མཚོ་སྔོན་མི་རིགས་སློབ་ཆེན་དུ་དམའ་མཐོ་འབྲིང་གི་བོད་ཡིག་དགེ་རྒན་གྱི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

        2013-03-12


 མཚོ་སྔོན་མི་རིགས་སློབ་ཆེན་དུ་དམའ་མཐོ་འབྲིང་གི་བོད་ཡིག་དགེ་རྒན་གྱི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

གསོ་སྦྱོང་འཛིན་གྲྭའི་འགོ་རྩོམ་མཛད་སྒོ་སྡུད་བཞིན་པའི་ཡུལ་དངོས།

  ཞིང་ཆེན་ཡོངས་ཀྱི་ཁུལ་སོ་སོའི་སློབ་འབྲིང་གི་བོད་ཡིག་དགེ་རྒན་གྱི་ལས་རིགས་བྱང་ཚད་དང་ཆེད་ལས་ཆུ་ཚད། སློབ་ཁྲིད་ཀྱི་ནུས་རྩལ་སོགས་མཐོ་རུ་འདེགས་པའི་ཆེད་དུ། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་མཚོ་སྔོན་ཞིང་ཆེན་སྐད་གཉིས་དགེ་རྒན་གསོ་སྦྱོང་རྟེན་གཞི་ལ་མངག་བཅོལ་བྱས་པ་ལྟར་ཉིན་ཉི་ཤུ་སྟེ2013ལོའི་ཟླ1པོའི་ཚེས12ཉིན་ནས་ཟླ2པའི་ཚེས2བར་དུ་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་ཞིབ་འཇུག་གླིང་དུ་ཞིང་ཆེན་ཡོངས་ཀྱི་དམའ་མཐོ་འབྲིང་གི་བོད་ཡིག་རྐང་འཛིན་དགེ་རྒན་གྱི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་རེད།
  ཐེངས་འདིའི་འཛིན་གྲྭར་དམའ་འབྲིང་འཛིན་གྲྭ་དང་མཐོ་འབྲིང་འཛིན་གྲྭ་བཅས་གཉིས་སུ་བཀར་ནས་ཁྱོན་བསྡོམས་མི150ལ་གསོ་སྦྱོང་བྱས། གཙོ་སྒྲུབ་ལས་ཁུངས་ཀྱིས་ཀྲུང་དབྱང་མི་རིགས་སློབ་ཆེན་སོགས་མི་རིགས་སློབ་ཆེན3ནས་ཆེད་མཁས6དང་གཞི་རིམ་གྱི་ཕུལ་དུ་བྱུང་བའི་སློབ་འབྲིང་དགེ་རྒན1གདན་འདྲེན་བྱས་ཐོག  མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ6དང་མཉམ་དུ་སློབ་ཁྲིད་བྱས་པ་རེད།
  ཐེངས་འདིའི་གསོ་སྦྱོང་ནི་རྒྱུན་ལྡན་རིང་བཞིན་གྱི་སློབ་ཁྲིད་དང་རིག་གཞུང་འཆད་ཁྲིད། སློབ་མཇུག་སྒྲིལ་བའི་རྒྱུགས་གཞི། དགེ་སློབ་ཕན་ཚུན་དྲི་བ་དྲིས་ལན་འདེབས་པ། ཚན་ཆུང་བཀར་ནས་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་རྒྱུགས་གཞིའི་ཡིག་མཛོད་འཛུགས་སྐྲུན་བྱེད་པ། བཞུགས་མོལ་ཚོགས་འདུ་སོགས་རྣམ་པ་མང་པོ་བརྒྱུད་ནས་སྤེལ་ཞིང་། ཁག་སོ་སོའོ་འགན་འཁུར་ཡོངས་ལེགས་འགྲུབ་བྱུང་བ་རེད།
  ཐེངས་འདིའི་གསོ་སྦྱོང་ལ་སློབ་མ་རྣམས་ཀྱི་ཁས་ལེན་ཐོབ་ཅིང་། བྱེ་བྲག་ཏུ་དགེ་རྒན་རྣམས་ཀྱི་སློབ་ཁྲིད་དཔེ་སྟོན་བྱས་པར་བརྒྱུད་ནས་བོད་ཡིག་སློབ་ཁྲིད་ཀྱི་འཕེལ་རྒྱས་ཁ་ཕྱོགས་གསལ་ལེར་བསྟན་པ་དང་། གཞི་རིམ་གྱི་དགེ་རྒན་རྣམས་ཀྱི་སློབ་ཁྲིད་བྱ་བ་ཇེ་ལེགས་སུ་གཏོང་བར་ཚན་རིག་དང་མཐུན་པའི་མཛུབ་སྟོན་དང་དགེ་མཚན་ལྡན་པའི་དཔེ་ལེགས་ཤིག་འདོན་སྤྲོད་བྱས་པ་རེད།

  • ལེ་ཚན་སྔོན་མ།:བོད་ཀྱི་ཁྱད་ལྡན་རིག་གནས་གནས་སྐོར་ལས་གཞི་དེ་རྒྱལ་ཁབ་ཚན་རྩལ་རྒྱབ་རྟེན་འཆར་གཞིའི་ཁྲོད་བཞག་པ།
  • ལེ་ཚན་རྗེས་མ།:ཀྲང་ཏི་ཅང་ཧེ་ནན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།
  • དོ་སྣང་ཆེ་བའི་རྩོམ།