ཕྱོགས་ལ་ཐོན་སྐབས་གཟའ་ཚེས་ལྟ་བའི་སྲོལ།

        2013-05-02

བོད་མི་ཕྱོགས་ལ་ཐོན་སྐབས་གཟའ་ཚེས་ལྟ་བའི་སྲོལ་དེ་ནི་རྩིས་གཞུང་གི་དགོངས་དོན་ནས་བྱུང་བ་ཞིག་ཡིན་པ་གཏན་འཁེལ་ནས་བཤད་ཆོག བོད་མིས་ཕྱོགས་ལ་འགྲོ་རྒྱུ་ནི་གལ་ཆེའི་དོན་ཞིག་ལ་བརྩི་ཡི་ཡོད་ལ།ཕྱིར་སྐྱོད་བྱ་རིང་བགེགས་དང་བར་ཆད་མི་ཡོང་བའི་ཐོག་བྱ་བ་ལམ་འགྲོ་ཡོང་མིན་ནི་ཕྱོགས་ལ་ཐོན་པའི་ཉིན་དེའི་གཟའ་ཚེས་ཡག་སྡུག་ལ་རག་ལས་ཀྱི་ཡོད་པར་ངོས་འཛིན་གྱི་ཡོད་སྟབས།ཕྱོགས་ལ་ཐོན་པའི་ཉིན་དེའི་གཟའ་ཚེས་ལེགས་པ་ཞིག་འདེམས་དགོས་པར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།ཚེས་པ་ཡག་པའི་ཉིན་དེར་ཐོན་མ་ཐུབ་ཚེ་དེ་ཉིན་ཀ(སྐར)གནོན་ཞེས་འགྲོ་སའི་ཁ་ཕྱོགས་དེར་དངོས་སུ་ཐོན་པ་ལྟར་ཐོན་ཚུལ་བྱས་ནས་གཏོ་བཅོས་བྱེད་སྲོལ་ཡང་ཡོད།དཔེར་ན་འགྲུལ་པ་གང་ཞིག་རེ་གཟའ་ཉི་མ་ལྟ་བུར་རང་གི་ཁྱིམ་ནང་ཕྱིར་ཐོན་ན།རྩིས་གཞུང་ནང་མི་འཚམས་ཞེས་འཁོད་པ་ལྟར།ལམ་བར་ལ་སྟབས་མི་བདེ་བའི་དཀའ་ངལ་འཕྲད་སྲིད་པར་ངོས་འཛིན་ནས་ཕྱོགས་ལ་ཐོན་རྒྱུར་འཛེམས་ཆ་བྱེད་པ་མ་ཟད།ལྷག་དོན་ཆུ་ཚུགས་འཁེལ་བའི་དུས་ལ་འགྲུལ་བཞུད་གཏན་ནས་བྱེད་སྲོལ་མེད།གལ་ཏེ་ཆུ་ཚགས་ཀྱི་དུས་ལ་འགྲུལ་བཞུད་བྱས་ན།རྟ་ཤི་སྒ་ཆག་གི་ཆག་སྒོ་ཡོང་སྲིད་པའི་བཤད་སྲོལ་ཡོད་ཀྱང་རྟགས་པ་དེ་ཙམ་མེད།འགྲུལ་པ་ཕྱོགས་ལ་ཐོན་སྐབས་བུམ་སྟོངས་དང་འཁེལ་ན།གཏོ་བཅོས་སུ་རང་གི་རྒྱབ་བུམ་སྟོངས་ལ་སློག་པ་དང་།ཞལ་གཙང་ཕྱོགས་ལ་ལྟ་བའི་སྲོལ་ཡོད།
  • ལེ་ཚན་སྔོན་མ།:ཐལ་མོ་སྦྱོར་བའི་སྲོལ།
  • ལེ་ཚན་རྗེས་མ།:ཞྭ་ཕུད་ནས་མགོ་བྲད་བྲད་དང་ལྕེ་སྣར་སྣར་བྱེད་པའི་སྲོལ།