཡིད་ཆེས་ནི་སྤོབས་པའི་གཏེར་མཛོད་ཡིན།དེ་བས།མི་སུ་ཞིག་ཡིན་ཀྱང་ཚུལ་མིན་གྱི་ང་རྒྱལ་ཁེངས་སེམས་ཇེ་ཉུང་ངམ་ཇེ་ཆུང་དུ་གཏོང་དགོས་ན་ཐོག་མར་རང་ཉིད་ཀྱིས་རང་ཉིད་ལ་ངོས་འཛིན་བྱེད་པའི་ནུས་པ་མཐོར་འདེགས་གཏོང་དགོས་པ་ལས་ཆུང་དུས་ནས་ཚད་ལས་བརྒལ་བའམ་བཅོས་མའི་ཁེངས་སྐྱུང་གི་སློབ་གསོ་གཏོང་དྲགས་ན།བྱིས་པའི་སྤོབས་པ་དང་རང་ཉིད་ལ་ཡིད་ཆེས་བྱེད་པ་སོགས་ལ་ངན་ཤན་ཚབས་ཆེན་ཐེབས་ནས་མཐར་མི་ཚེ་ཕམ་ཁའི་ལམ་དུ་འགྲོ་བ་ཧ་ཅང་མང་སྟེ།དཔེར་ན།རུས་ཧོང་ཅན་གྱི་བྱིས་པ་ཞིག་རང་གི་ཨ་ཕ་དང་འགྲོགས་ཏེ་ཨ་རི་ནས་སློབ་གྲྭར་ཞུགས།བྱིས་པ་དེ་རྐང་སྤོ་རྒྱག་པར་ཧ་ཅང་དགའ་ལ་རྐང་སྤོ་རྒྱག་པའི་རྩལ་ནུས་ཕུན་སུམ་ཚོགས་པ་ཡོད།ཐེངས་ཤིག་ལ་ཁོའི་སློབ་ཁུལ་དེ་ནས་རྐང་སྤོ་འགྲན་བསྡུར་ཆེན་པོ་ཞིག་བྱེད་སྐབས་ཧོང་དགེ་རྒན་ཆེན་མོ་རང་གི་བྱིས་པ་དང་བྱིས་པའི་སློབ་གྲྭ་ལ་རེ་བས་ཁེངས་བཞིན་འགྲན་རྩལ་ལ་བལྟ་རུ་ཕྱིན།བློ་ཡུལ་ལས་འདས་པ་ཞིག་ནི་རང་གི་བྱིས་པ་རྐང་སྤོ་འགྲན་རྩལ་དུ་ཞུགས་མེད།ཨ་ཕས་རྐང་སྤོ་སྦྱོང་བརྡར་དགེ་རྒན་བཙལ་ཏེ་གནས་ཚུལ་འདི་དྲིས་པ་ན།དགེ་རྒན་གྱིས་ལྒང་ལི་འདི་རྩལ་ལ་ལྟ་དགོས་པར་མ་ཟད།ད་དུང་སེམས་ཁམས་ལ་བལྟ་དགོས།རང་གིས་རེ་བ་མ་བཏོན་ན།ང་ཚོས་ཁོ་ལ་ལྒང་ལི་རྒྱག་འདོད་མེད་སྙམ་པ་ཡིན་ལ།གལ་ཏེ་རང་ཉིད་ལ་རྒྱག་འདོད་མེད་ཚེ་ཁོ་བྱ་དངོས་འདི་ལ་ཡིད་ཆེས་མེད་པས་འགྲན་བསྡུར་དུ་ཇི་ལྟར་ཞུགས་ཞེས་བཤད་པ་འདི་ལ་མཚོན་ན།ཧོང་སློབ་གྲོགས་རྐང་སྤོ་འགྲན་བསྡུར་ལ་སྐོམ་པས་ཆུ་འདོད་པ་ལྟ་བུའི་ཞུགས་འདོད་ཡོད་ཀྱང་ཁོས་ཁེངས་སྐྱུང་བྱས་དྲགས་ཏེ་རང་གི་ནུས་པ་འདོན་པའི་གོ་སྐབས་ཤོར་བ་དང་ཐ་ན་ཁོ་རང་གི་རྐང་སྤོ་ཚན་ཆུང་འགྲན་བསྡུར་ལས་ཕམ་ཁ་བྱུང་བ་འདིས་བཅོས་མའི་ཁེངས་སྐྱུང་བྱས་པའི་མཇུག་འབྲས་ཤིག་གསལ་བོར་བསྟན་ཡོད་ལ།ཧོང་སློབ་གྲོགས་ཀྱིས་ཁེངས་སྐྱུང་བྱས་ཏེ་ང་འགྲན་བསྡུར་དུ་ཞུགས་རྒྱུ་ཡིན་ཞེས་མ་བཤད་པ་ཙམ་ལ་མཇུག་འབྲས་འདི་ལྟ་བུ་ཞིག་སྨིན་རྒྱུ་ཡོད་ན།གཞི་རིམ་ས་ཁུལ་ལ་མཚོན་ན།དེ་བས་བརྒྱ་འགྱུར་གྱིས་ཚབས་ཆེ་སྟེ།དཔེར་ན།སློབ་གྲྭའི་རྩོམ་ཡིག་འགྲན་བསྡུར་གྱི་བྱ་འགུལ་སྤེལ་ཚེ།སློབ་གཙོས་བསྟན་དགེ་རྒན་ཁྱོད་རྩོམ་ཡིག་འབྲིར་མཁས་པའི་དགེ་རྒན་ཞིག་ཡིན་པས།ད་ཐེངས་ཀྱི་འགྲན་བསྡུར་ལ་བྱ་དགའ་ཨང་དང་པོ་ལེན་རྩིས་ཨེ་ཡོད་ཅེས་བཤད་ཚེ།དགེ་རྒན་དེས་རྐེད་པ་གུག་གུག་དང་ཉྭ་བོ་ལྷེམ་ལྷེམ་བྱས་ཏེ།སློབ་གཙོ་དེ་ལྟར་འུད་བསྟོད་བྱེད་ག་ལ་རུང་།ང་ལ་རེ་བ་མེད།སྤྱིར་ཞུགས་རྩིས་ཀྱང་མེད་མོད་ཁྱོད་ཀྱིས་བལྟས་ན་ཞེས་པའི་ཁེངས་སྐྱུང་བཅོས་མའི་ལན་ཞིག་འདེབས་ངེས་རེད།གལ་ཏེ་སློབ་གཙོ་དེ་ཕྱི་གླིང་ངམ་སྔོན་ཐོན་ས་ཁུལ་ནས་སློབ་གསོ་མྱང་བ་ཞིག་ཡིན་ཚེ།ཨོ།ཁྱོད་རང་ཉིད་ལ་ཡང་རེ་བ་དང་ཡིད་ཆེས་མེད་ན་སྐྱུར་ཞོག་ཅེས་བཤད་ཚེ།དགེ་རྒན་དེ་སློབ་གཙོ་ལ་སེམས་གཏིང་ནས་མི་དགའ་བར་འགྱུར་བར་མ་ཟད།སློབ་གཙོ་འདི་ང་ལ་ཅི་ཞིག་ལ་མ་དགའ་བ་ཡིན།ལྟ་ཚུལ་ཞིག་ཡོད་འདུག་སོགས་ཀྱི་རྣམ་རྟོག་གི་མིག་གིས་རྒྱུན་དུ་སློབ་གཙོ་ལ་ལྟ་བཤེར་བྱེད་ངེས་རེད།གལ་ཏེ་སློབ་གཙོ་ཁེངས་སྐྱུང་གི་རིག་གནས་ལ་གོམས་པའི་ཉམས་མྱོང་ཅན་ཞིག་ཡིན་ཚེ་ཁྱོད་ཅིས་ཀྱང་ཞུགས་དགོས། ཁྱོད་མ་ཞུགས་ན་ད་ཐེངས་ཀྱི་འགྲན་བསྡུར་འདི་ལ་སྙིང་བོ་མེད་སོང་བ་རེད་སོགས་བཤད་ཚེ།དགེ་རྒན་དེའི་ངོ་ལ་འཛུམ་ཞིག་ཤར་ཏེ།ང་རང་ལ་གྲ་སྒྲིག་དང་རེ་བ་མེད་ཀྱང་སློབ་གཙོའི་ཐུགས་ལྟར་ཞུགས་རྩིས་བྱེད།ཅེས་བཤད་ངེས་རེད། འདི་ལྟ་བུའི་བཅོས་མའི་ཁེངས་སྐྱུང་ནི་རང་གི་འཕེལ་རྒྱས་ལ་གནོད་ཚབས་ཆེ་བས།བྱིས་པ་ཆུང་དུས་ནས་ཁེངས་སྐྱུང་བཅོས་མའི་སློབ་གསོ་གཏོང་དྲགས་ན་ཁོའི་མི་ཚེའི་འཕེལ་རྒྱས་ལ་གནོད་ཚབས་ཧ་ཅང་ཆེ་བ་རེད། ང་ཚོས་རྒྱུན་དུ་མི་གཞན་གྱིས་རང་ཉིད་ཆོག་མི་ཆོག་ཐག་གཅོད་བྱེད་དགོས་པའི་སློབ་གསོ་གཏོང་བ་ལས།རང་ཉིད་ཀྱིས་བལྟས་ན་རང་ཉིད་ཆོག་མི་ཆོག་ཐག་གཅོད་པའི་སློབ་གསོ་གཏོང་བ་ཆེས་ཉུང་ལ།རང་ཉིད་ཀྱི་ངས་བལྟས་ན་འདིའི་ཕྱོགས་ལ་རང་ཉིད་ཅུང་བཟང་བ་ཡིན་ཞེས་བཤད་ཚེ་མི་འོས་པ་ཞིག་ཏུ་བརྩི་བས།རྒྱུན་དུ་རང་གིས་རང་ལ་ངས་མི་ཤེས་ངས་མི་ཤེས་ང་ལ་མེད་སོགས་ཀྱི་སློབ་གསོས་མིའི་ཡིད་ཆེས་དང་།སྤོབས་པ།ནུས་རྩལ་འཕེལ་རྒྱས་བཅས་ལ་ཤན་ཤུགས་ཚབས་ཆེན་ཐེབས་བཞིན་ཡོད།དེ་ལ་གཏམ་རྒྱུད་འདི་ལྟ་བུ་ཞིག་ཡོད་དེ།སྔོན་ས་པཎ་གྱིས།རྩོམ་ཞིག་གི་ནང་དུ།ས་སྟེང་འདི་ན་ས་སྐྱ་པཎ་ཆེན་ང་།།ཞེས་བྲིས་ཚེ།ཁེངས་སྐྱུང་ལ་གོམས་ཆེ་བའི་མཁས་པ་མང་བོས་ཁོང་གི་གསུང་དེ་བློ་ལ་མ་བབས་པར།ས་སྟེང་འདི་ན་ས་སྐྱ་པཎ་ཆེན་ངུར།།ཞེས་བཅོས་པར་གྲགས་པ་དང་།ཐོན་མིས་བོད་ཡིག་བཟོས་པར་སྐབས་དེའི་བློན་ཆེན་མང་བོས་ཕྲག་དོག་བྱས་ཚེ།སྤོབས་པའི་དཔངས་བསྟོད་ཀྱི་གླུ་ཞིག་བླངས་པ་ལ།༼ཐོན་མིའི་ང་རྒྱལ་གྱི་གླུ༽ཞེས་སྨོན་པ་དང་།སྨན་རྩིས་ཀྱི་ཕྱོགས་ལ་འཇམ་པའི་དབྱངས་ཞེས་འབོད་པའི་དགུ་རོང་བླ་མའི་ཉིན་ཐོ་ཟིན་བྲིས་ནང་དུ།དགུ་རོང་ཚང་གིས་ལྷ་ས་ནས་༼ཉི་འཛིན་ཕུད་པ༽སོགས་ལ་བརྟེན་ནས་ལྷ་ལྡན་སྨན་རྩིས་པ་ཆེན་མོ་རྩིས་དཔོན་མཁྱེན་རབ་ནོར་བུ་མཆོག་དང་སྨན་རྩིས་ཀྱི་ཕྱོགས་ལ་རྩོད་པ་བྱེད་རྒྱུའི་སྟ་གོན་བྱས་པ་ན།དེའི་མཚན་མོ་རྡོ་སྦིས་ལྷ་རམས་པ་དགེ་བཤེས་ཤེས་རབ་རྒྱ་མཚོ་གསང་སྟབས་ཀྱིས་ཕེབས་ནས་ཁྱེད་སྨན་རྩིས་ཀྱི་ཕྱོགས་ལ་ཇི་འདྲ་ཡིན།སང་ཉིན་རྣམ་གཉིས་རྩོད་པ་མ་བྱས་ན་ཇི་འདྲ་རེད།ཅེས་གསུངས་ཚེ།དགུ་རོང་བླ་མས།སྨན་རྩིས་ཀྱི་ཕྱོགས་ལ་བདག་ནི་ངོ་མ་པཎ་ཊི་ཏ་ཞིག་ཡིན།སང་ཉིན་རྒྱ་གར་པཎ་ཆེན་དངོས་སུ་ཕེབས་ཀྱང་ཞེ་འཚེར་བ་མེད།ཅེས་བཤད་མ་ཐག