སི་ཁྲོན་གྱི་འཐུས་མིས་སི་ཁྲོན་བོད་ཁུལ་གྱི་སློབ་སྔོན་སློབ་གསོ་དང་མཐོ་འབྲིང་སློབ་གསོ་ལ་རིན་སྟེར་མི་དགོས་པར་བྱེད་པའི་གྲོསགཞི་་བཏོན་པ།

    སི་ཁྲོན་གསར་འགྱུར་དྲ་བ།    2013-03-19

 ཉེ་བའི་ལོ་འགའི་རིང་ལ་སི་ཁྲོན་བོད་ཁུལ་གྱི་སློབ་གསོའི་ཆ་རྐྱེན་དང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བཞིན་ཡོད་མོད། འོན་ཀྱང་དཔལ་འབྱོར་འཕེལ་རྒྱས་ཆེ་བའི་ས་ཁུལ་དང་བསྡུར་ན་ད་དུང་བར་ཁྱད་ཡོད་ལ། སི་ཁྲོན་གྱི་མི་དམངས་འཐུས་མི་ཚོགས་པའི་འཐུས་མིས་སི་ཁྲོན་བོད་ཁུལ་གྱི་སློབ་སྔོན་སློབ་གསོ་དང་མཐོ་འབྲིང་སློབ་གསོར་རིན་གང་ཡང་མི་དགོས་པར་བྱེད་པ་མ་ཟད།“འགན་བབ་སློབ་གསོའི་དུས་སྐབས་སུ་གྲོང་གསེབ་ཀྱི་སློབ་གྲྭའི་སློབ་མའི་འཚོ་བཅུད་ཇེ་ལེགས་སུ་གཏོང་པའི་འཆར་གཞི”རུ་བཞག་ནས། སི་ཁྲོན་བོད་ཁུལ་གྱི་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་པའི་གྲོས་གཞི་བཏོན་པ་རེད།

འཐུས་མིའི་འདོད་ཚུལ་ལྟར་ན། རྒྱལ་ཁབ་ཀྱིས་སྔོན་ཆད་ནས་བཟུང་བོད་ཁུལ་གྱི་སློབ་གསོའི་འཕེལ་རྒྱས་ལ་གཙིགས་མཐོང་ཆེན་པོ་གནང་ཞིང་། གཞི་རྩའི་ཆ་ནས་ས་གནས་ཁྱབ་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་བའི་དགོས་མཁོར་འཚམ་པ་དང་། མི་རིགས་དང་དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་མི་རིགས་ས་ཁུལ་གྱི་སློབ་གསོའི་མ་ལག་བཙུགས་ཡོད་པ་རེད། ཡིན་ནའང་རང་བྱུང་དང་ལོ་རྒྱུས། རིག་གནས་སོགས་རྒྱུ་རྐྱེན་ཁག་གིས་ཤུགས་རྐྱེན་ཐེབས་པར་བརྟེན་ནས། སི་ཁྲོན་བོད་ཁུལ་གྱི་སྤྱིའི་སློབ་གསོའི་ཆུ་ཚད་མི་མཐོ་བ་དང་། ལྷག་པར་དུ་སློབ་སྔོན་སློབ་གསོ་དང་མཐོ་འབྲིང་གི་སློབ་གསོའི་འགོ་རྩོམ་པའི་ཆུ་ཚད་དམའ་ཞིང་རྨང་གཞི་ཞན་པ་དང་། འཕེལ་རྒྱས་རྗེས་ལུས་ཡིན་ཚད་ཅུང་ཚབས་ཆེ་བས། ས་གནས་ཀྱི་སློབ་མས་སློབ་སྦྱོང་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་དགོས་མཁོ་སྐོང་མི་ཐུབ་ལ་དེ་ནི་མཆོང་སྐྱོད་རང་བཞིན་གྱི་འཕེལ་རྒྱས་ལ་ཚད་བཀག་བྱེད་པའི་འགག་རྩ་ལྟ་བུར་གྱུར་ཡོད་པ་རེད།

