ཞྭ་ཕུད་ནས་མགོ་བྲད་བྲད་དང་ལྕེ་སྣར་སྣར་བྱེད་པའི་སྲོལ།

        2013-05-02

བོད་མིས་རང་ལས་རིམ་པ་མཐོ་བའམ་ཡང་ན་འཚེར་སྣང་དང་གུས་བཀུར་བྱ་དགོས་པའི་མི་དང་འཕྲད་སྐབས་ཞྭ་མོ་ཕུད་ནས་མགོ་བྲད་བྲད་དང་།ལྕེ་སྣར་སྣར་བྱེད་ཀྱི་ཡོད།གོམས་སྲོལ་དེའི་བྱུང་ལུགས་སྐོར་དམངས་ཁྲོད་ཀྱི་བཤད་སྲོལ་ལྟར་ན།བཙན་པོ་གླང་དར་མ་བདུད་ཡིན་པས་མགོ་ལ་རྭ་ཅོ་དང་།ལྕེ་ནག་པོ་བ་ལང་གི་ཤ་ཚུགས་ཅན་ཡོད་ཟེར་སྟབས།དེ་ནས་མི་རྣམས་ཀྱི་རང་ལས་རིམ་པ་མཐོ་བའམ་ཡང་ན་འཚེར་སྣང་དང་གུས་བཀུར་བྱ་དགོས་པའི་མི་དང་ཐུག་དུས།རང་ཉིད་བདུད་མིན་པའི་རྟགས་སུ་ཞྭ་ཕུད་དེ་མགོ་བསྟན་ནས་རྭ་ཅོ་མེད་པ་དང་།ལྕེ་སྣར་ནས་ནག་པོ་མིན་ཟེར་བའི་དག་འབུད་བྱེད་པའི་ངང་ཚུལ་དེ།རིམ་བཞིན་གུས་སྲོལ་ཞིག་ཏུ་གྱུར་པ་རེད།ཅེས་པའི་བཤད་སྲོལ་ཡོད།ད་ལྟ་གྲོང་ཁྱེར་དང་གྲོང་བརྡལ་སོགས་ལ་དར་སྲོལ་དེ་མེད་པ་ཆགས་ཟིན་ཀྱང་།གྲོང་གསེབ་ཁུག་ཀྱོག་ལ་མགོ་བྲད་བྲད་བྱེད་པ་དང་།ལྕེ་སྣར་སྣར་བྱེད་པའི་སྲོལ་དེ་ད་དུང་ཡོད།
  • ལེ་ཚན་སྔོན་མ།:ཕྱོགས་ལ་ཐོན་སྐབས་གཟའ་ཚེས་ལྟ་བའི་སྲོལ།
  • ལེ་ཚན་རྗེས་མ།:མནའ་སྐྱེལ།