དགེ་བཤེས་ཚང་གིས་ལྡོག་ནས་གསུངས་པ་རེད་སྙམ་སྟེ།ཞལ་ངོ་ཤོར་ནས་ད་མ་འགྲིག་ཅེས་ཡང་ཡང་གསུངས་པ་འདིས་དགུ་རོང་བླ་མས་ཁེངས་སྐྱུང་གི་སྐད་ཆ་མ་བཤད་པར་སྤོབས་པའི་ཞལ་གསུང་དྲང་མོར་གནང་པས་དགེ་བཤེས་ཆེན་མོ་ཡང་གོམས་སྲོལ་ཞིག་ཏུ་མ་གྱུར་པ་འདི་དག་གིས་ཡིད་ཆེས་དང་སྤོབས་པའི་སློབ་གསོ་ནི་གནའ་སྔ་མོ་ནས་མྱུ་གུ་འབུས་ཡོད་ན་ཡང་ཁེངས་སྐྱུང་བཅོས་མའི་སད་ཀྱིས་བཅོམ་པའི་མེ་ཏོག་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་གསལ་བཤད་བྱས་ཡོད།

 ཡིད་ཆེས་སློབ་གསོ་སྐོར་གྱི་བསམ་གཞིག

གཉིས།  གཞན་བརྟེན་གྱི་ཡིད་ཆེས།
མི་མང་ཆེ་བ་ཞིག་ལ་རང་གིས་རང་ཉིད་བཟང་ཞེས་བཤད་མི་ཐུབ་ན་ཡང་གཞན་གྱིས་རང་ལ་བཟང་ཞེས་བཤད་དགོས་པའི་རེ་སྙེག་ཧ་ཅང་མཐོ་སྟེ།དཔེར་ན།རྩོམ་པ་པོ་གང་མང་ཞིག་གིས་དཔེ་ཆའི་མགོ་སྔ་གང་རུང་ན།གཞུང་འདི་ལྟ་བུ་བདག་ལྟ་བུས་རྩོམ་མི་ནུས་ཀྱང་ག་གེ་མོའི་བཀའ་ནན་ལྡོག་མ་ནུས་པར་བྲིས་སོགས་ཀྱིས་གཞན་བརྟེན་ཀྱི་ཡིད་ཆེས་ཕྱིར་མངོན་ཡོད་པ་ལྟ་བུ་རེད། སྤྱིར་འཇིག་རྟེན་སྟེང་གི་མི་སུ་ཞིག་ཡིན་ཀྱང་ཁོ་ལ་ཚད་རིམ་མི་འདྲ་བའི་འཚོ་བའི་རེ་སྙེག་དང་བདེ་འཇགས་ཀྱི་རེ་སྙེག སྤྱི་ཚོགས་ཀྱི་རེ་སྙེག བརྩི་བཀུར་གྱི་རེ་སྙེག རང་ཉིད་མངོན་འགྱུར་གྱི་རེ་སྙེག་སོགས་ཡོད་པས།རེ་སྙེག་གི་ཐད་ནས་གཞིགས་ན།མི་ཚེ་ནི་རང་གི་རེ་སྙེག་མངོན་འགྱུར་བྱེད་པའི་གོ་རིམ་ཙམ་ཞིག་དང་སློབ་གསོ་ནི་མིའི་རེ་སྙེག་མངོན་གྱུར་བྱེད་པའི་བྱེད་ཐབས་ཙམ་ཞིག་ཡིན་མོད།འོན་ཀྱང་རེ་སྙེགས་དེ་དག་མངོན་འགྱུར་བྱེད་ཚུལ་གཏན་ནས་མི་འདྲ་སྟེ།སྤྱི་ཚོགས་སྟེང་གི་མི་མང་ཆེ་བ་ཞིག་ལ་མཚོན་ན།རང་ཉིད་མཁས་འདོད་དང་དཔའ་འདོད།ཕྱུག་འདོད།བདེ་འདོད།སྐྱིད་འདོད་ཀྱི་རེ་སྙེག་ཧ་ཅང་མཐོ་ལ།རེ་སྙེག་དེ་དག་མངོན་འགྱུར་བྱེད་འདོད་ཀྱི་ཡིད་ཆེས་ཀྱང་ཧ་ཅང་ཆེ་ནའང་སྲོལ་རྒྱུན་གྱི་བཤད་ཚུལ་ལ།རང་ཉིད༼མི་མཁས༽༼མི་དཔའ༽༼མི་ཕྱུག༽༼མི་བརྗིད༽ཅེས་ཁེངས་སྐྱུང་བཅོས་མ་ཞིག་བྱས་ཏེ།དོན་གྱིས་གཞན་ཚང་མས་ཁོ་ལ༼ཁྱོད་མཁས༽༼ཁྱོད་དཔའ༽ ༼ཁྱོད་བརྗིད༽ ༼ཁྱོད་ཕྱུག༽གི་ཆོ་ལོ་ཕུལ་བ་ལ་བརྟེན་ནས་རང་གིས་རང་ལ་ཡིད་ཆེས་ཆགས་བཞིན་ཡོད།གོམས་སྲོལ་དེའི་དབང་གིས་རང་གིས་རང་ལ་འདིའི་ཕྱོགས་ལ་ང་ངོ་མ་པཎ་ཊི་ཏ་ཡིན་ཞེས་བཤད་ན་གཞན་གྱི་མིག་ལམ་དུ་མི་མཛེས་པ་ཞིག་དང་ཀུན་སྤྱོད་ཀྱི་གནད་དོན་ལྟ་བུ་ཞིག་ཏུ་གྱུར་པས།རང་ཉིད་ཀྱི་ནུས་རྩལ་བཟང་ངན་གཞན་གྱིས་ཐག་གཅོད་བྱེད་དགོས་པ་ལྟ་བུ་ཞིག་ཏུ་གྱུར་ཡོད། འདེམས་བསྐོའི་བྱ་བས་གནད་དོན་འདི་ཡང་བསྐྱར་གསལ་བཤད་བྱེད་ཐུབ་སྟེ།དཔེར་ན།བཀྲ་ཤིས་འཛིན་གྲྭའི་ལས་བྱེད་པར་འདེམ་པའི་དབང་དུ་བཏང་ན།ཁོས་ཐོག་མར་སློབ་གྲོགས་རྣམས་ལ།བདག་ལྟ་བུ་ཞིག་གིས་འཛིན་གྲྭའི་ལས་བྱེད་པའི་འགན་མི་ཐེག་པ་དང་རང་ཉིད་ཀྱང་འདུག་འདོད་མེད་མོད།དགེ་རྒན་དང་སློབ་གྲོགས་ཚོས……ཞེས་ཁ་ནས་བཤད་ཅིང་འདེམ་ཤོག་འཕེན་པའི་སྐབས་སུ་ཡང་ཀུན་གྱིས་མིག་མདུན་ནས་མི་འཐད་པའི་རྟགས་རྒྱག་པ་དང་གལ་ཏེ་ལག་འདེམ་གྱི་དབང་དུ་བཏང་ན་བཀྲ་ཤིས་ལ་འཐད་པའི་ལག་པ་ཡར་ཁྱོགས་ཞེས་བཤད་ན།ཁོས་ལག་པ་ཡར་འགྱ
གས་མི་ཐུབ་པ་ལྟ་བུ་རེད།གལ་ཏེ་ཁེངས་སྐྱུང་བཅོས་མའི་རྣམ་འགྱུར་དང་།རང་གིས་རང་ལ་མི་འཐད་པའི་བརྡ་མ་བསྟན་ན་ངོ་ཚ་མེད་པ་ཞིག་དང་འོས་མིན་ཞིག