འཐུས་མི་རྣམས་ཀྱིས་ཁྱོན་ཡོངས་ནས་འགན་བབ་སློབ་གསོ་ཁྱབ་གདལ་བཏང་བའི་གྲུབ་འབྲས་ཇེ་བཟང་ཇེ་བརྟན་དུ་གཏོང་པའི་དུས་མཚུངས་སུ། སློབ་སྔོན་སློབ་གསོ་དང་མཐོ་འབྲིང་གི་སློབ་གསོ་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། སློབ་གསོའི་འགྲོས་ཚད་མགྱོགས་ཤིང་འཕེལ་རྒྱས་དོ་མཉམ་ཡིན་པ་དང་། ཕན་ཚུན་མཐུན་སྦྱོར་ཡོང་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པར་བསྟན་ལ། དེ་ལྟར་བྱས་ཚེ་བོད་ཁུལ་གྱི་མི་རྣམས་ཀྱི་བྱང་ཚད་ཇེ་མཐོར་གཏོང་པ་དང་བོད་ཁུལ་གྱི་མཆོང་སྐྱོད་རང་བཞིན་གྱི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཐད་ལ་དོན་སྙིང་གལ་ཆེན་ཡོད་པར་བསྟན།

སློབ་སྔོན་སློབ་གསོ་དང་མཐོ་འབྲིང་གི་སློབ་གསོར་རིན་གང་ཡང་མི་དགོས་པ།

མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་དཀར་མཛེས་ཁུལ་གྱི་ཁུལ་དཔོན་ཡེ་ཤེས་ཟླ་བས་གྲོས་འདོན་གནང་རྒྱུར། སི་ཁྲོན་དཀར་མཛེས་བོད་ཁུལ་དུ་སློབ་སྔོན་སློབ་གསོ་དང་མཐོ་འབྲིང་སློབ་གསོའི་དུས་སྐབས་སུ་རིན་གང་ཡང་སྟེར་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱས་ཏེ། སི་ཁྲོན་དཀར་མཛེས་བོད་ཁུལ་གྱི་བྱིས་པ་ཆུང་ཆུང་བྱིས་གཉོར་ཁང་ལ་ཞུགས་པ་དང་དམའ་འབྲིང་མཐར་ཕྱིན་སློབ་མ་སློབ་གྲྭ་འགྲིམ་པའི་བྱ་བ་ལེགས་པར་བསྒྲུབ་དགོས་པར་བསྟན།

ཡེ་ཤེས་ཟླ་བས་རྒྱལ་ཁབ་ཀྱིས་སི་ཁྲོན་དཀར་མཛེས་བོད་ཁུལ་དུ་སློབ་སྔོན་སློབ་གསོ་དང་མཐོ་འབྲིང་དུས་སྐབས་ཀྱི་སློབ་གསོར་རིན་གང་ཡང་མི་དགོས་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུའི་གྲོས་བཏོན་ཞིང་། སློབ་སྔོན་སློབ་གསོའི་སྐབས་སུ་སློབ་མ་རེ་ལ་ལོ་རེར་སྒོར༡༠༠༠གི་ཚད་གཞི་ལྟར་བདག་གཉེར་དང་སློབ་གསོའི་འགྲོ་སོང་ལ་གསབ་དངུལ་སྟེར་བ་དང་། སློབ་མ་རེ་ལ་ལོ་རེར་སྒོར༡༤༥༠ལྟར་ཉིན་གུང་གི་ཟ་མའི་རིན་ལ་གསབ་དངུལ་སྟེར་ནས། སློབ་སྔོན་སློབ་གསོའི་ཁྲིད་དེབ་ཁག་རྒྱལ་ཁབ་ཀྱིས་རིན་མི་དགོས་པར་མཁོ་སྤྲོད་བྱེད་པའི་དཔེ་ཆའི་གྲས་སུ་བཞག་ནས་རིན་མི་དགོས་པར་སྟེར་བ་དང་། སློབ་ཆུང་གི་ཚད་གཞི་ལྟར་སློབ་སྔོན་སློབ་གསོའི་གཞུང་གི་འགྲོ་སོང་ལ་ཚད་ལེན་གཏན་འཁེལ་བྱས་ཏེ། བྱིས་གཉོར་ཁང་བདེ་བླག་ངང་འཁོར་སྐྱོད་བྱེད་ཐུབ་པར་ཁག་ཐེག་བྱ་དགོས་པ་རེད།

