རྒྱལ་རོང་གི་ལོ་རྒྱུས་རིག་གནས་ལ་མཐོང་ཆེན་གནང་བའི་རེ་ཞུ།

རྒྱལ་རོང་པ་བསྟན་པའི་རྒྱལ་མཚན་གྱིས།        2013-04-22

དེང་དུས་བོད་རིག་པ་ཞེས་རྒྱལ་ཕྱི་ནང་གི་ཡུལ་གྲུ་ཀུན་ཏུ་སྙན་གྲགས་ཤིན་ཏུ་ཆེ་བར་མ་ཟད་དེ་ལ་མཐོང་ཆེན་བྱེད་མཁན་ཡང་ཤིན་ཏུ་མང་པོ་འབྱུང་བཞིན་ཡོད།དེ་ནང་བཞིན་དུ་རྒྱལ་རོང་བོད་ཀྱི་རིག་གནས་འདི་ཡང་བོད་རིག་པ་ཞེས་པའི་ཁོངས་སུ་གཏོགས་པར་མ་ཟད།དེང་དུས་ཞིབ་འཇུག་གི་བྱེད་སྒོ་ཤིན་ཏུ་རྒྱ་ཆེན་པོར་གྱུར་བས་ཞང་ཞུང་རིག་གནས་དང་འབྲེལ་བ་དམ་ཟབ་ཡོད་པས་རྒྱལ་རོང་བོད་མིའི་སྐད་ཀྱི་ནང་དུ་གདངས་མ་འགྱུར་བའི་ཞང་ཞུང་གི་སྐད་དང་།སྲོལ་མ་ཉམས་པའི་ཞང་ཞུང་གི་ཡུལ་སྲོལ་གོམས་གཤིས་མང་པོ་ཞིག་ཡོད་པས་ཀྱང་མཚོན་ནུས་པར་མ་ཟད།བོད་ཀྱི་གནའ་བོའི་རྒྱལ་རབས་དེབ་ཐེར་ཁུངས་གཙང་མ་འགའ་རེའི་ནང་དུའང་རྒྱལ་རོང་ནི་གདོད་མའི་ཞང་ཞུང་གི་མི་རྒྱུད་ཅིག་ལས་བྱུང་བ་ཡིན་པ་གསལ་བོར་བསྟན་པས་ཀྱང་ར་སྤྲོད་ཐུབ།ལྷག་དོན་དུ་རྒྱལ་རོང་པའི་སྐྱེས་པ་སྐྱེས་མ་ཚོའི་ཞྭ་སོགས་གྱོན་གོས་སོགས་གང་གི་ཆ་ཡིན་ནའང་།ཞང་ཞུང་རིག་གནས་ཁྲོད་དུ་ཆེས་གལ་འགངས་ཆེན་པོ་རུ་བཟུང་ཡོད་པའི་ཁྱུང་གི་གཤོག་པ་དང་སྤུ་རིས་སོགས་དཔེར་བྱས་ཏེ་བཟོས་པ་ཞིག་ཡིན།རྫ་མ་དང་ལི་ཆས་རིགས་སོགས་ཀྱང་ཁྱུང་གཟུགས་བྱས་ཏེ་བཟོས་པ་ཤིན་ཏུ་མང་པས་ཀྱང་ཞང་ཞུང་དང་རྒྱལ་རོང་བོད་མའི་བར་ལ་འབྲེལ་བ་དམ་ཟབ་ཡོད་པར་མ་ཟད།རྒྱལ་རོང་བོད་མའི་རིག་གནས་ཀྱི་བྱུང་བའང་གདོད་མའི་ཞང་ཞུང་གི་རིག་གནས་ཤིག་ཏུ་བརྟེན་དང་རྟེན་འབྱུང་གི་ཚུལ་གྲུབ་ཡོད་པར་སྙམ།
ཡང་གཅིག་བཤད་ན་རྒྱལ་རོང་ལ་མིང་གི་འགྱུར་བའི་ཆ་ལའང་སྐབས་དོན་གྱི་རྒྱལ་རོང་དབང་བསྒྱུར་བའི་རྒྱལ་བོ་དང་དཔོན་པོ་དག་ལས་རིམ་གྱིས་འགྱུར་འགོ་ཚུགས་པ་ཞིག་ཡིན་ཡང་།ཨ་མྱེ་སྒོ་གདོང་གི་དུས་སྐབས་སུ་རྒྱལ་རོང་ལ༼ཚ་བ་རོང་༽ལྟ་བུ་ལས༼རྒྱལ་མོ་ཚ་བ་རོང་༽དང་།༼རྒྱལ་རོང་ཤོད་ཆེན་བཅོ་བརྒྱད༽ཅེས་པའི་མིང་སོགས་མ་གྲུབ་པར་སྙམ།རྗེས་སུ་མོ་བཟའ་རྒྱལ་མོས་དབང་བསྒྱུར་བ་ནས༼རྒྱལ་མོ་ཚ་བ་རོང༽དང་།ཁྱུང་འཕགས་ཁྲ་མོའི་གདུང་རྒྱུད་དུ་བུ་འབོར་གཡུང་དྲུང་ཙ་བཞི་ལས་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་གྲུབ་པ་ནས༼རྒྱལ་རོང་ཤོད་ཆེན་བཅོ་བརྒྱད༽སོགས་མིང་གི་གྲུབ་སྟངས་ཀྱི་ཆ་ལའང་སྐས་རིམ་མི་འདྲ་བ་ལས་མིང་མང་པོ་བྱུང་ཡོད།དེ་ལྟར་རྒྱལ་རོང་བ་ནི་ཆེས་གདོད་མའི་དུས་ནས་བྱུང་བའི་བོད་ཀྱི་མི་རྒྱུད་ཅིག་ཡིན་ལ།དེ་ནང་བཞིན་དུ་རྒྱལ་རོང་བོད་ཀྱི་རིག་གནས་ཀྱང་ལོ་རྒྱུས་ཆུ་རྒྱུན་རིང་མོ་ཞིག་ནས་བཞུར་འགོ་ཚུགས་པའང་ཤེས་ཐུབ།
 རྒྱལ་རོང་པ་ལ་རྒྱལ་རོང་གི་ཁྱད་ཆོས་མཚོན་པའི་མཁར་དང་མཁར་གྱི་བྱུང་བ་དང་།རྫ་ཆས་དང་།ལི་ཆས་ཀྱི་རིགས་སོགས་ཀྱི་བྱུང་བའང་རྒྱལ་རོང་ལ་བཟོ་ལས་ཐོན་ཁུངས་ཀྱི་རིག་གནས་ཀྱང་ཆེས་སྔ་མོའི་དུས་ནས་བྱུང་ཡོད་པར་འདིས་མཚོན་པ་ཞིག་རེད།འདི་ལྟར་དཀྱེལ་ཆེ་བའི་རྒྱལ་རོང་བོད་ཀྱི་རིག་གནས་ནི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་མ་ལག་འགངས་ཆེན་ཞིག་ཡིན་པར་ཤེས་ཐོག ལོ་ངོ་ཉི་ཤུའི་རིང་ལ་རང་གིས་རྒྱལ་རོང་བོད་ཀྱི་རིག་གནས་མ་ཉམས་གོང་འཕེལ་དང་།ཉམས་པ་སླར་གསོའི་དམིགས་འབེན་གཞིར་བཟུང་སྟེ་རྒྱལ་རོང་བོད་ཀྱི་རིག་གནས་མཚོན་པའི་གནའ་རྫས་མང་པོ་ཉོ་བསྡུ་བྱས་ཡོད།ད་དུང་མ་འདང་ས་དང་།མ་ཡོང་ས་ཡོད་པས་འདིའི་ཕྱོགས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ་རྒྱལ་རོང་བོད་ཀྱི་རིག་གནས་འདི་སྲུང་སྐྱོབ་ཀྱི་གྲུབ་འབྲས་གཟེངས་སུ་ཐོན་པ་ལེན་རྒྱུ་ནི་འུ་ཅག་གི་འོས་འགན་ཞིག་ཡིན། ཡིན་ནའང་ད་ཆ་འདི་ཡི་ཕྱོགས་ལ་གདེང་འཇོག་བྱེད་མཁན་དང་རྩིས་མཐོང་བྱེད་མཁན་ནི་དཀར་མཛེས་ཚགས་པར་ཁང་གི་ཚེ་བརྟན་དགྲ་འདུལ་དང་།དཀོན་མཆོག་རྡོ་རྗེ་ལྟ་བུའི་མི་ཉུང་ཤས་ལ་མེད་པས།ད་དུང་དེ་ཙམ་གྱིས་གཏིང་ཟབ་ཅིང་དཀྱེལ་ཡངས་པའི་རྒྱལ་རོང་བོད་ཀྱི་རིག་གནས་སྔོག་འདོན་དང་ཞིབ་འཇུག་གི་ཁ་བསྐང་རྒྱུ་ནི་ཆེས་དཀའ་ཁག་ཆེ་བར་ཞིག་ཏུ་སེམས་པས།འདི་ཡི་ཕྱོགས་ལ་སེམས་ཁུར་དང་དཀའ་ལས་ཀྱི་ཉག་འཕྲང་བརྒྱུད་རྒྱུ་ནི་འུ་ཅག་གི་ཕྲག་ཏུ་བབས་པའི་འགན་ཁུར་ཞིག་དང་།དང་དུ་ལེན་དགོས་པའི་ཕ་ནོར་བུ་འཛིན་གྱི་བདེན་དོན་ཞིག་ཀྱང་ཡིན་པས།དཔྱོད་ལྡན་མཁན་དབང་རྣམས་ལ་གསལ་འདེབས་ཅུང་ཞིག་ཞུ་བའོ།།
 
  • ལེ་ཚན་སྔོན་མ།:ཤར་ཕྱོགས་རྒྱལ་མོ་རོང་གི་རིག་གནས་དང་དེའི་རིན་ཐང་།
  • ལེ་ཚན་རྗེས་མ།:དམངས་ཁྲོད་ངག་རྩོམ《ཆང་བཤད》ལ་རོབ་ཙམ་དཔྱད་པ།
  • དོ་སྣང་ཆེ་བའི་རྩོམ།