ཀུན་སྤྱོད་ངན་པ་ཞིག་ཏུ་བརྩི་ངེས་རེད།གལ་ཏེ་ནུས་ཕྱོགས་ཀྱི་རིག་གནས་སློབ་གསོ་མྱང་ཡོད་མཁན་ཞིག་འཛིན་གྲྭའི་ལས་བྱེད་པར་འདེམས་པའི་དབང་དུ་བཏང་ན།སློབ་གྲོགས་རྣམས་ཀྱིས་ཁྱོད་ང་ཚོའི་འཛིན་གྲྭའི་ལས་བྱེད་པར་བཟང་པས་ཁྱོད་ཀྱིས་བལྟས་ན་ཇི་འདྲ་རེད་ཅེས་བཤད་ཚེ་ཁོས་ཚམ་ཚོམ་མེད་པར་བཀའ་དྲིན་ཆེ།བཀའ་དྲིན་ཆེ།ཞེས་ལན་འདེབས་ཅིང་།ད་དུང་བདག་ལ་འཛིན་གྲྭའི་ལས་བྱེད་པ་བྱེད་པའི་ཡིད་ཆེས་ཡོད་ཅེས་བཤད་ལ།འདེམ་ཤོག་འཕེན་སྐབས་ཀྱང་ཐོག་མར་རང་གིས་རང་ལ་ཡིད་འཐད་བྱུང་བའི་འདེམ་ཤོག་འཕེན་ངེས་རེད།ལག་འདེམ་བྱེད་པའི་དབང་དུ་བཏང་ན་ཡང་རང་གིས་རང་ལ་ཡིད་འཐད་བྱུང་བའི་ལག་པ་མཐོན་པོར་འགྱ
གས་ངེས་རེད།ཁོས་ལག་པ་མགྱ
གས་སྐབས་རང་ཉིད་ཀྱིས་རང་ཉིད་ལ་ཡིད་ཆེས་མེད་ན།གཞན་གྱིས་རང་ཉིད་ལ་ཡིད་ཆེས་ཇི་ལྟར་བྱེད་སྙམ་ཏེ་ཡིད་ཆེས་ཁེངས་པའི་ངང་ནས་ཡིད་འཐད་བྱུང་བའི་ལག་པ་མཐོན་པོར་མགྱ
གས་ངེས་རེད།  སློབ་གསོའི་འདུ་ཤེས་མི་འདྲ་བའི་དབང་གིས་ནུབ་ཕྱོགས་འཕེལ་རྒྱས་ས་ཁུལ་གྱི་སློབ་མས་བྱ་བ་གང་ཞིག་ཡིན་ཀྱང་རང་གིས་བལྟས་ན་ལས་ཆོག་པ་དང་གནས་ལུགས་ཡོད་པ་རྣམས་སྟོབས་ཤུགས་ཡོད་ཚད་བཀོལ་ནས་ལས་ཕོད་པ་དང་།འགྲུབ་སླ་བ།རང་ཉིད་ཀྱི་ཁྱད་ཆོས་དང་གསར་བཏོད་ཀྱི་བསམ་བློ་ཡོད་ལ།རང་རེའི་བྱིས་པ་རྣམས་ཡོད་ཚད་གཞན་གྱི་རྗེས་སུ་འབྲངས་པ་དང་གནས་ལུགས་ཡིན་མིན་དང་རིན་ཐང་ཡོད་མེད་གཞན་ལ་བརྟེན་དགོས་པས།ཁེར་རྐྱང་གི་བསམ་གཞིགས་ནུས་པ་དང་གསར་བཏོད་ནུས་པ།རང་ཚུགས་འཕེལ་རྒྱས་སོགས་ལ་ཤན་ཤུགས་ཆེན་པོ་ཞིག་ཐེབས་ངེས་ཡིན་པ་མ་ཟད།ད་དུང་སློབ་མའི་བློ་སྤོབས་ནུས་པ་དང་རང་བཀུར་རང་བཞིན།དྲང་བདེན་རང་བཞིན།ཧུར་བརྩོན་རང་བཞིན་གྱི་ནུས་པ་འཕེལ་རྒྱས་ལ་ངན་ཤན་ཚབས་ཆེན་ཐེབས་བཞིན་ཡོད་པས།གཞན་བརྟེན་གྱི་ཡིད་ཆེས་དེ་རང་བརྟེན་གྱི་ཡིད་ཆེས་ཤིག་ཏུ་འགྱུར་རྒྱུ་ནི་མི་ཚེ་རྒྱལ་ཁའི་ལམ་དུ་བགྲོད་པའི་ནང་ཤུགས་ཐུན་མོང་མ་ཡིན་པ་ཞིག་རེད།