མཐོ་འབྲིང་གི་དུས་རིམ་ཐད་ནས། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དུ་ཐོག་དང་པོར་མཐོ་འབྲིང་སློབ་གསོའི་དུས་སྐབས་སུ་སློབ་གྲྭར་སྡོད་པའི་སློབ་མར་སློབ་ཡོན་དང་དཔེ་དེབ་ཀྱི་རིན་མི་དགོས་པ་དང་། སློབ་གྲྭར་ཞག་སྡོད་བྱེད་པའི་སློབ་མར་འཚོ་བའི་གསབ་དངུལ་སྟེར་བའི་བྱ་བ་ཚོད་ལྟ་བྱས་ནས། སློབ་གྲྭར་ཡོད་པའི་མཐོ་འབྲིང་དཀྱུས་མའི་སློབ་མ་རེར་སློབ་ལོ་རེ་ལ་སློབ་ཡོན་སྟེར་མི་དགོས་པར་བྱེད་པའི་གསབ་དངུལ་སྒོར༡༦༠༠སྟེར་བ་དང་། སློབ་དེབ་ཀྱི་རིན་སྒོར༥༢༠སྟེར་བ། ཞག་སྡོད་བྱེད་པའི་སློབ་མ་རེར་འཚོ་བའི་འགྲོ་སོང་སྒོར༡༤༥༠སྟེར་རྒྱུ་དེ་རེད།

“འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་འཆར་གཞི”རུ་འཇོག་པ།

མི་དམངས་འཐུས་མི་ཚོགས་པའི་འཐུས་མི་དང་རྔ་བ་ཁུལ་གྱི་ཁུལ་དཔོན་ཝུའུ་ཙི་ཀང་གིས་གྲོས་འདོན་གནང་རྒྱུར། གཅིག་ནས་འགན་བབ་སློབ་གསོའི་སྲིད་ཇུས་ལྟར་སི་ཁྲོན་བོད་ཁུལ་གྱི་བྱིས་གཉོར་ཁང་ལ“རིན་མི་དགོས་པ་གཅིག་དང་ཁ་གསབ་གཅིག”ཅེས་པ་ལག་བསྟར་བྱ་རྒྱུ་སྟེ། བྱིས་པ་བྱིས་གཉོར་ཁང་དུ་ཞུགས་པའི་འགྲོ་སོང་ཚང་མ་མི་དགོས་པར་བྱེད་པ་མ་ཟད་འཚོ་བའི་གསབ་དངུལ་མྱོང་ཐུབ་པ་དེ་རེད། མཐོ་འབྲིང་གི་སློབ་མར“རིན་མི་དགོས་པ་གཉིས་དང་ཁ་གསབ་གཅིག”ཅེས་པ་ལག་བསྟར་བྱེད་པ་སྟེ། སློབ་ཡོན་སྟེར་མི་དགོས་པ་དང་སློབ་དེབ་ལ་རིན་སྟེར་མི་དགོས་པར་མཁོ་སྤྲོད་བྱེད་པ། ཞག་སྡོད་སློབ་མར་འཚོ་བའི་གསབ་དངུལ་སྟེར་བ་དེ་རེད། བྱིས་གཉོར་ཁང་དང་མཐོ་འབྲིང་དུ་ཡོད་པའི་སློབ་མར་འཚོ་བའི་གསབ་དངུལ་སྟེར་བའི་ཚད་གཞི་བོད་ཁུལ་གྱི་འགན་བབ་སློབ་གསོའི་དུས་སྐབས་སུ་སློབ་མར་གསབ་དངུལ་སྟེར་བའི་ཚད་གཞི་ལྟར་ལག་བསྟར་བྱེད་པ་དེ་རེད།

གཉིས་ནས་བྱིས་གཉོར་ཁང་དང་མཐོ་འབྲིང་གི་སློབ་མ“འགན་བབ་སློབ་གསོའི་དུས་སྐབས་སུ་གྲོང་གསེབ་ཀྱི་སློབ་གྲྭའི་སློབ་མའི་འཚོ་བཅུད་ཇེ་ལེགས་སུ་གཏོང་པའི་འཆར་གཞིའི”ཁྱབ་ཁོངས་སུ་བཞག་ནས། དེ་དང་གཅིག་མཚུངས་ཡིན་པའི་སྲིད་ཇུས་མྱོང་དུ་འཇུག་པ་དེ་རེད། །

  • ལེ་ཚན་སྔོན་མ།:གདུགས་དཀར་ཡག་གི་ཆེད་བསྒྲིགས་ཐོག་མའི་གསར་འགྱུར་ཁྱབ་སྤེལ་འགྲེམ་ཚོགས།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུའི་སྐོར་གྱི་གྲོས་ཆོད།
  • དོ་སྣང་ཆེ་བའི་རྩོམ།