རྫོང་སར་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་རྣམ་ཐར།

བློ་གྲོས་ཕུན་ཚོགས།        2013-02-27

༄༅།   །རང་རིག་འཁོར་འདས་བདེ་ཆེན་ཐིག་ལེ་ཉག་གཅིག་ཀློང་།   །དེ་ཉིད་མ་གཡོས་རང་གསལ་ལྷུན་གྲུབ་འགག་པ་མེད།   །རིག་རྩལ་ཐུགས་རྗེ་བླ་མ་དཔལ་ལྡན་ཧེ་རུ་ཀ།   གཉིས་མིན་མཉམ་པས་དུས་གསུམ་འཕོ་འགྱུར་མེད་པར་བསྟོད།   །ཅེས་མཆོད་པར་བརྗོད་པའི་ཚིག་གི་མེ་ཏོག་སྔོན་དུ་འཐོར་ནས་རྫོང་སར་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་རྣམ་ཐར་མདོར་བསྡུས་སུ་བརྗོད་པ་བྱ་སྟེ།   དེ་ལའང་ཐོག་མར་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ་པདྨ་འོད་གསལ་མདོ་སྔགས་གླིང་པ་ནི།   མངའ་བདག་ཉང་རིན་པོ་ཆེ།   རིན་ཆེན་གླིང་པ།   རྡོ་རྗེ་གླིང་པ།   མངའ་རི་པཎ་ཆེན་བདུད་འདུལ་རྡོ་རྗེ་སོགས་ཀྱི་གཏེར་ཁ་མང་པོ་ལས་ལུང་གིས་གསལ་བར་བསྟན་པ་ལྟར།   ཡབ་གཉོས་རིགས་དྲུང་ཆེན་རིན་ཆེན་དབང་རྒྱལ་དང་།   ཡུམ་སོག་བཟའ་བསོད་ནམས་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་ཆུ་སྟོད་ཟླ་བའི་ཡར་ཚེས་ལྔ་ལ།   མདོ་ཁམས་སྡེ་དགེ་གཏེར་ལྷུང་དིལ་མགོའི་གྲོང་གི་དབྱར་རུ་ཁྱུང་ཆེན་བྲག་གི་ཉེ་འདབས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས།   ཐུགས་ཀྱིས་དྲན་ཙམ་གྱི་དུས་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་དང་སྔགས་སྲུང་ཨེ་ཀ་ཛཱ་ཊིས་ཡང་ཡང་བརྩེ་ཞིང་སྐྱོང་བ་དང་།   སྔོན་རབས་ཀྱི་སྐྱེ་བ་མང་པོ་འལ་འོལ་རྗེས་སུ་དྲན།   སྐུ་ཆུང་ངུ་ནས་ཐེག་པ་ཆེན་པོའི་རིགས་སད་ཅིང་ཁྱད་པར་རབ་ཏུ་བྱུང་བར་ཐུགས་ཤིན་ཏུ་འདུན།   མཁྱེན་རབ་དང་རྣམ་དཔྱོད་འགྲན་ཟླ་བྲལ་བས་འབྲི་ཀློག་སོགས་ཚེགས་མེད་པར་མཁྱེན།   དགུང་ལོ་དགུ་ནས་རྫོང་སར་དགོན་དུ་ཚོགས་སྒྲིགས་ལ་ཞུགས་ཏེ་ཡབ་མེས་ཀྱི་གྲྭ་ཤག་ཏུ་བཞུགས།   དགུང་ལོ་བཅུ་གཉིས་པར་ཐར་རྩེ་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་གྱིས་ཨེ་ཝཾ་ཐར་པ་རྩེའི་མཁན་ཆེན་བྱམས་པ་ནམ་མཁའ་འཆི་མེད་ཀྱི་ཡང་སྲིད་དུ་ངོས་འཛིན་གནང་ནས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་གསོལ།   དེ་ནས་བཟུང་ཐར་རྩེ་སྤྲུལ་སྐུའམ་ཞབས་དྲུང་ཞེས་པའི་མཚན་ཆགས།   དེའང་རྗེ་འདི་ཉིད་ཐུགས་རྗེ་ཡང་སྤྲུལ་དུ་ངེས་པས།   རྒྱ་གར་ན་སློབ་དཔོན་འཇམ་དཔལ་བཤེས་གཉེན།   པཎ་ཆེན་བི་མ་མི་ཏྲ།   རྡོ་རྗེ་དྲིལ་བུ་པ།   པཎྜི་ཏ་སྒོ་མཐའ་ཡས་པའི་བློ་གྲོས།   པཎ་ཆེན་ནགས་ཀྱི་རིན་ཆེན་ལ་སོགས་པ་དང་།   བོད་ཡུལ་དུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན།   གུ་རུ་ཆོས་དབང་།   འབྲོམ་སྟོན་རྒྱལ་བའི་འབྱུང་གནས།   མངའ་རི་པཎ་ཆེན།   རས་ཆུང་རྡོར་གྲགས།   མཉམ་མེད་དྭགས་པོ་ལྷ་རྗེ།   རྗེ་བཙུན་གྲགས་པ་རྒྱལ་མཚན།   གྲུབ་ཆེན་ཐང་སྟོང་རྒྱལ་པོ།   ཀུན་མཁྱེན་ཀློང་ཆེན་པ།   རྒྱལ་མཆོག་ལྔ་པ་ཆེན་པོ།   རིག་འཛིན་འཇིགས་མེད་གླིང་པ་སོགས་ཀྱི་སྐྱེས་རབས་མང་པོ་རྗེས་སུ་དྲན་པ་དང་།   གཏེར་ལུང་ལས་རྒྱལ་སྲས་མཆོག་གྲུབ་རྒྱལ་པོ་ཉིད་གཏེར་འབྱིན་རྐྱང་པའི་སྐྱེ་བ་བཅུ་གསུམ་དུ་འབྱོན་པར་གསུངས་པའི་ཐོག་མར་སངས་རྒྱས་བླ་མ་ནས་བཅུ་གཉིས་པ་ཆོས་རྗེ་གླིང་པའི་བར་བྱོན་ཟིན་ནས་བཅུ་གསུམ་པ་རྗེ་འདི་ཉིད་ཡིན་པ་རྡོ་རྗེའི་ལུང་ལས་གསལ་བར་མཚོན་པ་དང་།   གཏེར་སྟོན་རྒྱལ་པོ་ལྔ་ལ་བྲན་བརྒྱས་བསྐོར༔ཞེས་གསུངས་པའི་རྒྱལ་པོ་ལྔ་པ་མདོ་སྔགས་གླིང་པ་ནི་རྗེ་འདི་ཉིད་ཡིན་པར་གསུངས་པས་མཚོན།   སྐྱེས་རབས་རྒྱས་པ་ནི་སྐྱེས་རབས་གསོལ་འདེབས་ཞལ་གསུང་མ་སོགས་ལས་གསལ།   དགུང་ལོ་བཅུ་དྲུག་པར་བྲག་སྐྱིབས་ཤིག་ཏུ་ཅུང་ཟད་མནལ་བ་ན།   དྷཱིཿཞེས་པའི་སྒྲ་ཆེན་པོ་ཞིག་གྲགས་པས་ཅུང་ཟད་བརྒྱལ་བ་ལྟ་བུར་གྱུར།   དེ་ལས་སད་མ་ཐག་རྗེ་བཙུན་འཇམ་དཔལ་གཞོན་ནུ་དང་།   སློབ་དཔོན་འཇམ་དཔལ་བཤེས་གཉེན་དབྱེར་མེད་དུ་དངོས་སུ་མཇལ་ཏེ་བྱིན་གྱིས་བརླབས།   དེ་ནས་བཟུང་སྟེ་ཕྱག་དཔེ་གང་ཡིན་རུང་ཚར་རེ་གསན་པའམ་གཟིགས་པ་ཙམ་གྱིས་ཚིག་དོན་མ་ལུས་པ་ཐུགས་སུ་ཆུད་པར་ནུས་པའི་མཁྱེན་རབ་ཀྱི་ཀློང་རྡོལ།   དགུང་ལོ་ཉི་ཤུ་པར་སྟོད་ཕྱོགས་སུ་རིམ་པར་ཕེབས་ཏེ་ངོར་ཐར་རྩེ་བླ་བྲང་དུ་ཞབས་པད་བཀོད།   དགུང་ལོ་ཉེར་གཅིག་པ་ལ་ཨོ་རྒྱན་སྨིན་གྲོལ་གླིང་གི་མཁན་རིག་འཛིན་བཟང་པོ་ལས་བསྙེན་པར་རྫོགས།   ས་སྐྱ་པ་རྡོ་རྗེ་རིན་ཆེན་སོགས་ལས་ཤིང་རྟ་གཉིས་ཀྱི་བཀའ་སྲོལ་དང་འབྲེལ་བའི་ཐུགས་བསྐྱེད་བཞེས།   ཐར་རྩེ་མཁན་རིན་པོ་ཆེ་མཆེད་ལས་བདེ་དགྱེས།   སྨིན་གླིང་ཁྲི་ཆེན་འགྱུར་མེད་སངས་རྒྱས་ཀུན་དགའ་ལས་ཡང་དག་སོ་ལུགས།   རིག་འཛིན་ཐུགས་ཐིག།   ཞེ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་ལས་སྒྱུ་འཕྲུལ་ཞི་ཁྲོའི་དབང་བསྐུར་བཅས་གསན་པས་སྔགས་ཀྱི་སྡོམ་པའི་རྩ་བ་བཙུགས།   སྐྱེ་སྤྲུལ་གྱི་གོ་ས་དང་རིགས་རུས་སྟོབས་འབྱོར་གྱི་དྲེགས་པ་རྩད་ནས་བསྙིལ་ཏེ་དབུས་གཙང་དུ་ཕལ་ཆེར་ཞབས་རྐྱང་ཁོ་ནར་ཐེངས་གཉིས་ཕེབས་པས་མཚོན་དཀའ་ཆེན་དང་དུ་བཞེས།   །འབད་པ་དང་བརྩོན་འགྲུས་ཆེན་པོས་དབུས་གཙང་ཁམས་གསུམ་གྱི་བླ་མ་རྡོ་རྗེ་འཛིན་པ།   དགེ་བའི་བཤེས་གཉེན།   རིག་པའི་གནས་ལྔ་ལ་མཁས་པ་སོགས་ཡོངས་འཛིན་བརྒྱ་དང་ལྔ་བཅུ་ཙམ་བསྟེན་ཏེ་བཟོ་གསོ་སྒྲ་ཚད་ཡན་ལག་རིགས་པའི་གནས་བཅུར་གྲགས་པ་རྣམས་དང་།   འདུལ་མཛོད་དབུ་ཕར་གྱིས་མཚོན་མཚན་ཉིད་ཕྱོགས་ཀྱི་གཞུང་བཤད་གསན་སྦྱང་མཐར་ཕྱིན་པར་མཛད།   རྙིང་མ་བཀའ་གཏེར།   བཀའ་གདམས་གསར་རྙིང་།   ས་ངོར་ཚར་གསུམ།   །བཀའ་བརྒྱུད་ཀཾ་ཚང་།   འབྲི་སྟག་འབྲུག་པ།   ཇོ་ཞལ་བོ་དོང་སོགས་སྔོན་གྱི་ལུགས་སྲོལ་མ་ཉམས་པར་བཞུགས་པ་ཐམས་ཅད་ཀྱི་སྨིན་གྲོལ་ཡོངས་རྫོགས།   སྒྱུ་འཕྲུལ་གསང་བ་སྙིང་པོ།   དུས་ཀྱི་འཁོར་ལོ།   བདེ་དགྱེས་གསང་གསུམ་སོགས་རྒྱུད་དང་བསྟན་བཅོས་ཀྱི་བཤད་སྲོལ་གང་ཡོད་དང་།   རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ།   རྙིང་མ་རྒྱུད་འབུམ།   བསྟན་འགྱུར་ལས་རྒྱུན་གང་བཞུགས་ཀྱི་གཙོས་བོད་ཡུལ་གྲུབ་མཐའ་རིས་མེད་ཀྱི་བསྟན་བཅོས་ཡོངས་རྫོགས་བསྡོམས་པས་གླེགས་བམ་བདུན་བརྒྱ་ཙམ་གྱི་བཀླག་ལུང་གསན་པ་སོགས་མདོར་ན་མི་ལོ་བཅུ་གསུམ་ཙམ་དུ་ཐོས་པ་ཁོ་ན་བཙལ་ཞིང་།   བཤད་བརྒྱུད་འདེགས་པའི་བཀའ་ཆེན་བཅུར་གྲགས་པ་རྣམས་ཀྱི་རིང་ལུགས་ཕལ་མོ་ཆེ་གསན་པའི་ཚུལ་རྒྱས་པ་གསན་ཡིག་ཆེན་མོ་སོགས་སུ་བཞུགས།   རྗེ་འདིས་གླེགས་བམ་གཟིགས་པ་ཙམ་གྱིས་དོན་མཐིལ་ཕྱིན་པ་མཁྱེན་ཅིང་ནམ་ཡང་མི་བསྙེལ་བའི་གཟུངས་མངའ་ཡང་ཆོས་ལ་གལ་ཆུང་མི་མཛད་པའི་རྣམ་ཐར་སྟོན་སླད་གསན་པ་ཙམ་དུ་མ་བཞག་པར་སྦྱང་གོམས་མཐར་ཕྱིན་པས་གྲུབ་མཐར་སོ་སོའི་ལྟ་སྤྱོད་དང་ཁས་ལེན་གྱི་གནད།   དེ་དང་དེའི་རིང་ལུགས་ཕྱག་སྲོལ་འཁྱུགས་མེད་ཡིན་མིན་སོགས་ཞིབ་ལ་མ་འདྲེས་པར་མཁྱེན་པའི་ཆོས་སྤྱན་མངའ་བ་ཡང་ད་ལྟའི་གང་ཟག་མཆོག་དམན་སུས་ཀྱང་འགྲན་དུ་མེད་ཅེས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་གསུངས།   དེ་དག་ཐུགས་ཉམས་སུ་བཞེས་པའི་ཚུལ་བསྟན་པའང་།   དགུང་ལོ་ཉེར་བཞི་ནས་ཐོག་མར་ངོར་ལུགས་ཀྱེ་རྡོར་གཞི་བསྙེན།   བྱ་རྒྱུད་རིགས་གསུམ་སྤྱི།   སྤྱོད་རྒྱུད་རྣམ་སྣང་མངོན་བྱང་།   རྣལ་འབྱོར་རྒྱུད་རྡོ་རྗེ་དབྱིངས།   ཆ་མཐུན་རྒྱུད་ཀུན་རིག་སོགས་ཀྱིས་མཚོན་རྒྱུད་སྡེ་ཤིན་ཏུ་མང་པོ།   རྙིང་མའི་ཕྱོགས་སུ་གཏེར་ཁ་གསར་རྙིང་གི་གུ་རུའི་ཐུགས་སྒྲུབ་ཞི་དྲག་ཆེ་ཕྲ།   ཐུགས་རྗེ་ཆེན་པོའི་རིགས།   ཚོགས་ཆེན་འདུས་པ་དང་སྒྱུ་འཕྲུལ་ཞི་ཁྲོ།   བཀའ་བརྒྱད་ལུགས་སྲོལ་བཅུ་དགུ་ཙམ་གྱིས་མཚོན།   སྔ་ཕྱི་མི་ལོ་བཅུ་གསུམ་ཙམ་དུ་རྒྱུད་སྡེ་གསང་རྙིང་གི་ལྷག་པའི་ལྷ་དུ་མའི་བསྙེན་སྒྲུབ་བཅད་རྒྱ་ཤིན་ཏུ་དམ་པོ་དང་།   གཞན་ཡང་དབུས་གཙང་ཁམས་གསུམ་གྱི་སྒྲུབ་གནས་རྣམས་སུ་བསྙེན་སྒྲུབ་ཚོགས་མཆོད་བསྐྱེད་རྫོགས་གང་མཚམས་གནང་བ་དང་།   དགུང་གྲངས་བཞི་བཅུའི་སྐོར་ནས་ཕལ་ཆེར་ཐེམ་སྤངས་ཀྱིས་གདན་སར་ཞབས་པད་འཁོད་ཞོར་བསྙེན་སྒྲུབ་ཀྱི་ཉམས་བཞེས་དཔག་ཏུ་མེད་པར་མཛད་པའི་ཚུལ་སོགས་རེ་རེ་བཞིན་རྣམ་ཐར་ཆེན་མོ་ན་ཞིབ་པར་བཞུགས།   གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་དང་།   མཁའ་སྤྱོད་མའི་རྫོགས་རིམ་གྱི་དམིགས་རྐང་སོགས་ཀྱང་ཉིན་རེ་བཞིན་མ་ཆག་པ་དང་།   ལོ་གསུམ་བཅད་རྒྱའི་ཁོངས་སུ་རྗེ་བཙུན་གྲོལ་མཆོག་གི་ཁྲིད་བརྒྱ་གཙོ་བོ་གྱུར་པའི་ཟབ་ཁྲིད་རྣམས་རེ་རེ་བཞིན་ཉམས་བཞེས་མཛད།   རྙིང་མའི་ཕྱོགས་སུ་སེམས་སྡེ་ལུགས་གསུམ།   ཀློང་སྡེ་རྣ་བརྒྱུད་རྡོ་རྗེ་ཟམ་པ།   བི་མ་དང་མཁའ་འགྲོ་སྙིང་ཐིག།   གཏེར་མའི་ཕྱོགས་ནས་ཀློང་ཆེན་སྙིང་ཐིག་གཙོ་བོར་གྱུར་པའི་ཟབ་ཁྲིད་རྣམས་ཐུགས་དམ་གྱི་མཐིལ་མཛད།   མདོར་ན་ཁྲིད་ཚུལ་གསན་ཚད་ཤར་སྒོམ་རེ་ཙམ་མ་མཛད་པ་གང་ཡང་མེད་པས་ཉམས་དང་རྟོགས་པའི་ཡོན་ཏན་ཉིན་རེ་བཞིན་གོང་འཕེལ་དུ་གྱུར།   གྲུབ་པའི་རྟགས་མཚན་ཡང་།   ལྕགས་ཟམ་ཆུ་བོ་རིའི་ཚེ་ཆུ་ཕུག་ཏུ་ཚེ་སྒྲུབ་སྐབས་ཚེ་ཆུ་དཀར་ཡོལ་གང་གློ་བུར་དུ་བབས།   ཡར་ཀླུང་ཚེ་ཆུ་འབུམ་པར་ཕྱག་མཆོད་མཛད་པས་དེ་མཚུངས་དང་།   ལྷ་ལྡན་ཇོ་བོ་རང་བྱོན་ལྔ་ལྡན་མདུན་རིང་བསྲེལ་ཁ་ཤས་ཕྱག་ཏུ་ཕེབས།   དཔལ་སྤུངས་གླིང་སྟོད་ཀོང་སྤྲུལ་རིན་པོ་ཆེ་སོགས་ལ་ཁྲོས་ནག་དབང་སྒྲུབ་སྐབས་དབང་རྟེན་ཐོད་པ་རེག་མི་བཟོད་པའི་དྲོད་འབར།   ཟངས་རི་མཁར་དམར་དུ་མ་གཅིག་ལབ་སྒྲོན་མའི་འདྲ་སྐུ་མཇལ་སྐབས་ཞལ་བཞད་ཅིང་སྐུ་གཡོ་འགུལ་མཛད་པས་དངོས་སུ་ས་གཡོ་བ་ལྟ་བུ་ཐམས་ཅད་ཀྱིས་ཚོར་བ་བྱུང་།   རྫ་མ་མོ་ཐང་དུ་དཔལ་སྤྲུལ་རིན་པོ་ཆེ་ནས་རྡོ་འབུམ་བཞེངས་སྐབས་རབ་གནས་ཞུས་པ་ཚེས་བཅོ་ལྔ་ལ་མཆོད་པ་ཤོམས་ཤིག་གསུངས་ནས་རྫོང་སར་ནས་དགོངས་པ་གཏད་པས་རྡོ་འབུམ་དེར་རབ་གནས་ཀྱི་མེ་ཏོག་ཆར་བབས་པ་དེར་གནས་ཕལ་མོ་ཆེས་མཇལ་ཞིང་དད་རྟེན་དུའང་ཐོབ།   སྣང་སེམས་འདྲེས་པའི་གྲུབ་རྟགས་ཕྱག་གི་རྡོར་དྲིལ་བར་སྣང་དུ་བཞག་པ།   ཚེ་ཆང་རྒྱུན་བཞག་དབྱར་མི་རུལ་དགུན་མི་འཁྱགས།   དབུས་ནས་གྱེན་དུ་འཕྱུར་བ་སོགས་མཐའ་ཡས་པ་ཐུན་མོང་གི་མཐོང་སྣང་མཐུན་པར་གྱུར།   སྐལ་ལྡན་གྱི་སློབ་མ་འགའ་རེས་ཐོག་མར་མཇལ་སྐབས་སུ།   གུ་རུ་པདྨ་དང་།   ཐང་སྟོང་རྒྱལ་པོ།   །འཕགས་མ་ཡིད་བཞིན་འཁོར་ལོ་སོགས་རྣམ་པ་ཐ་དད་དུ་མཇལ།   ཀརྨ་པ་བཅོ་ལྔ་པ་དང་དཔལ་སྤུངས་སི་ཏུ་བཅུ་གཅིག་པས་མཚོན་བོད་ཁམས་ཀྱི་སྤྲུལ་སྐུ་ཕལ་ཆེར་རྗེ་འདི་ཉིད་ཀྱིས་ངོས་འཛིན་གནང་།   རྒྱུན་དུ་ངེད་ལ་མངོན་ཤེས་མེད་ཅེས་གསུངས་མོད།   དགོན་སྨད་དུ་མེ་ཤོར་བར་འདུག་པས་ལྟོས་ཤིག་གསུངས་པ་བཞིན་མེ་འབར་བ་ཁྱིམ་དུ་གནས་པས་ཀྱང་མ་མཐོང་བར་ལྐོག་གྱུར་གཟིགས་པས་མཚོན།   །ཅི་གསུངས་ཐམས་ཅད་ཐོག་ཏུ་ཁེལ་བས།   དུས་འགྱུར་སོགས་ཀྱི་སྐབས།   བླ་ཆེན།   