བོད་ཀྱི་ལོ་གསར་བྱེད་སྟངས།

བློ་གྲོས་ཕུན་ཚོགས        2013-02-27

བོད་ཀྱི་ལོ་གསར་བྱེད་སྟངས་ལ་མདོ་དབུས་ཁམས་གསུམ་ལ་ཡུལ་གྱི་ཁྱད་ཀྱིས་བྱེད་སྟངས་ལ་ཅུང་ཟད་ཁྱད་པར་ཡོད་འདུག ངེད་ཀྱི་ཕ་ཡུལ་ཁམས་སྡེ་དགེ་སྨན་ཤོད་ལ་མཚོན་ན། ལོ་སར་རན་གྲབ་ནས་ཐག་རིང་བྱེས་སུ་སོང་བ་ཐམས་ཅད་ལོ་སར་གྱི་དུས་སྟོན་ལ་རང་ཁྱིམ་དུ་མ་སླེབས་ཐབས་མེད་བྱེད་སྲོལ་ཡོད། དེ་ནི་གཞིས་བྱེས་མཉམ་མཛོམ་ཕ་དགོན་མཆོད་མཇལ་ཕ་ལྷ་གསོལ་མཆོད་ཀྱི་དུས་ཞེས་ཟེ་སྲོལ་ཡོད། ཚེས་ཉེར་བརྒྱད་དང་ཉེར་དགུ་གཉིས་ལ་དགུ་གཏོར་འཆམ་མཇལ་དང་། ཚེས་ཉེར་དགུ་ལ་ཁྱིམ་དུ་གཙང་སྒྲ་དང་མཁྱེན་བརྩེ་བླ་བྲང་སོགས་ཆ་རྐྱེན་འཛོམ་མཁན་རྣམས་ནས་གད་སྙིག་སྲེ་རག་བཀར་ཡས་ཀྱི་ཆོ་ག་དང་སྒྲགས་ཕྱིར་འཕོ་སྲོལ་ཡོད། བཀར་ཡས་ཆོ་ག་ཆ་རྐྱེན་མ་འཛོམ་ཀྱང་རྐྱེན་ངན་བར་ཆད་ཐམས་ཅད་ཕྱིར་སོང་ཞེས་བརྗོད་དེ་འཕོ་སྲོལ་ཡོད། དེ་ནས་ཟས་སྣ་དགུ་འཛོམ་པའི་དགུ་ཐུག་འཐུང་ནས་ཐུགས་སྤྲོ་བཏང་། དེ་ནས་ལོ་སར་དངོས་རྫོང་སར་མཁྱེན་བརྩེའི་བླ་བྲང་ལ་མཚོན་ན། ཚེས་གཅིག་ཉིན། སྔ་མོ་གཟིམ་ཆུང་སྐུ་འཁོར་གྱིས་འཆི་མེད་མེད་འཕགས་མའི་སྙིང་ཐིག་གི་བླ་སྒྲུབ་བྱིན་རླབས་སྙིང་པོའི་ཚོགས་མཆོད། དེ་འབྲེལ་གསོ་ཀ་མགོར་བསང་མཆོད་སྤྱི་དང་ཡུལ་བསང་སྦྱར་མཛད་། དེ་ནས་ཉིན་གུང་མངའ་སྒང་མཆོག་སྤྲུལ་རྣམ་གཉིས། དགོན་གཞུང་རྡོར་སློབ། དབྱར་མཁན། དབུ་མཛོད་གཉིས། ཆོས་ཁྲིམས་ཆེ་ཆུང་བཅས་གསོལ་ཚིགས་གདན་ཞུས། དེ་དག་གིས་མཁྱེན་བརྩེ་རིན་པོ་ཆེ་ལ་དར་བཏང་སྔོན་དུ་འགྲོ་བས་གྲལ་ལ་འཁོད། གསོལ་སྟོན་གྲོ་མ། འབྲས་སིལ་སོགས་སྡེར་ཁ་བསྒྲིག་བཞེས། རྒྱ་འབོར་དངུལ་དངོས་གྱི་གསོལ་རས་བསྒྲིགས་སྲོལ་ཡོད། ལོ་གསར་མཆོད་བཤམས། དབུས་སུ་ཕྱེ་མར་ཉི་ཟླ་ནོར་ཏོག་ཅན། དེའི་གཡས་སུ་ཁུར་བ་སོགས་ཟས་སྣ། དེའི་གཡས་སུ་གཉེན་ཆེན་ཐང་ལྷའི་ཐུན་མིན་མཆོད་རྫས་ལུག་མགོ་མར་རྒྱན་ཅན། གཡོན་དུ་ཕུད་ཀོང་དུ་དཀར་མཆོད་ཞོ་འོ་གང་རུང་། དེའི་གཡོན་དུ་ཆང་ཏིར་མར་གྱི་ཟེ་ཀྲོག་ལྡན་པ་བཤམས་སྲོལ་འདུག འདི་ལུག་མགོ་ཕུད་དེ་མིན་ཁྱིམས་ཚང་ཆེ་ཆུང་ཚང་མ་གཅིག་མཚུངས་ཡིན། འདི་བཤམས་པ་ལས་ཡུལ་གཞན་ལྟར་ཕྱེ་མར་ཆང་ཕུད་བཀྱག་སྲོལ་མེད། ལྷ་བསང་ལ་བསང་རྫས་ཕུད་ཀོང་ཟུར་དུ་དགོས། ཐབ་ཚང་དུ་གྲོ་ཕྱེའམ་ས་དཀར་ལྟ་བུའི་དཀར་ཐིག་གིས་རྫས་རྟགས་སོགས་བཀྲ་ཤིས་པའི་རི་མོ་བྲི་སྲོལ་འདུག་པ་དེ་དག་ཡུལ་དགོན་ཚང་མ་གཅིག་མཚུངས་ཡིན། གྲྭ་མང་ནས་འདུ་བ་ཞེས་ངོར་ལུགས་བདུན་གྱི་སྒྲུབ་མཆོད་ཆེན་མོ་འགོ་ཚུགས་པ་ཡིན་པས་གུར་པ་མཆོད་ཁག་ནས་སྔ་མོ་ས་འདུལ་ཚོགས་དགོས། དེ་བྱིང་རང་ཤགས་སུ་ལོ་གསར་བཏང་། མཆོད་སྡེ་རྣམས་ནས་སྔ་མོ་སྐར་ཆུ་ལེན་ཏེ་མཆོད་ཁང་དུ་མཆོད་བཤམ་སྤྱི་དང་། ཚོམས་ཁང་དུ་མཆོད་སྟེགས་སྟེང་གོང་གསལ་ལོ་གསར་གྱི་ཁྱད་པར་མཆོད་བཤམས་བསྒྲིགས། མདུན་ཅོག་དུ་ཟས་སྣ་སྒྲིག མདུན་ཧོར་སོགས་ཁྱིམ་ཚང་ཆེ་ཁག་རྣམས་ནས་རྩ་གསུམ་དྲིལ་སྒྲུབ་ཀྱི་ཚོགས་མཚོད་ཕུལ། དེའི་བསང་མཆོད་ནམ་གསལ་བ་དང་ཁེལ་བ་བྱེད་དགོས། ཚོགས་མཆོད་མཐུན་རྐྱེན་མེད་མཁན་རྣམས་ཀྱང་། ནམ་གསལ་བ་དང་ལྷ་བསང་བཏང་། ཟས་སྣ་བསྒྲིགས་ཚར་ནས་ཇ་མཆོད། སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་མཆོད་པ་འབུལ། །ལྟ་བུ་ངེས་པར་འདོན་དགོས། ཚེས་གཅིག་ལ་གཉེན་ཉེ་ནང་མ་ལྟ་བུ་ལས་ཕྱི་མགྲོན་འབོད་སྲོལ་མེད། ཚེས་གཉིས་ནས་རིམ་