《དོན་གྲུབ་བརྩམས་ཆོས་ཕྱོགས་བསྒྲིགས》ཀྱི་དཔེ་སྐྲུན་ནམ་རིག་གཞུང་བགྲོ་གླེང་གྲོས་ཚོགས་བསྡུས་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-03-13

《དོན་གྲུབ་བརྩམས་ཆོས་ཕྱོགས་བསྒྲིགས》ཀྱི་དཔེ་སྐྲུན་ནམ་རིག་གཞུང་བགྲོ་གླེང་གྲོས་ཚོགས་བསྡུས་པ།
《དོན་གྲུབ་བརྩམས་ཆོས་ཕྱོགས་བསྒྲིགས》ཞེས་པ་དཔེ་སྐྲུན་ནམ་རིག་གཞུང་བགྲོ་གླེང་གྲོས་ཚོགས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བསྡུས་པ།

  ཟླ3པའི་ཚེས10ཉིན་གྱི་ཕྱི་དྲོར། བོད་རིག་པའི་ཆེད་མཁས་གྲགས་ཅན་དོན་གྲུབ་དབང་འབུམ་ལགས་ཀྱིས་བརྩམས་པའི《དོན་གྲུབ་བརྩམས་ཆོས་ཕྱོགས་བསྒྲིགས》ཞེས་པ་དཔེ་སྐྲུན་ནམ་རིག་གཞུང་བགྲོ་གླེང་གྲོས་ཚོགས་དེ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བསྡུས་པ་རེད། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཧྲུའུ་ཅི་པའེ་ཀིན་ཧྲིན་ལགས་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གླིང་གི་ཞིབ་འཇུག་པ་ཁྲིན་ཆིན་དབྱིན་ལགས་སོགས་རང་རྒྱལ་གྱི་བོད་རིག་པ་དང་རྩོམ་རིག  མི་རིགས་རིག་པ་སོགས་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཆེད་མཁས་གྲགས་ཅན་རྣམས་ཚོགས་ཐོག་ཏུ་ཞུགས་ཤིང་། ཁོང་ཚོས《དོན་གྲུབ་བརྩམས་ཆོས་ཕྱོགས་བསྒྲིགས》ཀྱི་རིག་གཞུང་རིན་ཐང་གལ་ཆེན་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་བཅས་སུ་ཁས་ལེན་གནང་བར་མ་ཟད། རྩད་སྡུར་རྒྱ་ཆེན་པོ་བྱས་པ་རེད།
  《དོན་གྲུབ་བརྩམས་ཆོས་ཕྱོགས་བསྒྲིགས》ལ་ཁྱོན་བསྡོམས་པོད་དྲུག་དང་དེབ་བརྒྱད། ཡིག་གྲངས་ས་ཡ4ལྷག་ཡོད་པ་རེད། དེའི་ཁྲོད་པོད་གསུམ་སྟེ་དེབ5ནི་བོད་རིག་པ་དང་མི་རིགས་རིག་གནས་སྐོར་གྱི་ཆེད་རྩོམ་དང་དཔྱད་རྩོམ། བཅར་འདྲི་རྩོམ་ཡིག་སོགས་ཡིན་ཞིང་། དེས་བོད་རིག་པ་དང་མི་རིགས་རིག་གནས་ཞིབ་འཇུག་བྱེད་པར་མཛུབ་སྟོན་གྱི་ནུས་པ་གལ་ཆེན་ཞིག་བཏོན་དང་འདོན་བཞིན་མཆིས། དེ་ལས་གཞན་པའི་པོད་གསུམ་ནི་རང་རྒྱལ་གྱི་དེང་རབས་རྩོམ་རིག་གསར་རྩོམ་གྱི་དཔྱད་འབྲས་གལ་ཆེན་ཞིག་ཡིན་ལ། དེས་དེང་རབས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་གསར་རྩོམ་དང་། བྱེ་བྲག་ཏུ་བོད་ཀྱི་རྩོམ་རིག་གསར་རྩོམ་ལ་ནུས་པ་གལ་ཆེན་ཞིག་འདོན་སྤེལ་བྱས་པ་རེད།