མི་ཆེན།   མཁས་གྲུབ་ཀུན་གྱིས་ཡིད་སྟོན་པའི་གནས་གཅིག་པུར་མཛད།   དངོས་ཉམས་མནལ་ལམ་ཅི་རིགས་པར་དག་སྣང་ཞལ་གཟིགས་རྒྱུན་ཆད་མེད་པར་འབྱུང་ཡང་དད་ལྡན་བློ་ཐུབ་འགའ་ལ་དགོས་དབང་གི་ཟུར་ཙམ་རེ་ལས་གཏན་ནས་མི་གསུང་།   སྐབས་རེར་ཟུར་ཙམ་གསུངས་པར་རྗེ་ཉིད་ལས་སྨིན་གླིང་རྡོར་སེམས་དང་།   མཁའ་སྤྱོད་མའི་ཆོས་འབྲེལ་ཐོབ་པ་རྣམས་ཀྱང་རིམ་པར་བྱིན་རླབས་ཐོབ་པའི་ལྟས་གཟིགས་པས་མཚོན་རྣམ་ཐར་ཆེན་མོར་མང་དུ་བཞུགས་ཀྱང་།   འོག་ཏུ་ནང་དང་གསང་བའི་རྣམ་ཐར་གྱི་སྐབས་རྣམས་སུའང་ཅུང་ཟད་འབྱུང་བས་འདིར་ཡིག་ཚོགས་ལ་འཇིགས་ཏེ་མ་སྤྲོས།   བསྟན་འགྲོའི་དོན་ཇི་ལྟར་མཛད་པའི་ཚུལ་ཡང་།   ངོར་གྱི་གདན་སར་བརྡ་སྤྲོད་གཙོ་བོར་གྱུར་པའི་རིག་གནས་ཀྱི་སློབ་གྲྭ་བཙུགས།   གཙང་པཎ་ཆེན་ཐམས་ཅད་མཁྱེན་པ་བསྟན་པའི་ཉི་མས་ཐར་རྩེ་མ་ཧཱ་པཎྜི་ཏ་ཞེས་པའི་མཚན་གསོལ།   དེ་ནས་སྡེ་དགེ་པཎ་ཆེན་ནམ།   ཐར་རྩེ་པཎ་ཆེན་ཞེས་པའི་མཚན་ཆགས།   དེ་ནས་རྗེ་ཉིད་ཀྱི་གསར་སྒྲིག་སྒྲུབ་ཐབས་ཀུན་བཏུས་ཚར་གསུམ་གནང་བས་མཚོན།   དམ་པ་དེ་ཉིད་ཀྱིས་འབད་པ་ཆེན་པོས་མདོ་རྒྱུད་བསྟན་བཅོས་གང་གསན་པ་རྣམས་ཀྱི་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་ཕལ་མོ་ཆེ་ཞིག་ནི་ལན་གྲངས་མང་དུ་འཆད་པ་དང་།   གང་ཡང་བཀའ་འགྱུར་རིན་པོ་ཆེ་མ་གཏོགས་གཞན་ཚར་རེ་མ་འཆད་པ་མི་མངའ་བར་ཟང་ཟིང་མེད་པའི་ཆོས་ཀྱི་སྦྱིན་པ་ཁོ་ནས་དམ་པའི་སྐྱེས་བུ་མཆོག་ནས་མུ་ཏོ་ཕལ་པ་ཡན་ཆད་དོན་གཉེར་སོ་སོའི་རེ་བ་ཚུལ་བཞིན་སྐོང་བར་མཛད་པས་སློབ་མའི་ཚོགས་ཀྱང་།   སྤྱིར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་བརྟན་པ་ཐོབ་པ་དང་།   སྒོས་གྲུབ་མཐའ་གང་ལའང་དག་སྣང་དང་མོས་གུས་ཀྱི་རྩལ་རྒྱས་པ་མ་གཏོགས་ཕྱོགས་རིས་དང་ལོག་རྟོག་གཏན་ནས་མི་མངའ་བའི་དོན་གྱིས་ཞལ་སློབ་གཙོ་གྲས་དཔལ་ས་སྐྱ་པའི་ཁྲི་ཆེན་བཀྲ་ཤིས་རིན་ཆེན་སོགས་དེ་སྐབས་ཀྱི་ཞལ་ངོ་ཐམས་ཅད།   །ངོར་ཨེ་ཝཾ་པའི་མཁན་ཞབས་ཕལ་ཆེར།   ཞྭ་ལུ་མཆོག་སྤྲུལ།   ནཱ་ལེནྡྲའི་གཟིམ་འོག།   ཡར་ཀླུང་དབོན་རིན་པོ་ཆེ།   ས་སྐྱ་དགའ་ལྡན་སློབ་དཔོན།   དཔོན་སློབ་ངག་དབང་ལེགས་སྒྲུབ།   གསང་བདག་བློ་གཏེར་དབང་པོ།   ལྷུན་གྲུབ་སྟེང་ཤར་ནུབ་བླ་མ་སོགས་ས་ངོར་ཚར་གསུམ་གྱི་ཕྱོགས་དང་།   དཔལ་ཀརྨ་པ་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་དང་བཅོ་ལྔ་པ།   སི་ཏུ་སྐུ་ཕྲེང་བཅུ་པ་དང་བཅུ་གཅིག་པ།   འཇམ་མགོན་བློ་གྲོས་མཐའ་ཡས།   སྟག་ལུང་མ་རིན་པོ་ཆེ།   རི་བོ་ཆེའི་རྗེ་ཕག་དྲུང་གསུམ་སོགས་བཀའ་བརྒྱུད་ཕྱོགས།   སྦྱོར་ར་ཐམས་ཅད་མཁྱེན་པ།   བསམ་སྡིངས་རྡོ་རྗེ་ཕག་མོ་སོགས་བོ་དོང་།   ལྕགས་ཟམ་ཉི་མ་ཆོས་འཕེལ་སོགས་ཇོ་ནང་པ།   དཀོན་མཆོག་བསྟན་པ་རབ་རྒྱས།   ལྷ་བཙུན་དོན་གྲུབ་རྒྱལ་མཚན།   བྲག་ཡབ་ནོ་མི་ཧན་ཆེན་པོ།   ལི་ཐང་མཁན་ཆེན་བྱམས་པ་ཕུན་ཚོགས།   ཧོར་ཁང་སར་རྒྱལ་བ་སོགས་དགེ་ལུགས་ཕྱོགས།   རྡོར་སྨིན་དཔལ་རི་ལྕགས་ཟམ་ཀཿདཔལ་ཞེ་རྫོགས་སོགས་དེ་སྐབས་བཞུགས་པ་ཕལ་མོ་ཆེ།   གཏེར་ཆེན་མཆོག་གླིང་།   འཇུ་མི་ཕམ།   རྡོ་གྲུབ་བསྟན་པའི་ཉི་མ།   ཨ་འཛམ་འབྲུག་པ་སོགས་སྔ་འགྱུར་རྙིང་མའི་ཕྱོགས་ཀྱིས་མཚོན་བསྟན་འཛིན་སྐྱེས་མཆོག་ཡོངས་སུ་གྲགས་པ་རྣམས་དང་།   དགེ་བའི་བཤེས་གཉེན།   རི་ཁྲོད་སྒྲུབ་པ་པོ།   ཆོས་པ་ཉམས་ཆུང་།   གཡུང་དྲུང་བོན་ལུགས་འཛིན་པ་ཚུན་གྱི་རིས་སུ་མ་ཆད་པའི་སློབ་མ་གྲངས་ལས་འདས།   རྒྱ་བོད་ཀྱི་དཔོན་ཆེན་མང་པོས་གཙོས་ཉིན་རེ་བཞིན་ཡང་རྒྱུན་མི་ཆད་པ་འདུས་པ་ཚད་བཟུང་མེད་པ་ལ་མོས་པ་དང་མཚམས་པའི་ཆོས་སྦྱིན་རྐྱེན་སེལ་དབང་བཀའ་བྱིན་རླབས་ཀྱིས་འབྲེལ་བ་སོགས་ནི་ཏིལ་གྱི་གོང་བུ་ལྟར་གྱུར།   ཆོས་བརྒྱད་ཀྱི་འཆིང་བ་ལས་གྲོལ་བས་མཆོག་དམན་གང་ལའང་ངོ་སྲུང་དང་རེ་དོགས་ཀྱིས་མཚོན་མི་ཆོས་ཀྱི་སྤྲོས་པ་གཏིང་ནས་ཆོད་པས་ཚེ་བློས་ཐོང་བའི་བྱ་བཏང་གི་རྒྱལ་པོའི་རྣམ་ཐར་བཟུང་།   ལྷག་པར་བསྟན་པ་ཡུན་དུ་གནས་པའི་ཐུགས་བསྐྱེད་རླབས་པོ་ཆེས་རྗེ་རང་ཉིད་ཀྱིས་སྒྲུབ་ཐབས་ཀུན་བཏུས།   འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་མཛོད་ཆེན་ལྔ་ཡི་བསྡུ་བ་མཛད་སྐབས།   གཏེར་མཛོད་དང་གདམས་མཛོད་ཀྱི་ཐོག་མའི་འཆར་འགོད་དཀར་ཆགས་རྗེ་འདི་ཉིད་ནས་གནང་ཞིང་དབང་ལུང་ཕལ་ཆེར་རྗེ་འདི་ཉིད་ནས་སྩལ།   གཞན་རྣམས་ཡང་དབང་ལུང་གི་རྒྱུན་རྩལ་བ།   བསྐུལ་སློང་དང་ཞལ་བཀོད།   ཡིག་ཆ་དང་ཤིང་སྤར་བརྐོ་རྒྱུ་སོགས་ལ་མཐུན་སྦྱོར་གང་དགོས་གནང་བའི་བདག་རྐྱེན་ལས་བྱུང་བ་སྟེ།   འཇམ་མགོན་ཀོང་ཆེན་པའི་རྣམ་ཐར་ཞལ་གསུང་ལས་འདི་ལྟར་འབྱུང་སྟེ།   ཐོས་པའི་ལག་རྗེས་རྩོམ་པ་ནི།   གཙོ་བོར་མཛོད་ཆེན་རྣམས་ཏེ་དེའང་ཐོག་མ་ནས་བསམ་མནོ་བགྱིས་ཏེ་མཛོད་ལྔའི་མིང་བཏགས་དགོས་སྙམ་པ་ནི་ཡིད་ཀྱི་ཟུར་ལའང་མེད།   བླ་མ་དང་དགེ་བའི་བཤེས་གཉེན་རྣམས་ཀྱི་གསུང་བསྐུལ་ནན་བསྐྱར་ལ་བརྟེན་ཏེ་རྩོམ་བསྒྲིགས་མང་ཞིག་གྲུབ་པའི་སྐབས་སུ།   ཀུན་གཟིགས་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དག་པའི་གཟིགས་ངོར་མཛོད་ལྔའི་བཀའ་བབས་སུ་ལུང་བསྟན་ཅིང་ཆོས་སྡེ་སོ་སོའི་དཀར་ཆག་གནང་བ་ལྟར་བགྱིས་པ་སྟེ་ཞེས་སོགས་འབྱུང་བས་གསལ།   དཔོན་སློབ་བློ་གཏེར་དབང་པོས་རྒྱུད་སྡེ་ཀུན་བཏུས་བསྡུ་བ་མཛད་སྐབས་ཀྱང་།   གོང་མཚུངས་རྗེ་འདི་ཉིད་ཀྱི་བདག་རྐྱེན་ལས་བསྐྲུན་པ་སྟེ།   