ཞི་ཅིན་ཕེན་གྱིས་ཏི་པན་ནས་རྒྱ་གར་གྱི་ཙུང་ལི་ཞིན་ཀི་ལ་མཇལ་འཕྲད་གནང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-04-01

ཞི་ཅིན་ཕེན་གྱིས་ཏི་པན་ནས་རྒྱ་གར་གྱི་ཙུང་ལི་ཞིན་ཀི་ལ་མཇལ་འཕྲད་གནང་བ།
 

ས་དེའི་ཚེས27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཏི་པན་ནས་རྒྱ་གར་གྱི་ཙུང་ལི་ཞིན་ཀི་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ས་དེའི་ཚེས27ཉིན་ཏི་པན་ནས་རྒྱ་གར་གྱི་ཙུང་ལི་ཞིན་ཀི་ལ་མཇལ་འཕྲད་གནང་།

    ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་དང་རྒྱ་གར་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་ཆེན་པོ་གཉིས་ཡིན་ལ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་རྒྱལ་ཁབ་གཉིས་ཀྱི་གཅིག་མཚུངས་ཡིན་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན། འཛམ་གླིང་ཡོངས་ལ་ཀྲུང་གོ་དང་རྒྱ་གར་གཉིས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་ཁྱབ་ཁོངས་འདང་ཚིམས་པ་ཞིག་ཡོད་པ་དང་། ཀྲུང་གོ་དང་རྒྱ་གར་གཉིས་མཉམ་དུ་འཕེལ་རྒྱས་སུ་འགྲོ་རྒྱུ་ནི་འཛམ་གླིང་ཡོངས་ལའང་མཁོ་གལ་ཆེ། མིག་སྔར་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་དེ་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ཞིག་ལ་འཕྲད་ཡོད་པ་དང་ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་འཕེལ་རྒྱས་ལ་མདུན་ལྗོངས་རྒྱ་ཆེན་པོ་ཡོད་ཟེར།

    ཞི་ཅིན་ཕེན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་གཉིས་ཀྱི་འབྲེལ་བ་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད་པ་དང་ཀྲུང་གོ་དང་རྒྱ་གར་བར་གྱི་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ནུས་ཤུགས་འདོན་བཞིན་ཡོད། ཕྱོགས་གཉིས་ཀྱིས་མཐོ་རིམ་མགོ་ཁྲིད་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་རིམ་པ་སོ་སོའི་ཆབ་སྲིད་གྲོས་མོལ་བཟང་བོར་སྤེལ་ནས་འཐབ་ཇུས་དང་ཆབ་སྲིད་མཐུན་སྦྱོར་ལ་ཤུགས་སྣོན་དགོས། དམག་དཔུང་བར་གྱི་བརྗེ་རེས་དང་མཉམ་ལས་རྒྱ་བསྐྱེད་པ་དང་དམག་དོན་དང་ཕན་ཚུན་བར་གྱི་བདེ་འཇགས་ཡིད་ཆེས་གཏིང་ཟབ་ཏུ་གཏོང་དགོས། མཉམ་འབྲེལ་རྒྱལ་ཚོགས་དང་གསེར་ལྡན་རྒྱལ་ཁབ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་ཕྱོགས་མང་རྩ་འཛུགས་ཀྱི་ནང་ཁུལ་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་སྣོན་པ་དང་། ཕན་ཚུན་གྱིས་ཕྱོགས་གཉིས་ཞུགས་པའི་ཁྱབ་ཁོངས་ཀྱི་མཉམ་ལས་འཕེལ་རིམ་ལ་རྒྱབ་སྐྱོར་བྱས་ཏེ། ཨེ་ཤ་ཡའི་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་བཅས་ལ་མཉམ་དུ་ཡར་སྐུལ་གཏོང་དགོས་ཟེར།