  《དོན་གྲུབ་བརྩམས་ཆོས་ཕྱོགས་བསྒྲིགས》ཞེས་པའི་ནང་དགེ་རྒན་ཆེན་མོ་དོན་གྲུབ་དབང་འབུམ་ལགས་ཀྱི་བོད་རིག་པ་དང་རྩོམ་རིག  མི་རིགས་རིག་གནས་བཅས་ཀྱི་ཁྱབ་ཁོངས་ཀྱི་ཞིབ་འཇུག་དང་གསར་རྩོམ་བརྩམས་ཆོས་ལེགས་སྒྲིག་དང་བསྡུ་ཉར་བྱས་འདུག་པ་སྟེ། པོད་དང་པོའི་ནང《བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ལོ་རྒྱུས》ཞེས་པའི་སྟོད་ཆ་དང་སྨད་ཆ་འདུས་པ་དང་། པོད་གཉིས་པའི་ནང《བོད་ཀྱི་རིག་གནས་ལ་དཔྱད་པ》ཞེས་པའི་སྟོད་ཆ་དང་སྨད་ཆ། 《བོད་ཀྱི་རིག་གནས་རྣམ་བཤད》། 《ནང་བསྟན་དང་བོད་ཀྱི་རྩོམ་རིག》སོགས་འདུས།   པོད་གསུམ་པའི་ནང《མི་རིགས་རིག་གནས་ལ་དཔྱད་པ》ཞེས་པ་འདུས། པོད་བཞི་པ་ནི་གཙོ་བོ་བརྩམས་སྒྲུང་དང་གློག་བརྙན་རྩོམ་རིག་ཁག་ཡིན། པོད་ལྔ་པ་ནི་སྙན་ངག་དང་ཚིག་ལྷུག་རྩོམ་ཡིག་ཡིན། པོད་དྲུག་པ་ནི་འབོལ་རྩོམ་གྱི་ཁག་བཅས་ཡིན་པ་རེད།
  ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་ཚེ་རིང་ཐར་ལགས་ཀྱིས་དགེ་རྒན་ཆེན་མོ་དོན་གྲུབ་དབང་འབུམ་ལགས་ཀྱི་བོད་རིག་པའི་ཞིབ་འཇུག་ཐད་ཀྱི་འབུར་དུ་ཐོན་པའི་ཁྱད་ཆོས་གསུམ་བཏོན་པ་སྟེ། གཅིག་ནས་རིག་གནས་ཞིབ་འཇུག་བྱེད་པར་ཐུན་མིན་གྱི་ངོས་ཐད་ཅིག་འདུག་ཅིང་། ཁོང་ནི་རིག་གནས་མིའི་རིགས་རིག་པའི་དཔྱད་ཐབས་སྤྱད་ནས་བོད་ཀྱི་རིག་གནས་དང་ཆོས་ལུགས་ལ་ཞིབ་འཇུག་བྱེད་པའི་མཁས་པ་ཞིག་ཡིན་པ་དང་། གཉིས་ནས་སྣང་སྲིད་ལྷའི་རྣམ་རོལ་དུ་བཤད་པ་དེ་རྟོག་དཔྱོད་བྱ་ཡུལ་དུ་བཟུང་ནས་དེའི་སྤྱི་ཚོགས་དང་ཆོས་ལུགས་ཀྱི་ཕན་ནུས་ལ་ཡང་དག་པར་བརྡར་ཤ་བཅད་པ། གསུམ་ནས་བོད་ཀྱི་སྲོལ་ལུགས་ལ་ཐུན་མོང་མ་ཡིན་པའི་ཞིབ་འཇུག་བྱས་ནས་སྤྱིའི་རིག་གཞུང་གི་སྒྲིག་གཞི་ཚགས་དམ་པ་ཞིག་གྲུབ་འདུག་པར་མ་ཟད། བྱེ་བྲག་གི་ཞིབ་འཇུག་ཀྱང་ཧ་ཅང་ཞིབ་ཕྲ་ཞིག་འདུག་ཅེས་བརྗོད་པ་རེད།

  • ལེ་ཚན་སྔོན་མ།:སྐལ་བཟང་ཚེ་བརྟན་གྱི་ཆེད་དཔེ་ལ་སྐབས་དང་པོའི་རིག་གཞུང་གཞུང་ལུགས་བྱ་དགའ་ཐོབ།
  • ལེ་ཚན་རྗེས་མ།:རེས་སྐོར་གསར་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་བྱེད་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།