རྩ་བའི་བསྡུ་བ་པོ་གསུམ་གྱི་ཡ་བྱལ་རྗེ་འདི་ཉིད་ཡིན་པ་དཀར་ཆག་ཏུ་གསལ་བ་ལྟར་ལ།   དེ་དག་རྣམས་ཀྱི་ཁྲོད་དུ་རྗེ་འདི་ཉིད་ཀྱི་གསུང་ཆོས་ཕོན་ཆེར་བཞུགས་པ་ཕུད།   གསུང་ཐོར་བུ་རྫོང་སར་ཤིང་སྤར་པོད་ཆེན་བཅུ་གསུམ་བཞུགས་ཤིང་ཐུན་མིན་གསང་མཛོད་བཀའ་བབས་བདུན་བཞུགས་པའི་གྲངས་ཚད་འོག་ཏུ་གསང་རྣམ་སྐབས་སུ་འབྱུང་།   སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་གཞུང་གདམས་གསུང་མགུལ་སྐོར་ཕྱོགས་སྒྲིག་པོད་བཅུ་བཅས་བཞུགས་སོ།   །ཞར་བྱུང་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་ཇི་ལྟར་སྤེལ་བའི་ཚུལ་ནི།   གདུལ་བྱ་འགྲོ་དོན་དུ་མིང་བཏགས་པའི་གྲོང་ཆོག་ལྡོམ་བུ་སོགས་ལོག་འཚོའི་དཀོར་སྡུད་གཏན་ནས་མ་མཛད་ཀྱང་འབར་བ་གསུམ་དང་འདུ་བ་གསུམ་གྱི་ཡོན་ཏན་ཕྱིར་ཤར་བས་ཟང་ཟིང་གི་དངོས་པོ་འབད་མེད་བྱུང་བ་ཐམས་ཅད་གནས་མིན་དུ་ཆུད་ཟོས་ཕྲ་མོ་ཙམ་ཡང་མི་བཏང་བར།   སྐུ་རྟེན་གསེར་ཟངས་ཁོ་ན་ལས་གྲུབ་པ་སྟོང་ཕྲག་གཉིས་ཙམ་དང་།   གསུང་རྟེན་གླེགས་བམ་པུ་སྟི་བཞི་བཅུ་ལ་ཉེ་བའི་སྤར།   བྲིས་མ་དང་སྤར་མ་བསྡོམས་པའི་པུསྟི་ཀ་སྟོང་ཕྲག་གཉིས་ཙམ།   ཐུགས་རྟེན་ལྷུན་གྲུབ་སྟེང་གི་མཆོད་སྡོང་ཆེན་མོས་གཙོས་བརྒྱ་ཕྲག་ལྷག་ཙམ་གསེར་ཟངས་ལས་གྲུབ་པ།   དེ་དག་བཞུགས་གནས་ལྷ་ཁང་ཆེ་ཆུང་བཅུ་གསུམ་ཙམ་བཀོད་ལེགས་པར་བཞེངས་ཤིང་དུས་དང་རྒྱུན་གྱི་མཆོད་པ་བཙུགས།   གནས་གཞི་གསར་བཞེངས་རིགས་དུས་དབང་གིས་ཚུལ་ལྡན་འབྱུང་དཀའ་བས་སྤྲོས་པ་མ་མཛད་ཀྱང་ཕྱིས་ཚོད་དུས་ཟིང་དབང་གིས་སྟོད་སྨད་འཁྲུགས་ལོང་སྐབས་དགོན་གནས་ཉམས་གུད་ཆེར་གྱུར་པ་རྣམས་ལ་རྗེ་ཉིད་ནས་ཀྱང་དགོན་པ་ཆེ་ཆུང་དང་བསྟུན་པའི་གནང་སྦྱིན་དངོས་ཇ་སྟོང་ཕྲག་གསུམ་ལྷག་པ་དང་།   རྒྱ་བོད་ཀྱི་མི་དཔོན།   ཆོས་རྒྱལ་སྡེ་དགེ་རྒྱལ་བློན་རྣམས་ལ་མཐུན་སྦྱོར་མཛད་གལ་གནད་བཀྲོལ་གནང་བའི་སྒོ་ནས་སྔར་གནས་སོར་ཆུད་ཀྱི་ཉམས་གསོས་གསར་བཞེངས་དང་།   མཆོད་ཐེབས་ཀྱི་ཞལ་འདེབས།   ལུགས་གནས་ཚུལ་མཐུན་གྱི་ཞལ་བསྒོས་རྣམས་ཀྱི་སྒོ་ནས་དར་རྒྱས་འཕེལ་བའི་བཀའ་དྲིན་རླབས་པོ་ཆེ་སྩལ།   ཕན་ཚུན་གྱི་ཆོས་སྡེ་ཆེ་ཆུང་རྣམས་ལ་ལོ་རེ་བཞིན་དུ་གཟུངས་སྔགས་བསྔོ་བའི་རྟེན་ཡོན་སྦྱར་གནང་བ་སྔ་རྗེས་དངོས་ཇ་བཞི་སྟོང་གི་རྩ་བ་ཕུལ་ཏེ།   སྤང་ཀློག་བྱ་བ་ལས་ཀྱི་འཁོར་ལོ་ལས་བརྩམས་པའི་ཕྱིའི་རྣམ་ཐར་མདོར་བསྡུས་པའོ།   །རྗེ་འདི་ཉིད་ཁོ་ནའི་ཁྱད་ཆོས་སུ་གྱུར་པ་ཐུན་མིན་ནང་གི་རྣམ་ཐར་ནི།   གངས་ཅན་ལྗོངས་ཀྱི་བསྟན་འཛིན་ཕལ་མོ་ཆེ་རང་རང་ལུགས་སུ་མཁས་ཤིང་གྲུབ་པའི་རྣམ་ཐར་ངོ་མཚར་བས་བསྟན་པ་སྐྱོང་ཞིང་འགྲོ་ཕན་སྒྲུབ་པས་དད་ཅིང་གུས་པར་བྱ་བའི་ཡུལ་ཁོ་ན་ལས་མ་འདས་མོད།   མདོ་སྔགས་ཀྱི་བསྟན་པ་ཕྱོགས་ཐམས་ཅད་ནས་གསན་བསམ་སྒོམ་པ་མཛད་ཅིང་རིས་སུ་མ་ཆད་པའི་བསྟན་པ་སྤེལ་ཞིང་གདུལ་བྱ་སྐྱོང་བ་ནི་རྗེ་ཐམས་ཅད་མཁྱེན་པ་འདི་ཉིད་ཀྱི་ཁྱད་པར་གྱི་ཆོས་སུ་གྲུབ་སྟེ།   གངས་ཅན་གྱི་ལྗོངས་སུ་སྒྲུབ་བརྒྱུད་ཀྱི་ཤིང་རྟ་ཆེན་པོ་བརྒྱད་དུ་གྲགས་པ་མཁན་སློབ་ཆོས་གསུམ་གྱི་བཀའ་དྲིན་ལས་བྱུང་བ་སྔ་འགྱུར་རྙིང་མ་པ།   ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བཀའ་སྲོལ་ལྷ་ཆོས་བདུན་ལྡན་བཀའ་གདམས་པ།   །གྲུབ་ཆེན་བི་རུ་པའི་ཐུགས་བཅུད་དཔལ་ས་སྐྱ་པ་ཡབ་སྲས་ལས་བྱོན་པ་གདམས་ངག་ལམ་འབྲས་བུ་དང་བཅས་པ།   བཀའ་བཞི་བརྒྱུད་པའི་གདམས་ངག་མར་མི་དྭགས་གསུམ་ལས་བརྒྱུད་ཆེ་བཞི་ཆུང་བརྒྱད།   མཁས་གྲུབ་ཁྱུང་པོའི་གསེར་ཆོས་དཔལ་ལྡན་ཤངས་པ་བཀའ་བརྒྱུད།   རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་རྡོ་རྗེའི་རྣལ་འབྱོར་རྩལ་དུ་བཏོན་པ་སྦྱོར་བ་ཡན་ལག་དྲུག་པ།   གྲུབ་ཆེན་དམ་པ་སངས་རྒྱས་ཀྱི་བཀའ་སྲོལ་དམ་ཆོས་སྡུག་བསྔལ་ཞི་བྱེད་ཡན་ལག་གཅོད་ཡུལ་དང་བཅས་པ།   གྲུབ་ཆེན་ཨོ་རྒྱན་པ་ལ་རྡོ་རྗེ་བཙུན་མོས་དངོས་སུ་སྩལ་བ་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་རྣམས་བརྒྱུད་པ་ཟམས་མ་ཆད་ཅིང་སྔོན་གྱི་ལུགས་སྲོལ་མ་ཉམས་པར་བཞུགས་པ་རྣམས་ལ་སོ་སོ་ནས་དད་ཅིང་མོས་པ་ཚད་མེད་པས་སྐུ་ངལ་ཁྱད་དུ་བསད་དེ་འབད་བརྩོན་དྲག་པོས་སོ་སོའི་ཁུངས་དང་འབྲེལ་བའི་ཡོངས་འཛིན་རྣམས་ལས་སྨིན་གྲོལ་གྱི་རིམ་པ་ཚང་ལ་མ་ནོར་བ་རྫོགས་པར་གསན་ཅིང་།   དེ་དག་བསམ་པས་སྒྲོ་འདོགས་གཅོད་པ་དང་།   སྒོམ་པས་ཐུགས་ཉམས་བཞེས་པའི་སྐབས་རྣམས་སུ་དངོས་ཉམས་རྨི་ལམ་ཅི་རིགས་པར།   འཕགས་བོད་མཁས་གྲུབ།   ཡི་དམ་རྒྱལ་བ་ཞི་ཁྲོ།   གནས་གསུམ་གྱི་མཁའ་འགྲོའི་ཚོགས་རྣམས་ཀྱིས་གསང་བ་གསུམ་གྱིས་བྱིན་གྱིས་བརླབས་པ་དང་ཉེ་བརྒྱུད་ཀྱི་གདམས་པ་སྩལ་བ་སོགས་སྐད་ཅིག་རེ་རེ་ལའང་དག་པའི་གཟིགས་སྣང་མཐའ་ཡས་ཀྱང་ཕྱོགས་མཚོན་ཙམ་ལས།   ཞལ་གཟིགས་མངོན་ཤེས་སོགས་མི་ཆོས་བླ་མ་ནམ་ཡང་སྒྲོག་པར་མི་མཛད་པས་འོག་ཏུ་གསང་རྣམ་སྐབས་སུ་ཡང་ཅུང་ཟད་སྨོས་པ་དེ་ཙམ་གྱིས་རྟོགས་པར་འགྱུར་བ་དང་།   གཙོ་བོར་ཤིང་རྟ་བརྒྱད་ཀྱི་རིམ་པ་གཉིས་ཀྱི་ཚུལ་ཐུགས་སུ་ཆུད་པས་འཆད་རྩོད་རྩོམ་གསུམ་ལ་ཆགས་ཐོགས་མ་མཆིས་ཤིང་འཁྲུལ་པའི་དྲི་མ་དང་བྲལ་བས་སྐལ་ལྡན་རྣམས་རྗེས་སུ་འཛིན་པར་མཛད་པ་ནི་ནང་གི་རྣམ་ཐར་ས་བོན་ཙམ་སྨོས་པའོ།   །ཐུན་མིན་གསང་བའི་རྣམ་ཐར་ནི།   སྤྱིར་ཐུགས་བསྐྱེད་དང་སྨོན་ལམ་ཁྱད་པར་ཅན་གྱི་ས་བོན་དུས་སུ་སྨིན་པའི་རྒྱུ་ལས་བཀའ་བབས་ཆེན་པོ་བདུན་གྱི་མངའ་བདག་ཏུ་གྱུར་པ་སྟེ།   གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྡོ་རྗེའི་ལུང་ལས།   བདག་དང་གཉིས་མིན་རྣལ་འབྱོར་པ༔མཚན་ཉིད་ལྔ་དང་ལྡན་པ་ཞིག༔འདི་ནས་བདུན་བརྒྱའི་ལོ་ཁོངས་སུ༔མདོ་ཁམས་བར་ན་འབྲུག་གི་ལོ༔གཉོས་ཀྱི་རིགས་འཛིན་སྒ་ཡི་བུ༔ལྕགས་ཁམས་དཔའ་བོའི་མཚན་རྟགས་ཅན༔པདྨ་རྒྱལ་པོས་བྱིན་བརླབས་པས༔བཀའ་བབས་བདུན་ལྡན་མདོ་སྔགས་གླིང་༔བི་མ་མི་ཏྲས་བྱིན་བརླབས་པས༔འོད་གསལ་སྤྲུལ་པའི་རྡོ་རྗེ་སྟེ།   འཇམ་དཔལ་སྤྲུལ་པ་མངའ་བདག་གིས༔བྱིན་བརླབས་ཆོས་ཀྱི་བཤེས་གཉེན་ཞེས༔སྒྱུ་མ་ལྟ་བུའི་སྐྱེས་བུ་འབྱུང་༔ཞེས་དང་།   རྫོགས་ཆེན་སྡེ་གསུམ་གྱི་ལུང་བྱང་ལས།   བཀའ་ནས་བཀའ་བརྒྱུད་བར་མ་ཆད༔ཟབ་མོ་དངོས་དང་དགོངས་པའི་གཏེར༔ཡང་གཏེར་རྗེས་སུ་དྲན་པའི་གཏེར༔དག་སྣང་སྙན་དུ་བརྒྱུད་པ་ཡི༔བཀའ་བབས་བདུན་གྱི་ཆུ་བོ་ནི༔མངའ་བདག་ཡབ་སྲས་སྐལ་བར་བབས༔སྙིགས་དུས་བསྟན་པའི་བཙས་ཆེན་བྱེད༔ཟབ་རྒྱས་ཉི་འོད་ལྷག་པར་བརྡལ༔ཅེས་སོགས་བཀབ་བབས་བདུན་ལ་མངའ་དབང་བསྒྱུར་ནས་བསྟན་འགྲོའི་དོན་ཆེན་མཛད་པར་རྡོ་རྗེའི་ལུང་གིས་ཡང་ཡང་བསྔགས་པ་ལྟར་མངོན་དུ་གྱུར་པ་སྟེ།   དགུང་གྲངས་བཅུ་དྲུག་པར་ས་ག་ཟླ་བའི་ཚེས་བཅུའི་ཐོ་རངས་དག་པའི་སྣང་ཆ་ལ་རྔ་ཡབ་པདྨ་འོད་དུ་ཕེབས༔དེའང་བྲག་རི་ལྷུན་ཆགས་པའི་ནང་དུ་སྤྲིན་དཀར་ཤིན་ཏུ་མཛེས་པའི་ཁྲོད་ན་གུ་རུ་མཚོ་སྐྱེས་རྡོ་རྗེ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བའི་བཀོད་པ་ཅན་མཇལ།   དགོངས་པས་བྱིན་གྱིས་བརླབས་ཤིང་བརྡའི་དབང་བསྐུར་པ་དང་བཀའ་བབས་བདུན་འབྱུང་བའི་དབུགས་དབྱུང་རྒྱས་པར་སྩལ་བའི་མཐར་སྤྱན་ལྟ་སྟངས་དང་བཅས་ཏེ།   གཟུང་བའི་ཡུལ་གྱིས་མ་གོས་ཤིང་།   འཛིན་པའི་རྟོག་པས་མ་བསླད་པ།   རིག་སྟོང་རྗེན་པར་བསྐྱང་བ་ནི།   སངས་རྒྱས་ཀུན་གྱི་དགོངས་པའོ།   །ཞེས་གསུངས་ཏེ་འཁོར་དང་བཅས་པ་རྗེ་ཉིད་ལ་ཐིམ་པས་ཐུགས་ཡིད་དབྱེར་མེད་འདྲེས་པའི་ཉམས་ཤར་ཏེ་དེ་ཕྱིན་ཆད་ཀ་དག་གི་གནས་ལུགས་ལ་རང་བཞིན་གྱིས་བརྟན་པ་ཐོབ་པར་གྱུར།   དེ་ལ་ཐུགས་སྤྲོ་བ་བརྟས་ཏེ་གུ་རུ་རིན་པོ་ཆེར་རྩེ་གཅིག་ཏུ་གསོལ་བཏབ་མཛད་པའི་རྐྱེན་ལས་མདོ་རྒྱུད་གསར་རྙིང་བཀའ་གཏེར་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་ཡོངས་གྲགས་རྣམས་དང་རྒྱུན་ཤིན་ཏུ་དཀོན་པ་རྣམས་ཀྱང་འབད་མེད་དུ་རྙེད་ནས་ཉམས་བཞེས་དང་འཆད་སྤེལ་གྱིས་བསྟན་པའི་མེ་རོ་བསླང་བ་རྒྱལ་བ་རྡོ་རྗེ་འཆང་ནས་ཚིག་བརྒྱུད་བར་མ་ཆད་པའི་རིང་བརྒྱུད་ཀྱི་བཀའི་བཀའ་བབས་ཐོབ།   །དེ་དག་ཉེ་བརྒྱུད་ཀྱི་བཀའ་བབས་བརྙེས་ཚུལ་ཡང་དགུང་ལོ་བཅོ་ལྔ་པར་དག་པའི་སྣང་བར་རྒྱ་གར་རྡོ་རྗེ་གདན་གྱི་ཀེའུ་ཚང་རིམ་པ་དགུ་པའི་དྲུང་དུ་ཕེབས།   རྩག་འོག་མ་ནས་རིམ་པར་སྟེང་དུ་ཕེབས་པ་ནི།   བརྒྱད་པའི་ནང་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་པཎྜི་ཏའི་ཚུལ་ཅན་སྐུའི་གཡས་གཡོན་གླེགས་བམ་མང་པོ་བརྩིགས་པ་ཞིག་མཇལ་བ་ལ་གུས་པ་ཆེན་པོས་བཏུད་ཅིང་གསོལ་གདབ་མཛད་པས།   གཡོན་ཕྱོགས་ནས་གླེགས་བམ་ཞིག་བླངས་ཏེ་བསྟན་པ་ཤེར་ཕྱིན་སྡུད་པའི་རྒྱ་དཔེར་འདུག།   དེ་ཉིད་དབུར་བཞག་ནས་དགོངས་པ་གཏད་དེ་མཚན་ཉིད་ཀྱི་ཆོས་ཐམས་ཅད་ཀྱི་བཀའ་ལུང་རྫོགས་པ་ཡིན་ནོ་གསུངས།   གཡས་ཕྱོགས་ནས་གླེགས་བམ་ཞིག་བླངས་ནས་བསྟན་པ་རྫོགས་པ་ཆེན་པོ་རྡོར་སེམས་སྙིང་གི་མེ་ལོང་གི་རྒྱུད་ཅེས་བྱ་བར་སྣང་།   དེ་ཉིད་དབུར་བཞག་ནས་དགོངས་པ་གཏད་དེ་གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་སྤྱི་དང་ཁྱད་པར་རྫོགས་པ་ཆེན་པོ་སྡེ་གསུམ་གྱི་ཚིག་དོན་བྱིན་རླབས་ཐམས་ཅད་རྫོགས་པ་ཡིན་གསུངས།   ལུང་བསྟན་འགའ་ཞིག་ཀྱང་མཛད་པའི་མཐར་དགྱེས་པའི་ཚུལ་གྱིས་འོད་དུ་ཞུ་ནས་རྗེ་ཉིད་ལ་ཐིམ་པས་དར་ཅིག་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་འབྱམས།   དེ་ལས་སད་ནས་ཕྱིར་ཕེབས་པའི་ཚེ་སྒོ་དྲུང་དུ་མེ་ཆེན་པོ་འབར་ཞིང་འདུག་པའི་ནང་དུ་དབང་མེད་དུ་ཞུགས་པས་རགས་པའི་ལུས་ཕུང་དངོས་མེད་བསྲེགས་ནས་བི་མ་མི་ཏྲ་ཡིན་སྙམ་པའི་འོད་ཀྱི་སྐུར་ལམ་མེར་གྱུར་པ་བྱུང་ཞེས་པས་མཚོན།   མཁས་གྲུབ་ཟུར་པ་ཡབ་སྲས་ལས་སྒྱུ་འཕྲུལ་གསང་བ་སྙིང་པོ་ཉེ་བརྒྱུད་དུ་གསན།   སོ་ཡེ་ཤེས་དབང་ཕྱུག་ལས་འདུས་པ་མདོ་ཡི་སྨིན་གྲོལ་ཉེ་བརྒྱུད་དུ་གསན།   ཨོ་རྒྱན་ཡབ་ཡུམ་དངོས་ལས་མཁའ་འགྲོ་སྙིང་ཐིག་གི་ཆོས་སྐོར་རྫོགས་པར་གསན།   ཀུན་མཁྱེན་ཀློང་ཆེན་པ་ལས་མཁའ་འགྲོ་སྙིང་ཐིག་སོགས་རྫོགས་ཆེན་མན་ངག་སྡེའི་ཉེ་བརྒྱུད་གསན།   འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཡབ་སྲས་ལས་ཇོ་བོ་བཀའ་གདམས་པའི་གཞུང་གདམས་ཡོངས་རྫོགས་ཀྱི་ཉེ་བརྒྱུད་གསན།   བླ་ཆེན་འབྲོག་མི་དང་།   བླ་མ་དམ་པ་བསོད་ནམས་རྒྱལ་མཚན།   མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་རྣམས་ལས་ཀྱེ་རྡོར་བརྟག་གཉིས་དང་གུར་སམ་གྱི་རྒྱུད་བཤད་ཉེ་བརྒྱུད་དུ་གསན།   ས་ཆེན་ཀུན་དགའ་སྙིང་པོ་ལས་ཡང་ཕུར།   ལམ་འབྲས་ཀྱི་བསྐྱེད་རྫོགས།   ཕུར་པ་རྩ་དུམ་གྱི་ལྗགས་བཤད་བཅས་ཉེ་བརྒྱུད་དུ་གསན།   ལྷོ་བྲག་མར་པ་ལོ་རྩཱ་དང་།   རྔོག་ཆོས་སྐུ་རྡོ་རྗེ་ལས་ཀྱེ་རྡོར་རྩ་རྒྱུད་མར་ལུགས་ཀྱི་བཤད་སྲོལ་ཉེ་བརྒྱུད་བརྙེས།   གྲུབ་ཆེན་ཐང་རྒྱལ་ལས་འོག་ཏུ་འབྱུང་བའི་གྲུབ་ཐོབ་ཐུགས་ཏིག་དང་སྒོམ་པ་ཕྱག་ཆེན་གྭའུ་མ།   