བཞིན་རང་རང་གི་གཉེན་ཉེ་མཛའ་ཤག་ཁྱིམ་མཚེས་རྣམས་ཕན་ཚུན་མགྲོན་འབོད། ཉེར་འཁོར་གྲོང་མི་ཡོངས་ཀྱི་བྱིས་པ་རྣམས་ལ་དངུལ་དངོས་ཟས་རིགས་སོགས་ཀྱི་བརྔན་པ་སྟེར་སྲོལ་ཡོད། ཁྱད་པར་ཚེས་ལྔ་ལ་ཚེས་ལྔ་འགྲོ་ཞེས་ངེས་པར་དགོན་པར་མཆོད་མཇལ་དང་ཞལ་སྐོར་འགྲོ་སྲོལ་ཡོད། དེ་འང་འདུ་ཁང་ཆེན་མོ། ལམ་འབྲས་ལྷ་ཁང་། མཁྱེན་བརྩེའི་དབང་ཁང་། རྩེའི་ལྷ་ཁང་། བླ་མ་ལྷ་ཁང་གི་ང་འདྲ་མའི་མདུན་སོགས་ལྷ་ཕྱག་སྔོན་དུ་འགྲོ་བས་གསོལ་འདེབས་སྨོན་ལམ་བྱེད། དེ་ནས་གླིང་སྐོར་བཅས་ཉིན་ཧྲིལ་དགོན་དུ་འདུ་འཛོམ་བྱེད་སྲོལ། དེ་ནི་ལོ་འཁོར་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་བའི་དུས་སྟོན་ཡིན་པས་དེར་མ་སོང་ན་ལོ་གཅིག་ནང་ལམ་འགྲོ་མི་འོང་བར་དོགས་ཏེ་མ་སླེབས་ཐབས་མེད་བྱེད་སྲོལ་ཡོད། དེ་ནས་རིམ་བཞིན་གྲོང་ཚོ་སོ་སོའི་ནང་འདས་གྲོང་སོང་བའི་དགུང་ཞག་མེད་ཚེ་གླུ་བྲོ་སོགས་དགའ་སྟོན་གྱི་རྩེ་དགར་རོལ་སྲོལ་ཡོད་ལ། མ་ཎི་དང་སིདྡྷི་སོགས་ཚོགས་སྲོལ་ཡོད། ཚེས་བཅུ་ལ་ཁྱིམ་ཚང་སོ་སོར་ཚེས་བཅུའི་ཚོགས་མཆོད། བླ་མཆོད་ཆ་རྐྱེན་མེད་མཁན་རྣམས་རང་གིས་ཡི་གེ་ཤེས་ན་འདོན་ཆོག ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔ་ལ་དགོན་དུ་འདུ་འཛོམ་གྱིས་ཞལ་སྐོར་བཅས་ལོ་སར་མཇུག་རྫོགས་ཀྱི་རེད། ཞེས་པའང་གནའ་མི་རྒན་པོ་བློ་གྲོས་ཕུན་ཚོགས་ཀྱིས་ཡུལ་འདིར་གནའ་བོའི་ལོ་སར་བཏང་ཚུལ་ལོ་ཆུང་རྣམས་ལ་དྲན་བསྐུལ་དུ་རབ་བྱུང་༡༧བའི་ཟླ་༡ཚེས་༤་དགོང་མོར་བྲིས་པ་དགེ།
  • ལེ་ཚན་སྔོན་མ།:བོད་ཀྱི་འཁྲུངས་སྐར་མཛད་སྒོ།
  • ལེ་ཚན་རྗེས་མ།:བོད་མིའི་སེམས་ནང་གི་བཀྲ་ཤིས་པའི་ཨང་ཀི།