 གསུམ།  ཁེངས་སྐྱུང་དང་ཡིད་ཆེས།
སློབ་གསོའི་ལག་ལེན་གྱི་ཁྲོད་ནས་ང་རྒྱལ་གྱི་ཁེངས་པ་སྐྱུང་བའི་སློབ་གསོ་གཏོང་བ་འོས་ཤིང་འཚམས་ན་ཡང་ཚད་ལས་བརྒལ་ཚེ་རང་གི་སྤོབས་པ་སྐྱུང་པ་དང་ཡིད་ཆེས་སྐྱུང་བ།རང་ཚུགས་སྐྱུང་བའི་གནས་ཚུལ་ཚབས་ཆེ་བས།རྒྱུན་པར༼ཁེངས་སྐྱུང་ཚད་ལས་བརྒལ་ན་ང་རྒྱལ་ཡིན༽ཞེས་བཤད་བཞིན་ཡོད་མོད།སློབ་གསོའི་ཐད་ནས་བཤད་ན།༼ཁེངས་སྐྱུང་ཚད་ལས་བརྒལ་ན་བཅོས་མ་ཡིན༽པས།གལ་ཏེ་བྱིས་པ་ལ་ཆུང་དུས་ནས་བཅོས་མ་བྱེད་ཚུལ་གྱི་སློབ་གསོ་བཏང་ན་ཁོའི་མི་ཚེ་ལ་ངན་ཤན་ཚབས་ཆེ་ངེས་རེད།སློབ་མའི་སྤོབས་པ་དང་ཡིད་ཆེས་སྐྱེད་སྲིང་བྱེད་རྒྱུ་ནི་ཁེངས་པ་སྐྱུང་བའི་སློབ་གསོ་ལས་བརྒྱ་འགྱུར་གྱིས་གལ་ཆེ།མི་ཞིག་ལ་ཁེངས་སྐྱུང་གི་སློབ་གསོ་གཏོང་དགོས་ཚེ་ཐོག་མར་མི་རང་ཉིད་ཀྱིས་རང་ལ་རྒྱུས་ལོན་གསལ་བོ་ཞིག་བྱེད་དགོས་ལ།རྒྱུས་ལོན་ཡང་དག་པ་ཞིག་བྱས་ཙེ་ད་གཟོད་རང་ཉིད་ཀྱི་སྟེང་ན་ཞན་ཆ་ཡོད་ལ་བཟང་ཆ་ཡང་ཡོད་པ་ཤེས་ཐུབ་ངེས་རེད།དེ་ནས་རྒྱུན་དུ་རང་སྟེང་གི་བཟང་ཆ་ཡར་སྐུལ་དང་ཞན་ཆ་ལེགས་སྒྱུར་བྱས་ཚེ་རང་ཉིད་མི་འཛོམས་པོ་ཞིག་ཏུ་འགྱུར་བ་ཆོས་ཉིད་ཡིན་ནའང་རང་སྟེང་གི་བཟང་ཆ་ཐམས་ཅད་ཁེངས་སྐྱུང་བྱས་དྲགས་ན།རང་ཉིད་མི་འཇོན་ཐང་ཅན་ཞིག་ཆགས་པ་ལ་ངན་ཤན་ཐེབས་ངེས་རེད། དེ་བས།བྱིས་པའི་ཡིད་ཆེས་སྐྱེད་སྲིང་བྱེད་རྒྱུ་ནི་མི་ཚེ་རྒྱལ་ཁའི་ལམ་དུ་བགྲོད་པའི་རྨང་གཞིའམ་འཕེལ་རྒྱས་ཀྱི་ནང་ཤུགས་ཐུན་མོང་མ་ཡིན་པ་ཞིག་ཡིན་པས།དགེ་རྒན་དང་ཁྱིམ་བདག་རྣམས་ཀྱིས་གཙིགས་ཆེན་དང་མཉམ་འཇོག་བྱེད་དགོས་པ་ཞིག་རེད།
 
 
 
  • ལེ་ཚན་སྔོན་མ།:འཆད་ཁྲིད་ལས་འཕྲོས་པའི་གཏམ།
  • ལེ་ཚན་རྗེས་མ།:སི་ཁྲོན་རྔ་བ་རྫོང་བོད་ཡིག་སློབ་འབྲིང་གི་ངོ་སྤྲོད་མདོར་བསྡུས།
  • དོ་སྣང་ཆེ་བའི་རྩོམ།