བོག་འདོན་ནི་གུ་ཆོས་དྲུག་བཅས་ཉེ་བརྒྱུད་དུ་གསན།   མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལས་ཤངས་ཆོས་སྐོར་ཉེ་བརྒྱུད་དུ་གསན།   གྲུབ་ཆེན་དམ་པ་སངས་རྒྱས་ལས་ཞི་བྱེད་སྐོར་དང་སྙན་བརྒྱུད་སྐོར་དམ་པའི་བླ་སྒྲུབ་སྐོར་བཅས་ཉེ་བརྒྱུད་གསན།   མ་གཅིག་ལབ་སྒྲོན་ལས་གཅོད་ཡུལ་གྱི་བཀའ་བབས་ཉེ་བརྒྱུད་དུ་གསན།   ཆོས་རྒྱལ་རིགས་ལྡན་བརྒྱུད་པར་དང་བཅས་པ་ལས་དུས་འཁོར་སྦྱོར་དྲུག་གི་ཆོས་སྐོར་ཉེ་བརྒྱུད་དུ་གསན།   རྗེ་རང་བྱུང་རྡོ་རྗེ་དང་གྲུབ་ཐོབ་ཨོ་རྒྱན་པ་ལས་བསྙེན་སྒྲུབ་ཀྱི་བཀའ་བབས་ཉེ་བརྒྱུད་དུ་གསན།   སངས་རྒྱས་གསང་བ་ལས་སྒྱུ་འཕྲུལ་ལམ་རིམ་དང་།   རེད་མདའ་བ་གཞོན་ནུ་བློ་གྲོས་ལས་དབུ་མ་བདེན་གཉིས།   སློབ་དཔོན་ཀ་མ་ལ་ཤཱི་ལས་དབུ་མ་རྒྱན་རྩ་འགྲེལ།   འཕགས་པ་ཐོགས་མེད་ལས་བྱམས་ཆོས་སྡེ་ལྔའི་ལྗགས་བཤད་བཅས་ཉེ་བརྒྱུད་དུ་གསན།   གྲུབ་ཆེན་ལཱུ་ཧི་པ་ལས་དཔལ་འཁོར་ལོ་བདེ་མཆོག་གི་ཆོས་བཀའ་ཡོངས་རྫོགས་ཀྱི་ཉེ་བརྒྱུད་བཞེས་པ་སྟེ།   དེ་དག་རེ་རེ་བཞིན་ཇི་ལྟར་གསན་ཚུལ་ནམ་ཟླ་དུས་ཚོད་བཅས་ཞིབ་བར་རྣམ་ཐར་ཆེན་མོ་དང་དེལ་མཁྱེན་རིན་པོ་ཆེ་ནས་བསྒྲིགས་པའི་མཁྱེན་བརྩེའི་བཀའ་བབས་ཀྱི་དཀར་ཆག་ངོ་མཚར་ནོར་བུའི་ཕྲེང་བ་རུ་འབྱུང་།   ཉེ་བརྒྱུད་དེ་དག་གསན་སྐབས་སྙིང་པོ་བསྡུས་པ་ཉམས་མགུར་གྱི་ཚུལ་དུ་གསུངས་པའི་ཆོས་ཚན་འགའ་མཚན་གཞི་ཙམ་བཀའ་བབས་གསར་སྒྲིག་དུ་བཞུགས།   རྒྱས་པ་ནི།   གདམས་ངག་མཛོད་དང་།   རྒྱུད་སྡེ་ཀུན་བཏུས།   སྒྲུབ་ཐབས་ཀུན་བཏུས་སོགས་ཡིན།   དེ་ལྟར་ཟབ་མོ་ཉེ་བརྒྱུད་དུ་བཀའ་བབས་པ་དེ་དག་གི་སྨིན་གྲོལ་བཤད་ཀའི་རྒྱུན་ཡང་ད་ལྟ་བཞུགས་བཞིན་པ་སྟེ་བཀའ་ནས་བཀའ་བརྒྱུད་པའི་བཀའ་བབས་དང་པོའོ།   །གཉིས་པ་ས་གཏེར་ནི་སྐུ་ཆུང་དུས་ནས་ཡབ་གཞིས་ཀྱི་གནས་བྲག་ཞིག་ནས་རྩ་གསུམ་བདེ་གཤེགས་འདུས་པའི་ཆོས་སྐོར་བཞེས།   བསམ་ཡས་ཕྱོགས་སུ་ཕེབས་སྐབས།   མཁའ་འགྲོའི་རིགས་ཅན་ཞིག་གིས་ལྷ་ཆེན་ཞིག་པའི་ཕྱག་མཛུབ་གཅིག་ཕུལ་བར།   དེ་ལས་ཐུགས་ཆེན་སེམས་ཉིད་ངལ་གསོའི་ཆོས་སྐོར་དང་།   དྲི་མེད་ཀུན་དགས་ཡང་གཏེར་དུ་སྦས་པའི་བླ་རྫོགས་ཐུགས་གསུམ་གྱི་སྙིང་པོའི་ཤོག་སེར།   བྲམ་ཟེ་ཉེར་གཅིག་གི་གདུང་རྣམས་བྱོན་པར་བཞེས།   །རོང་མེ་དཀར་མོ་སྟག་ཚང་ནས།   ཐུགས་སྒྲུབ་རྡོ་རྗེ་དྲག་རྩལ་གྱི་སྐུ་རྟེན་དང་།   སིང་ངུ་གཡུ་མཚོ་ནས།   ཧེ་རུ་ཀ་ཞལ་སྦྱོར་གྱི་རྣམ་པའི་གསེར་གྱི་སྒྲོམ་བུ།   སྒྱུ་འཕྲུལ་གསང་སྙིང་གི་ཆོས་སྐོར་བཅས་བཞེས།   གཉན་ཆེན་ཐང་ལྷས་དངོས་སུ་གཏེར་གྱི་སྒྲོམ་བུ་ཞིག་ཕུལ་བར།   དེ་ལས་གུ་རུའི་སྐུ་ཚབ་ཁྱད་འཕགས་དང་།   གུ་རུའི་ཚེམས་ལས་སྤྲུལ་པའི་རིང་བསྲེལ་བཅས་བྱོན་པ་བཞེས།   ཨ་ལོ་དཔལ་འབྱོར་སྒང་གི་རྒྱབ་རི་ནས།   གྲོལ་ཏིག་སྐོར་གསུམ།   གནས་ཡིག་འགའ་ཞིག་བཅས་བཞེས།   ཡབ་གཞིས་ཀྱི་ཁྱུང་ཚང་བྲག་ནས།   རྩ་གསུམ་བཀའ་འདུས་ཀྱི་ཆ་ལག་རྗེ་འབངས་ཉེར་ལྔའི་སྒྲུབ་ཐབས་བཞེས།   ཤངས་ཟབ་བུ་ལུང་དུ་བྱོན་སྐབས།   ཉེ་སྐོར་གྱི་བྲག་རིར་སྒྲོལ་མའི་ཆོས་སྐོར་བཞུགས་པ་གཟིགས་ཤིང་།   གཏེར་བདག་གིས་སྒྲོལ་སྐུ་ཁྱད་འཕགས་ཤིག་ཕུལ།   ཇོ་བོ་ཁ་རག་ཏུ་བྱོན་སྐབས་ཡང་ཕུར་པ་ཁྱད་འཕགས་ཤིག་གཏེར་བདག་གིས་ཕུལ།   གཏེར་ལྷུང་པདྨ་ཤེལ་རི་ནས།   རྡོ་རྗེ་སེམས་དཔའི་སྐུ་ཁྱད་འཕགས་ཤིག་བཞེས།   རྩ་གསུམ་སྤྱི་འདུས་སྐོར་གྱི་གཏེར་སྒྲོམ་མཁའ་འགྲོས་ཕུལ།   རྫོང་ཤོད་སྐུ་གནས་ནས།   པད་རྒྱལ་གྱི་སྐུ་རྒྱན་དཔག་བསམ་ཤིང་འབྲས་དང་།   གནམ་ལྕགས་རྡོ་རྗེ་ཁྱད་འཕགས་གཅིག་བཞེས་པ་སོགས་མང་དུ་བཞུགས་པ་རྣམས་ལས་རྩ་བ་ཙམ་རེ་ལས་གཏན་ལ་འབེབས་པར་མ་གནང་ཞིང་།   ཐུགས་སྒྲུབ་ཡིད་བཞིན་ནོར་བུའི་སྐོར་དང་།   སྐུ་ཚབ་དངོས་གྲུབ་དཔལ་འབར་བཅས་རྩི་སྐེ་ནོར་བུ་སྤུན་གསུམ་དུ་བཞུགས་པ་མཆོག་གྱུར་གླིང་པ་ལ་བཀས་བསྐུལ་ཏེ་སྤྱན་དྲངས་ཤིང་གཏན་ལ་ཕབ།   སྤྱིར་བླ་སྒྲུབ་སྐོར་བཞི་ཀ་དང་བཻ་རོའི་ཐུགས་ཏིག་རྫོགས་ཆེན་སྡེ་གསུམ་སོགས་ཀྱང་རྗེ་འདི་ཉིད་དང་མཆོག་གླིང་ལྷན་རྒྱས་གྱི་གཏེར་ཁ་ཐུན་མོང་བར་སྣང་ངོ་།   །གསུམ་པ་དེ་ལས་འཕྲོས་པའི་ཡང་གཏེར་ནི།   དོན་གྲུབ་ས་ལུག་ལོར་གུ་རུ་རིན་པོ་ཆེ་ཉིད་གཏེར་ཆེན་སངས་རྒྱས་གླིང་པའི་སྐུར་སྣང་བས་གླེགས་བམ་སྩལ་ཞིང་བྱིན་གྱིས་བརླབས་པའི་དག་སྣང་ཁྱད་པར་ཅན་གྱིས་གོ་ཕྱེས་ཏེ་གཏེར་སྟོན་སྟོང་ཙམ་གྱི་རྣམ་ཐར་དང་གཏེར་ཆོས་གང་བཞུགས་ཐམས་ཅད་ཐུགས་ལ་གསལ་ཞིང་དེ་དག་བཀའ་བབས་པའི་བཀའ་ལུང་ཐོབ་པ་ལྟར།   ཕལ་ཆེར་སྔར་གྱི་གཏེར་སྟོན་སོ་སོས་ཡང་གཏེར་དུ་སྦས་པའི་ཤོག་སེར་རྣམས་ཡེ་ཤེས་མཁའ་འགྲོས་སྤྱན་དྲངས་ནས་ཕྱག་ཏུ་ཕུལ་བ་ལས་བརྡ་བསྒྱུར་བ་དང་།   འགའ་ཞིག་བརྡའ་ཡིག་སྤྱན་ལམ་དུ་ཤར་བ་དང་དགོངས་པའི་ཀློང་དུ་རྩོལ་མེད་རང་གསལ་བ་ཉིད་གཏན་ལ་ཕེབ་ཅིང་།   དེ་དག་གི་སྐབས་སུ་གུ་རུ་རིན་པོ་ཆེ་དངོས་དང་དེ་ཉིད་གཏེར་སྟོན་སོ་སོའི་སྐུའི་རྣམ་པར་བསྒྱུར་ནས་སྨིན་གྲོལ་ཆིག་རྫོགས་སུ་སྩལ།   འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་ཞལ་སྔ་ནས་གཞན་གང་ལས་ཀྱང་གཏེར་རྙིང་རྒྱུན་ཆད་པ་སྣ་རེ་ཙམ་བྱུང་ནའང་ཡ་མཚན་ཆེ་བའི་ཐུགས་རྩོལ་ཆེན་པོས་ཡང་ནས་ཡང་དུ་གསོལ་བ་འདེབས་པར་མཛད་པ་བཞིན་ཡང་གཏེར་ཉེ་བརྒྱུད་ཀྱི་རིགས་ཤིན་ཏུ་མང་བར་བྱོན་པ་རྣམས་ལས་བཀའ་བབས་གསར་སྒྲིག་དུ་བཞུགས་པ།   ཐོག་མའི་གཏེར་སྟོན་སངས་རྒྱས་བླ་མའི་རྩ་གསུམ་དྲིལ་སྒྲུབ་སྐོར།   