    འབྲེལ་ཡོད་ཀྱི་མཐའ་མཚམས་གནད་དོན་ཐད་ནས་ཞི་ཅིན་ཕེན་གྱིས་བསྟན་དོན།  ཀྲུང་གོ་དང་རྒྱ་གར་གཉིས་ཀྱིས་ཕྱོགས་གཉིས་ཀྱི་རྒྱལ་མཚམས་གནད་དོན་གྱི་འཐུས་མིའི་ནང་རྐྱེན་ཁྱད་པར་བ་དེ་འཕེལ་རྒྱས་དང་བཀོལ་སྤྱོད་བཟང་བོ་བྱེད་པ་དང་སྔ་མོ་ནས་དྲང་བདེན་ལུགས་མཐུན་དང་ཕྱོགས་གཉིས་ཀྱིས་ཁས་ལེན་བྱེད་ཐུབ་པའི་ཐག་གཅོད་ཇུས་གཞི་ཞིག་འགྲུབ་པར་བརྩོན་ལེན་བྱེད་དགོས་ལ། དེ་དང་མཉམ་དུ་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་མུ་མཐུད་དུ་སྲུང་སྐྱོང་བྱས་ནས་མཐའ་མཚམས་གནད་དོན་གྱིས་ཕྱོགས་གཉིས་བར་གྱི་འཕེལ་རྒྱས་ལ་ཤན་ཤུགས་མི་ཐེབས་པར་བྱེད་དགོས་ཟེར།

    ཞིན་ཀི་ཡིས་བསྟན་དོན། རྒྱ་གར་དང་ཀྲུང་གོ་གང་ཡིན་ཡང་གནའ་བོའི་དཔལ་ཡོན་ལྡན་པའི་རྒྱལ་ཁབ་ཡིན་པར་མ་ཟད། ཚང་མར་འོད་སྟོང་ལྡན་པའི་མ་འོངས་པ་ཡོད། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་ལ་ཡིད་སྨོན་བྱེད་བཞིན་ཡོད་པ་དང་ཀྲུང་གོའི་བར་གྱི་མཛའ་མཐུན་ཁྱིམ་མཚེས་འབྲེལ་བ་འཕེལ་རྒྱས་སུ་བཏང་ནས་རྒྱལ་ཁབ་གཉིས་མཉམ་དུ་འཕེལ་རྒྱས་སུ་གཏོང་རྒྱུ་ནི་རྒྱ་གར་ཕྱི་འབྲེལ་གྱི་ཐོག་མའི་གདམ་གསེས་ཡིན་ཟེར།

    ཞིན་ཀི་ཡིས་བསྟན་དོན། རྒྱ་གར་གྱིས་བོད་རང་སྐྱོང་ལྗོངས་ནི་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཡིན་པ་ཁས་ལེན་བཞིན་ཡོད་པ་དང་བོད་མི་སུ་ཡིན་ཡང་རྒྱ་གར་ནས་ཀྲུང་གོའི་ཆབ་སྲིད་ལ་ངོ་རྒོལ་བྱེད་པའི་བྱ་འགུལ་གཏན་ནས་སྤེལ་མི་ཆོག་ཟེར། །

  • ལེ་ཚན་སྔོན་མ།:ཀྲུང་གོ་གསེར་གཏེར་སྡེ་ཚོགས་རྒྱ་མ་གསེར་གཏེར་ས་ཁུལ་གྱི་རི་ཞིག་ཉིལ་ཏེ་མི་གྱ་གསུམ་རིའི་འོག་ཏུ་མནན་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་ཝུ་ཀན་ཏ་ཡི་ཙུང་ཐུང་མུའུ་སེ་ཝེ་ཉི་དང་མོ་ཙམ་པི་ཁིའི་ཙུང་ཐུང་ཀི་པུའུ་ཀྲ། ཨེ་ཙེ་ཨོ་ཕི་ཡའ
  • དོ་སྣང་ཆེ་བའི་རྩོམ།