རེས་སྐོར་གསར་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་བྱེད་འགོ་ཚུགས་པ།

    བོད་ལྗོངས་གསར་འགྱུར་དྲ་བ།    2013-03-13

སྤྱི་ཟླ3པའི་ཚེས10ཉིན་ཁྱབ་བསྒྲགས་བྱས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་དང་འགན་ནུས་འགྱུར་བའི་ཇུས་གཞིའི་ཐོག་ནས་རེས་སྐོར་གསར་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་བྱེད་འགོ་ཚུགས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན25བར་ཉུང་དུ་གཏོང་རྒྱུ་རེད།

ད་ཐེངས་ཀྱི་སྒྱུར་བཅོས་ཐད་ཕྱོགས་ཁག་གི་མཐུན་རྐྱེན་གང་ལེགས་སྤྱད་དེ་བློ་བརྟན་འགྱུར་མེད་ངང་གཙོ་གནད་ཁྱབ་ཁོངས་ཀྱི་སྒྲིག་གཞི་ལེགས་སྒྲིག་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུ་དང་དུས་མཚུངས་མིག་སྔར་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཐད་འཕྲད་པའི་རྙོག་འཛིང་ཆེ་བའི་དུས་བབ་དང་ཉེན་ཁའི་འགྲན་སློང་སྣ་ཚོགས་ལ་བསམ་གཞིག་གང་ལེགས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྤྱིའི་ཆ་ནས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ་རེད། དུས་ཡུན་རིང་པོ་གནས་པ་དང་སྤྱི་ཚོགས་ཐོག་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་འགའ་རེ་འགན་ནུས་ལེགས་སྒྲིག་བྱས་ནས་ཐག་གཅོད་བྱེད་པའམ་ཡང་ན་དུས་བསྟུན་ངང་དགོས་ངེས་ཀྱི་སྒྲིག་གཞི་ལེགས་སྒྲིག་བྱས་ནས་ཐག་གཅོད་བྱ་རྒྱུ་རེད།

སྒྱུར་བཅོས་ཀྱི་གཙོ་གནད་ནི་འགན་ནུས་ལ་འགྱུར་ལྡོག་གཏོང་རྒྱུ་དང་འགན་འཁྲི་ཁ་གསལ་བཟོ་བའི་འབྲེལ་བར་དམ་པོར་དམིགས་ནས་པུའུ་ཆེན་པོའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་།ལྕ གས་ལམ་སྡེ་ཚན་གྱི་ཏང་སྲིད་དང་ཁེ་ལས་ལོགས་སུ་དབྱེ་བ། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་དང་།བཟའ་བཅའ་དང་སྨན་རྫས། གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན། རྒྱ་མཚོ། ནུས་རྒྱུ་དོ་དམ་བཅས་ཀྱི་སྒྲིག་གཞི་བསྡུ་སྒྲིལ་དང་དེར་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞིང་། དེའི་ཞིབ་ཕྲའི་ནང་དོན་གཤམ་གསལ།

——ལྕགས་ལམ་སྡེ་ཚན་གྱི་ཏང་སྲིད་དང་ཁེ་ལས་ལོགས་སུ་དབྱེ་རྒྱུ་ཡིན་ཞིང་། ལྕགས་ལམ་བྱ་གཞག་འཕེལ་རྒྱས་ཀྱི་འཆར་འགོད་དང་སྲིད་ཇུས་བཟོ་བའི་ལྕགས་ལམ་པུའི་སྲིད་འཛིན་འགན་འཁྲི་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ཁོངས་སུ་འཇོག་རྒྱུ་དང་། རྒྱལ་ཁབ་ལྕགས་ལམ་ཅུས་བཙུགས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་པུས་དེར་དོ་དམ་བྱ་རྒྱུ་དང་ལྕགས་ལམ་པུའི་སྲིད་འཛིན་གྱི་འགན་འཁྲི་གཞན་དག་འཁུར་རྒྱུ། ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་་ཀུང་སི་བཙུགས་ནས་ལྕགས་ལམ་པུའི་ཁེ་ལས་ཀྱི་འགན་འཁྲི་འཁུར་རྒྱུ་དང་ལྕགས་ལམ་པུའུ་སོར་འཇོག་བྱ་རྒྱུ་མིན་པ་རེད།

——རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ།རྒྱལ་ཁབ་མི་འབོར་དང་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་གི་མི་འབོར་འཕེལ་རྒྱས་འཐབ་ཇུས་དང་། འཆར་འགོད། དེ་བཞིན་མི་འབོར་སྲིད་ཇུས་བཅས་ཞིབ་འཇུག་དང་བཟོ་བའི་འགན་འཁྲི་རྒྱལ་ཁབ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་འཁུར་རྒྱུ་དང་། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྲུང་ལུགས་སྨན་རྫས་དོ་དམ་ཅུས་ལ་དོ་དམ་བྱ་རྒྱུ། འཕྲོད་བསྟེན་པུའུ་དང་། རྒྱལ་ཁབ་མི་འབོར་དང་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་ད་ནས་བཟུང་མེད་པར་བཟོ་རྒྱུ།

——རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་འཛུགས་རྒྱུ།རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའི་བདེ་འཇགས་དོ་དམ་ཨུ་ཡོན་ལྷན་ཁང་སོར་འཇོག་བྱ་རྒྱུ་དང་། ཞིབ་ཕྲའི་ལས་དོན་རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱིས་འགན་འཁུར་རྒྱུ་དང་། རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་དང་ཟུར་དུ་བཙུགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གཞུང་དོན་ཁང་ད་ནས་བཟུང་མེད་པར་བཟོ་རྒྱུ།

——རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་འཛུགས་རྒྱུ། རྒྱལ་ཁབ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་དང་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཧྲུའུ་ད་ནས་བཟུང་མེད་པར་བཟོ་རྒྱུ།

——རྒྱལ་ཁབ་རྒྱ་མཚོ་ཅུས་གསར་དུ་འཛུགས་རྒྱུ། རྒྱལ་ཁབ་རྒྱ་མཚོ་ཅུས་ཀྱིས་ཀྲུང་གོ་མཚོ་ཐོག་ཉེན་རྟོག་ཅུས་ཀྱི་མིང་ཐོག་ནས་མཚོ་ཐོག་དབང་སྲུང་ཁྲིམས་འཛིན་ལས་དོན་སྤེལ་རྒྱུ་དང་སྤྱི་བདེ་པུའི་ལས་སྒོའི་མཛུབ་ཁྲིད་དང་ལེན་བྱ་རྒྱུ་དང་། གཞུང་དོན་གྲོས་བསྡུར་གྱི་རིམ་པ་མཐོ་བའི་སྒྲིག་གཞིའི་རྒྱལ་ཁབ་རྒྱ་མཚོ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་དང་། རྒྱལ་ཁབ་རྒྱ་མཚོ་ཅུས་ཀྱིས་རྒྱལ་ཁབ་རྒྱ་མཚོ་ཨུ་ཡོན་ལྷན་ཁང་གི་ཞིབ་ཕྲའི་ལས་དོན་ལ་འགན་འཁུར་རྒྱུ།

——རྒྱལ་ཁབ་ནུས་རྒྱུ་ཅུས་གསར་དུ་འཛུགས་རྒྱུ།ད་ཆའི་རྒྱལ་ཁབ་ནུས་རྒྱུ་ཅུས་དང་རྒྱལ་ཁབ་གློག་ཤུགས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་འཁྲི་བསྡུ་སྒྲིལ་བཏང་སྟེ་རྒྱལ་ཁབ་ནུས་རྒྱུ་ཅུས་གསར་དུ་འཛུགས་རྒྱུ་དང་རྒྱལ་ཁབ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་དོ་དམ་བྱ་རྒྱུ་དང་། རྒྱལ་ཁབ་གློག་ཤུགས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ད་ནས་བཟུང་མེད་པར་བཟོ་རྒྱུ།

ད་ཐེངས་ཀྱི་སྒྱུར་བཅོས་ལས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་རིམ་པ་མཐོ་བའི་སྒྲིག་གཞི4ཉུང་དུ་ཕྱིན་པའི་ནང་གྲུབ་ཆའི་སྡེ་ཚན2ཉུང་དུ་ཕྱིན་པ་དང་། པུའུ་རིམ་པ་དམའ་བའི་སྒྲིག་གཞི་ཉུང་འཕྲིའི་གྲངས་འབོར་འགྱུར་བ་བྱུང་མེད། སྒྱུར་བཅོས་བྱས་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་ཕུད་རྒྱལ་སྲིད་སྤྱི་ཁྱབ་ཁང་དུ་གྲུབ་ཆའི་སྡེ་ཚན25འཛུགས་རྒྱུ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་སྒྲིག་གཞི་སྒྱུར་བཅོས་དང་འགན་ནུས་བསྒྱུར་བའི་ཇུས་གཞིར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྒྱུར་བཅོས་བྱས་འབྲས་ལག་ལེན་བསྟར་རྒྱུའི་བཀོད་སྒྲིག་བྱས་ཏེ་ལས་ཀའི་ལམ་སྲོལ་དང་། ཆ་སྒྲིག་བྱེད་ཐབས། དུས་ཚོད་རེའུ་མིག་བཅས་བཟོས་ནས་རིམ་པ་བཞིན་དོན་འཁྱོལ་ལེགས་པོ་ཐུབ་པ་བྱ་རྒྱུ་རེད། གསར་དུ་བཙུགས་པའི་སྡེ་ཚན་གྱི“གཏན་འཁེལ་གསུམ”གྱི་ལས་ཀར་དམ་འཛིན་བྱས་ཏེ་སྡེ་ཚན་ནང་ཁུལ་དུ་འཛུགས་རྒྱུའི་སྒྲིག་གཞི་ཕྱོགས་བསྡུས་ཐོག་འཛུགས་རྒྱུ་དང་། མི་སྣའི་སྒྲིག་ཁོངས་དང་འགོ་ཁྲིད་ཀྱི་གོ་གནས་གྲངས་ཚད་ཚོད་འཛིན་ནན་པོ་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྒྲིག་གཞི་སྒྱུར་བཅོས་ཐེངས་དྲུག་བྱས་པ་རེད།  །

  • ལེ་ཚན་སྔོན་མ།:《དོན་གྲུབ་བརྩམས་ཆོས་ཕྱོགས་བསྒྲིགས》ཀྱི་དཔེ་སྐྲུན་ནམ་རིག་གཞུང་བགྲོ་གླེང་གྲོས་ཚོགས་བསྡུས་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་དཔེ་སྐྲུན་ལས་གཞིར་སྒོར་ཁྲི1700ལྷག་གི་རོགས་དངུལ་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།