རྒྱ་ལོ་ཙཱའི་བླ་མ་བསྟན་གཉིས་སྐོར་གསུམ་ཆོས་སྐོར་གྱི་ཤོག་སེར་གཏེར་སྲུང་མཁའ་འགྲོས་ཕུལ་བ།   དྲི་མེད་ཀུན་དགའི་ཐུགས་ཆེན་པདྨ་རྒྱལ་པོའི་ཆོས་སྐོར་གྱི་ཤོག་སེར་ཞིང་སྐྱེས་ཙཎྜི་ཀས་ཕུལ་བའི་ཡང་གཏེར།   རོང་ཟོམ་ཆོས་བཟང་གི་པདྨ་མཁའ་འགྲོ་རིགས་བྱེད་རྩལ་གྱི་ཆོས་སྐོར་དཔེ་རྙིང་མཁའ་འགྲོས་ཕུལ་བ།   ཨོ་རྒྱན་གླིང་བའི་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཆོས་སྐོར་བླ་དཔེ་གླེགས་བམ་ཆུང་ཞིག་ཕྱག་ཏུ་བབས་པ་ལས་སྙིང་པོ་ཙམ་གཏན་ལ་ཕབས་པ།   ཇོ་མོ་སྨན་མོའི་མཁའ་འགྲོ་གསང་བ་ཀུན་འདུས་ཆོས་སྐོར་གཏེར་སྲུང་གིས་གཏེར་དཔེ་སྤྱན་ལམ་དུ་ཕབས་པ།   མངའ་རིས་ལེགས་ལྡན་རྡོ་རྗེའི་དྲང་སྲོང་དྲི་མེད་ཀུན་ཏུ་དགེ་བའི་སྒྲུབ་སྐོར་ལས་ཚོགས་བཅས།   ར་མོ་ཤེལ་སྨན་ཡེ་ཤེས་བཟང་པོའི་རྡོ་རྗེ་བདུད་རྩིའི་ཆོས་སྐོར་སྔགས་སྲུང་མས་ཕུལ་བ།   དྲི་མེད་ཀུན་དགའི་ཐུགས་ཆེན་རྒྱལ་བ་རྒྱ་མཚོའི་ཆོས་སྐོར་གཏེར་སྲུང་མཁའ་འགྲོས་ཕུལ་བའི་ཡང་གཏེར།   རྒྱ་སྟོན་པདྨ་དབང་ཕྱུག་གི་བླ་མ་བདེ་མཆོག་འཁོར་ལོའི་ཆོས་སྐོར་གྱི་གཏེར་དཔེ་ཡེ་ཤེས་མཁའ་འགྲོས་བསྟན་ཅིང་བརྡ་སྤྲོད་པ།   ལྷ་བཙུན་སྔོན་མོའི་ཞི་བྱེད་ལྷ་མོ་བདུན་གྱི་མན་ངག་མཆོག་གླིང་གིས་སྤྱན་དྲང་ཏེ་ཤོག་སེར་རྗེ་བླ་མར་ཕུལ་བ།   བལ་པོ་ཨ་ཧཱུྃ་གྱི་ཡཀྵཱ་ཛམྦྷ་ལའི་ཆོས་སྐོར་གྱི་དཔེ་རྙིང་ཆོས་བདག་མཁའ་འགྲོས་ཕུལ་བ།   མངའ་བདག་མོལ་མི་འཁྱིལ་གྱི་རྟ་མགྲིན་གནམ་ལྕགས་མེ་འཁོར་གྱི་ཆོས་སྐོར་ཞིང་སྐྱེས་ཀྱི་མཁའ་འགྲོ་མས་དཔེ་རྙིང་ཕུལ་བ།   གཡག་ཕྱར་སྔོན་མོའི་སྒྲོལ་མ་འཇིགས་པ་ཀུན་སྐྱོབས་ཀྱི་ཤོག་སེར་མཁའ་འགྲོ་ཙཎྜ་ཀས་སྤྱན་ལམ་དུ་ཕུལ་བའི་ཆོས་སྐོར།   དབུ་རུ་ཤཱཀྱ་འོད་ཀྱི་ཕྱག་རྡོར་མེ་འབར་གྱི་ཆོས་སྐོར་ཤོག་སེར་གཏེར་སྲུང་མཁའ་འགྲོས་ཕུལ་བ།   བསམ་གཏན་གླིང་པའི་བཀའ་བརྒྱད་དྲེགས་པ་ཀུན་འདུལ་གྱི་ཤོག་སེར་མཁའ་འགྲོས་ཕྱག་ཏུ་ཕུལ་བའི་ཆོས་སྐོར།   གར་དབང་ལས་འཕྲོ་གླིང་པའི་ཕག་དཀར་སྒྲུབ་ཐབས་རྗེ་ཉིད་ལ་ཡེ་ཤེས་མཁའ་འགྲོས་ཕུལ་བ་བཅས་ཤོག་སེར་ལས་ཕབས་པ་དང་།   ལས་འཕྲོ་གླིང་པའི་པདྨ་གཏུམ་པོ།   ར་ཞི་པདྨ་རིག་འཛིན་གྱི་ཁྱུང་ལྔ།   སྟག་མོ་གཏེར་སྟོན་དབོན་སྲས་ཁྱུང་ཐོག་གི་ཚེ་སྒྲུབ་ཡེ་ཤེས་སྲོག་ཏིག།   ཏའུ་རོག་རྗེ་གླིང་པའི་ཚེ་སྒྲུབ་གསང་བ་རྨད་བྱུང་།   ཉང་གཏེར་གུ་རུ་མཚོ་སྐྱེས་རྡོ་རྗེའི་ཆོས་སྐོར།   ཉང་གཏེར་ཐུགས་ཆེན་འགྲོ་འདུལ།   ར་ཤག་མ་མོ་སྒང་ཤར།   བྱང་ཆུབ་གླིང་པའི་གུ་རུའི་ཐུགས་སྒྲུབ་འཁོར་བ་རང་གྲོལ།   བྱང་གླིང་ཡང་དག་ཞི་ཁྲོ་ཕུར་གསུམ།   གྲུ་གུ་ཡང་དབང་རྩལ་གྱི་རྟ་མགྲིན་བདེ་གཤེགས་འདུས་པ་དྲེགས་པ་ཀུན་སྒྲོལ།   རྡོ་རྗེ་གླིང་པའི་བླ་མ་བཀའ་འདུས་དང་རྫོགས་ཆེན་ཧཱུྃ་སྐོར།   རིན་ཆེན་གླིང་པའི་རྫོགས་ཆེན་ཆིག་ཆོད་ཀུན་གྲོལ།   མངའ་རི་ཚུལ་ཁྲིམས་བཟང་པོའི་ཐུགས་ཆེན་ཡི་གེ་དྲུག་པ།   འགྲོ་འདུལ་ལས་འཕྲོ་གླིང་པའི་ཐུགས་ཆེན་དོན་གསལ་སྒྲོན་མེ།   མཆོག་ལྡན་མགོན་པོའི་གཉེན་པོ་ལྷ་ལྔ།   ལྷ་བཙུན་ཚེ་གཡང་འགུགས་པ།   མེ་ལོང་རྡོ་རྗེའི་སྙིང་ཐིག་སྐོར་བཅས་ཀྱི་གཏེར་རྙིང་གི་ཚན་པ་གཏེར་སྲུང་གིས་ཕུལ་བའི་ཆོས་སྐོར་བཅས་བཀའ་བབས་སུ་བཞུགས་པ་རེ་རེ་བཞིན་གྱི་གཏེར་འབྱུང་རྒྱས་པ་དང་།   དེ་དག་གི་བྱིན་རླབས་ཉེ་བརྒྱུད་དུ་གསན་ཚུལ་ཞིབ་པར་རྣམ་ཐར་ཆེན་མོ་དང་བཀའ་བབས་དཀར་ཆག་སོགས་སུ་བཞུགས།   གཞན་ཡང་འཕྲེང་མགོ་གཏེར་ཆེན་ཤེས་རབ་འོད་ཟེར།   འཇའ་ཚོན་སྙིང་པོ།   སྟག་ཤམ་བསམ་གཏན་གླིང་པ་དང་།   ཉང་གུར་བྱང་གསུམ་སོགས་ཀྱིས་མཚོན་གཏེར་ཆེན་གཏེར་ཕྲན་མང་པོའི་གཏེར་ཆོས་ཉེ་བརྒྱུད་ཡང་གཏེར་དུ་བཀའ་བབས་བརྙེས་པ་མང་ཡང་།   དེ་དག་གི་རིང་བརྒྱུད་བར་མ་ཆད་པ་བཞུགས་པས་བཀའ་བབས་གསར་སྒྲིག་ཏུ་མ་བཀོད་གསུངས་སོ།   །བཞི་པ་ཟབ་མོ་དགོངས་པའི་གཏེར་ནི།   དགུང་གྲངས་ཉེར་དགུ་ས་སྤྲེལ་ལོར་དབུས་སུ་ཕེབས་ལམ་བྱང་འབྲོག་དགེ་རྒྱལ་ནས་ཚེས་བཅུའི་ཚོགས་མཆོད་སྐབས་གུ་རུ་རིན་པོ་ཆེས་དངོས་ཞལ་བསྟན་ནས་བྱིན་གྱིས་བརླབས།   བསམ་ཡས་སུ་ཉང་གཏེར་མཚོ་སྐྱེས་རྡོ་རྗེའི་སྐུ་ཚབ་མཆོད་འབུལ་མཛད་སྐབས་སྐུ་དེ་མཚོ་སྐྱེས་རྡོ་རྗེ་དངོས་སུ་གྱུར་ནས་བྱིན་གྱིས་བརླབས་ཤིང་གདམས་པ་གནང་བ་ལ་བརྟེན།   བླ་སྒྲུབ་སྐོར་གསུམ་གྱི་གསང་སྒྲུབ་མཚོ་སྐྱེས་སྙིང་ཐིག་གི་ཆོས་སྐོར་བྱོན་པ་དང་།   དགུང་ལོ་སོ་ལྔ་པ་ཤིང་སྟག་རྒྱལ་ཟླ་བར་འཆི་མེད་ཡིད་བཞིན་འཁོར་ལོའི་བསྙེན་སྒྲུབ་མཛད་པས་འཕགས་མ་ཡི་གེ་བཅུ་པའི་སྒྲ་གདངས་ཅན་དངོས་སུ་ཞལ་གཟིགས་ནས་བྱིན་གྱིས་བརླབས།   སླར་འཆི་མེད་གྲུབ་པའི་སློབ་དཔོན་རྣམས་ཀྱིས་ཀྱང་བྱིན་གྱིས་བརླབས་པ་ལ་བརྟེན་ནས་འཕགས་མའི་སྙིང་ཐིག་གི་ཆོས་སྐོར་བྱོན་ཅིང་།   གྲུབ་ཆེན་ཐང་སྟོང་རྒྱལ་པོས་ཞལ་བསྟན་ཅིང་བྱིན་གྱིས་བརླབས་པས་གྲུབ་ཐོབ་ཐུགས་ཏིག།   སྒྲུབས་ཐབས་སྙིང་པོ་སྐོར་ལྔ།   ཁྲག་འཐུང་བདེ་གཤེགས་འདུས་པའམ་གྲུབ་ཐོབ་བཀའ་བརྒྱད་དུ་གྲགས་པའི་ཆོས་སྐོར་བབས་པ་དང་།   གཞན་ཡང་སྐུ་གསུམ་བླ་མའི་རྣམ་འབྱོར་སྐོར།   རྩ་གསུམ་འོད་གསལ་སྙིང་ཐིག་གི་ཆོས་སྐོར་བཅས་བཞུགས་པ་འདི་དག་ནི་རྒྱུད་དང་དབྱེར་མེད་པའི་རྡོ་རྗེའི་ཚིག་རྐང་།   སོ་སོའི་སྐྱེ་བོའི་བློ་ལས་འདས་པ་དགོངས་གཏེར་གྱི་ཕུལ་དུ་གྱུར་པའོ།   །ལྔ་པ་རྗེས་དྲན་ནི།   །བོད་དུ་བྱོན་སྐབས་གཙང་འུ་ཡུག་གི་མདོར་ཕེབས་པའི་ཚེ་སྔོན་ལྕེ་བཙུན་ཆེན་པོ་འོད་ལུས་སུ་གཤེགས་པའི་གནས་དུས་ཇི་ལྟ་བར་རྗེས་སུ་དྲན་ནས་གཏན་ལ་ཕབ་པ་ལྕེ་བཙུན་སྙིང་ཐིག་དང་།   ལང་གྲོ་དཀོན་འབྱུང་གི་སྔོན་གནས་རྗེས་སུ་དྲན་པའི་ཚེ་སྒྲུབ་བཻ་རོའི་ཐུགས་ཏིག།   སེང་གདོང་དཀར་མོའི་བཅུད་ལེན་སོགས་སྣང་བར་མཛད་དོ།   །དྲུག་པ་དག་སྣང་ནི།   དགུང་ལོ་བཅོ་ལྔ་པའི་སྐབས་ཚེ་སྒྲུབ་ཟབ་མོའི་བསྙེན་སྒྲུབ་མཛད་སྐབས་ཚེས་བཅུའི་ཐོ་རངས་ཀྱི་དུས་སུ་དག་པའི་སྣང་བར་འཆི་མེད་མནྡཱ་ར་བ་ཚེ་ཡུམ་རྩཎྜ་ལཱིའི་རྣམ་པས་ཡབ་བཀའ་ཚེ་དཔག་མེད་ཧྲཱིཿགཅིག་གི་སྐོར་དང་།   ཚེ་ཡུམ་ཙཎྜ་ལཱིའི་གདམས་སྐོར་ཕབས།   ཀུན་མཁྱེན་ཀློང་ཆེན་པས་རྗེས་སུ་བཟུང་བས་ཀློང་ཆེན་སྙིང་ཐིག་གི་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་དང་།   ལྕགས་རྟ་མགོ་ཟླའི་ཚེས་བཅོ་ལྔར་དག་པའི་སྣང་བར་བདེ་བ་ཅན་གྱི་བྱེ་བྲག་པདྨས་ཁེབས་པའི་ཞིང་དུ།   གཏེར་ཆེན་མཆོག་གླིང་ཉིད་བྱང་ཆུབ་སེམས་དཔའ་པདྨའི་མྱུ་གུ་ཞེས་པའི་སྐུར་བཞུགས་པ་དེའི་སྒྲུབ་ཐབས་སྐུ་གསུམ་རིགས་འདུས་ཀྱི་ཆོས་སྐོར་ཕབས།   དེ་དག་གིས་མཚོན་ཏེ་གྲུབ་ཆེན་མི་ཏྲ་ཛོ་ཀིའི་སྙིང་ཐིག་ཅེས་ཚེ་སྒྲུབ་དཀར་དམར་གྱི་ཕྱི་ནང་གསང་སྒྲུབ།   ཕ་དམ་པ་སངས་རྒྱས་ཀྱི་བླ་སྒྲུབ།   ཁྲི་སྲོང་བླ་སྒྲུབ་སྐོར་བཅས་དངོས་སུ་སྤེལ་བ་ནི་དེ་ཙམ་མོ།   །བདུན་པ་སྙན་བརྒྱུད་ནི།   དགུང་གྲངས་ཞེ་བརྒྱད་པ་མེ་ཡོས་ཟླ་བ་གསུམ་པའི་ནང་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བཞུགས་པའི་ནུབ་གཅིག་མཆོད་རྟེན་བདེ་བྱེད་བརྩེགས་པར་བཀའ་བབས་རིག་འཛིན་བརྒྱད་གུ་རུ་མཚན་བརྒྱད་ཀྱི་རྣམ་པ་དང་།   ཀུན་འདུས་པདྨ་ཐོད་ཕྲེང་རྣམས་ཕྱོགས་མཚམས་དབུས་སུ་བཞུགས་པ་ལས།   རྒྱུད་སྒྱུ་འཕྲུལ་ཞི་ཁྲོ།   སྒྲུབ་ཆེན་བཀའ་བརྒྱད་ཀྱི་གཞུང་གདམས་ངག་སོ་སོར་གསན།   སློབ་དཔོན་ཆེན་པོས་ལུང་ཨ་ནུ་དང་།   རྫོགས་ཆེན་ཨ་ཏིའི་གདམས་པ་རྣམས་ཀྱང་སྙན་བརྒྱུད་དུ་རྩལ་བ་ལས།   གཏན་ལ་ཕབས་པ་འཇམ་དཔལ་གཤིན་རྗེའི་ཐུགས་ཏིག།   སྙན་བརྒྱུད་རྟ་མཆོག་རོལ་པའི་སྙིང་ཐིག།   སྙན་བརྒྱུད་ཡང་དག་ཟབ་ཏིག།   སྙན་བརྒྱུད་ཡང་ཕུར་སྦྲག་མའི་ཟབ་ཏིག།   སྙན་བརྒྱུད་ཡོན་ཏན་བདུད་རྩིའི་མཆོག་ཏིག།   སྙན་བརྒྱུད་ཕུར་པའི་གནད་ཏིག།   སྙན་བརྒྱུད་སྲིད་པ་མ་མོའི་གནད་ཏིག་བཅས་ཀྱི་ཆོས་སྐོར་གཏན་ལ་ཕབ་བོ།   །དེ་ལྟར་བཀའ་བབས་བདུན་དུ་བཞུགས་པའི་ཆོས་སྐོར་རྣམས་རྗེ་ཆོས་ཀྱི་བློ་གྲོས་ཀྱིས་བཀའ་བསྡུ་དགོངས་བཞེད་མཛད་ནའང་།   དུས་འགྱུར་དབང་གིས་རྟེན་འབྲེལ་འཕྲོ་ཅན་དུ་ལུས་པ།   ཕྱིས་ཆོས་བྱེད་ཀྱི་རང་དབང་ཐོབ་པའི་གོ་སྐབས་བྱུང་བ་དང་བསྟུན།   རབ་བྱུང་བཅུ་བདུན་པའི་མེ་ཡོས་ལོར་གུས་ཕྲན་བལ་ཡུལ་ཕྱོགས་སུ་གནས་མཇལ་འགྲོ་སྐབས།   རྡོ་རྗེ་འཆང་མཁྱེན་སྤྲུལ་རབ་གསལ་ཟླ་བ་ལ་གསོལ་བ་བཏབ་པ་བཞིན་དཀར་ཆག་གནང་།   གུས་ཕྲན་ནས་དཔེ་འཚོལ་སྡུད་དང་།   བྲིས་ཡོན་སོགས་ཀྱི་འགྲོ་སོང་ཕུད་དེ་པོད་བཅུ་བཞིར་བསྡུས།   བཀའ་དྲིན་མཚུངས་མེད་དཔེ་ཝར་རིན་པོ་ཆེ་འཇམ་དབྱངས་བསོད་ནམས་ལེགས་པའི་དབང་པོའི་ཐུགས་རྗེ་ལ་བརྟེན།   ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་སྡུར་ཅུས་ནས་ཚར་བརྒྱ་ཐམ་པ་ཀློག་སྤར་དུ་བསྐྲུན་ཡོད།   དེ་དག་ནི་གསང་བའི་རྣམ་པར་ཐར་པའི་སྙིང་པོ་མདོ་ཙམ་སྨོས་པ་ཡིན་ནོ།   །དེ་ལྟར་ངོ་མཚར་རྨད་དུ་བྱུང་བའི་མཛད་པ་རེ་ཞིག་མཐར་ཕྱིན་ནས་དགུང་གྲངས་དོན་གསུམ་བཞེས་པ་ཆུ་ཕོ་འབྲུག་གི་ལོ་དབོ་ཟླ་བའི་ཤེར་ཕྱོགས་དགའ་བ་གཉིས་པའི་ནངས་མོ་མེ་ཏོག་འཐོར་བ་དང་བཅས་ཤིས་བརྗོད་ཤིན་ཏུ་མང་པོ་གནང་རྗེས་མཉམ་པར་བཞག་བཞིན་པའི་ངང་ནས་གཟུགས་སྐུའི་བཀོད་པ་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲའི་དགོངས་དབྱིངས་སུ་བསྡུས་སོ།   །སླར་ཡང་ལུང་དོན་བཞིན་སྤྲུལ་གཞི་རི་བོ་རྩེ་ལྔ་ནས་མཆོག་གི་སྤྲུལ་པའི་སྐུའི་བཀོད་པ་ལྔ་ཅིག་ཅར་དུ་སྣང་བར་མཛད་པས་བསྟན་འགྲོའི་དོན་བསམ་གྱིས་མི་ཁྱབ་པ་མཛད་དང་མཛད་བཞིན་པ་འདིའོ།   །དེ་ལྟར་རྣམ་ཐར་ཞལ་གསུང་རྩ་བར་བྱས་ཏེ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་དུ་བྲིས་པ་བརྗོད་བྱ་གཙོ་བོར་བྱས།   ཁུངས་ལྡན་ཡིག་ཆ་གཞན་ནས་ཀྱང་ཅུང་ཟད་ཁ་བསྐངས་ཏེ་བྲིས་སོ།   །དམ་པ་འདི་ཉིད་ཀྱི་རྣམ་ཐར་རྒྱས་པ་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་མཛད་པ།   རྣམ་ཐར་ཞལ་གསུང་ཚིགས་བཅད་མ།   རྡོ་གྲུབ་བསྟན་པའི་ཉི་མས་མཛད་པ།   འཇུ་མི་ཕམ་རིན་པོ་ཆེ་ནས་མཛད་པ།   །རྗེ་ཉིད་ཀྱི་དྲུང་ཆེན་འཇམ་དབྱངས་ལེགས་པའི་བློ་གྲོས་ཀྱིས་མཛད་པ།   མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་གིས་མཛད་པའི་ཆོས་ཀྱི་བློ་གྲོས་ཀྱི་སྐྱེས་རབས་རྣམ་ཐར་རྣམས་དང་།   རིན་ཆེན་གཏེར་མཛོད་དང་གདམས་ངག་མཛོད་ཀྱི་དཀར་ཆགས་དང་བརྒྱུད་ཡིག།   རྒྱུད་སྡེ་ཀུན་བཏུས་དང་སྒྲུབ་ཐབས་ཀུན་བཏུས་ཀྱི་དཀར་ཆགས་དང་བརྒྱུད་ཡིག།   དེལ་མཁྱེན་རིན་པོ་ཆེས་མཛད་པའི་བཀའ་བབས་དཀར་ཆག།   འཇམ་མགོན་ཀོང་ཆེན་པ་དང་གཏེར་ཆེན་མཆོག་གྱུར་གླིང་པ།   འཇམ་མགོན་བློ་གཏེར་ཞབས་རྣམས་ཀྱི་རྣམ་ཐར་སོགས་ལས་དཔྱད་གཞི་ཅི་རིགས་འབྱུང་ངོ་།   །
  • ལེ་ཚན་སྔོན་མ།:རྫོང་སར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་རྣམ་ཐར།
  • ལེ་ཚན་རྗེས་མ།:རྒྱལ་རོང་གི་མི་སྣ་གྲགས་ཅན།