བོད་ཀྱི་གཉེན་སྟོན་མཛད་སྒོ།

        2013-02-27

བོད་ཀྱི་ཡུལ་སྲོལ་གཉེན་སྟོན་མཛད་སྒོའི་གསལ་བཤད་ཅུང་ཟད་ཞུ་ན།  སྤྱིར་དེང་དུས་མི་རྣམས་ལད་མོ་ལ་དགའ་བས་གཉེན་སྟོན་གྱི་མཛད་སྒོ་ལ་རྒྱ་ནག་པ་རྣམས་ཕ་མེས་ནས་བཞག་པའི་སྲོལ་རྒྱུན་ཡོད་བཞིན་དུ་ནུབ་ཕྱོགས་རྒྱལ་ཁབ་ཀྱི་སྟངས་ཀ་བྱེད།    བོད་རྣམས་ཀྱིས་རང་གི་ཕ་མེས་ནས་བཞག་པའི་སྲོལ་རྒྱུན་ཡོད་བཞིན་དུ་རྒྱ་ནག་དང་ཕྱི་རྒྱལ་གྱི་ལད་མོ་བྱེད།    ཕྱི་རྒྱལ་དང་རྒྱ་རིགས་སངས་རྒྱས་པར་དད་མཁན་མགའ་ཡིས་བོད་ཀྱི་གཉེན་སྟོན་བྱེད་སྟངས་འདི་དམ་པའི་ཆོས་དང་འབྲེལ་བའི་རྒྱུ་མཚན་དང་ལྡན་པ་རེད་འདུག་ཟེ་ནས་བོད་ལུགས་ལྟར་གཉེན་སྒྲིག་བྱེད་མཁན་ཡང་ཁ་ཤས་མཐོང་སོང་།    ང་ཚོ་གངས་ཅན་ཁ་བ་རི་པ་ལ་མཚོན་ན་མི་ལོ་སྟོང་ཕྲག་གི་གོང་ནས་དམ་པའི་ཆོས་དང་ཡུལ་སྲོལ་གོམས་གཤིས་ཆུ་དང་འོ་མ་འདྲེས་པ་བཞིན་དབྱེར་མི་ནུས་པ་གྱུར་ཡོད།    དེའི་སྲོལ་རྒྱུན་ལྟར་བྱས་ན་རང་མི་རིགས་ཀྱི་ཡུལ་སྲོལ་རྒྱུན་འཛིན།   དམ་པའི་ཆོས་དང་འབྲེལ་བས་དགོས་པ་རྒྱུ་མཚན་དང་ལྡན་པ་ཡོད་པས་མི་རིགས་ལ་མི་རིགས་ཀྱི་འདུ་ཤེས་ཡོད་མཁན་ཞིག་ཡིན་ཕྱིན་གཞན་གྱི་ལུགས་ལ་འགྲམ་ཆུ་ལྡོང་དགོས་དོན་རྩ་བ་ནས་མེད།    འོན་ཀྱང་དེང་དུས་དམངས་གཙོའི་བལྟ་བ་ལ་ཤུགས་ཇེ་ཆེར་འགྲོ་བཞིན་པས་གཉེན་སྟོན་ནི་རང་རང་གི་འཚོ་བ་རོལ་སྟངས་ཞིག་ཡིན་སྟབས་གང་ལ་མོས་ན་དེ་ལྟར་བྱེད་པ་ལས་བཙན་བཀག་བྱེད་རྒྱུ་ག་ན་ཡོད།       དེའང་གངས་ཅན་བོད་ལ་མཚོན་ན་ནང་གསེས་མདོ་དབུས་ཁམས་གསུམ་ལ་ཡུལ་གྱི་ཁྱད།   འབྲོག་སྡེ་དང་ཡུལ་སྡེ་ཞིང་འབྲོག་གི་ཁྱད་པར།   ཁྱིམ་བདག་ཆེ་ཆུང་སོགས་ཆ་རྐྱེན་འཛོམ་མིན།   ས་དགེ་ཀར་རྙིང་སོགས་ཆོས་ལུགས་ཀྱི་ཁྱད་ཀྱིས་ཡུལ་སྲོལ་གོམས་གཤིས་དང་སྤྲོས་པ་རྒྱས་བསྡུས་སོགས་ལ་ཅུང་ཟད་ཁྱད་པར་ཡོད་ནའང་དོན་གྱི་ཆ་ལ་རྩིས་དཀར་ནག་དང་དམ་པའི་ཆོས་དང་འབྲེལ་བའི་སྤྱི་ཁོགས་ཀྱི་འགྲོས་ལ་ཁྱད་པར་མེད།     འདིར་སྔོན་སྡེ་དགེ་ཆོས་རྒྱལ་ཆེན་པོའི་བག་སྟོན་སྐབས་རིས་མེད་བསྟན་པའི་མངའ་བདག་འཇམ་མགོན་བློ་གྲོས་མཐའ་ཡས་ཞབས་ཀྱིས་མཛད་པའི་བག་མ་ལ་དགེ་བའི་ལས་ཕྲན་བདུན་གྱི་ཆོ་ག་བཀྲ་ཤིས་དཔལ་སྐྱེད་ཅེས་བྱ་བས་སྤྱི་ཁོག་ཕུབ་ཡོད།    དེ་ནི་ལུང་ཚན་སོ་སོའི་གནའ་མི་རྒན་པོ་རྣམས་ཀྱི་ངག་སྒྲོས་ཙམ་མིན་པ་གནའ་སྲོལ་གྱི་བཅུད་བསྡུས་མཁས་པ་ཁུངས་ཐུབ་ཀྱི་གསུང་།  བག་བཤད་དང་སྒོ་བཤད་སོགས་དོན་གྱི་སྙིང་པོས་སྟོང་བའི་སྤྲོས་པ་རྒྱ་ཆེ་བ་མིན་པ་ཧ་ཀྱང་མཇུག་བདེ་བ་བཞུགས་པས་དེར་རྒྱུ་མཚན་བྱས་པ་ཡིན།  
ད་ནི་ལག་ལེན་དངོས་ལ་འཇུག་སྟེ། 
གནའ་སྲོལ་ལྟར་ན་ཁྱིམ་ཚང་ཆེ་ཆུང་སོགས་རང་རང་གི་བབ་བསྟུན་རྩིས་གཞུང་སོགས་དང་སྒོ་བསྟུན་ནས་ཕ་མས་གཉེན་ཚན་ཐག་གཅོད་བྱེད་སྲོལ་ཡོད།   དེང་དུས་དམངས་གཙོ་ཤུགས་ཆེ་བས་ཁྱོ་ཤུག་རང་རང་ནས་ཐག་གཅོད་པ་མང་བས་དེ་ལྟར་བྱས་ཀྱང་ལེགས་པར་མངོན།   གང་ལྟར་ཡང་མི་ཚེའི་འཚོ་བའི་བདེ་སྡུག་གི་འགག་རྩ་ཡིན་པས་རྩིས་གཞུང་དང་མཐུན་པའི་འགྲོ་ལུགས་དང་རིམ་གྲོ་སོགས་ནི་ངེས་པར་གལ་ཆེ།    དེའང་དཔེར་ན་ཆོ་གའི་སྲོག་དང་རླུང་རྟ།   ཆུང་མའི་ལུས་དང་དབང་ཐང་རང་སར་བཞག་ནས་འབྱུང་འཕྲད་འཐབ་པས་ནང་མཐུན་མིན།   མཐུན་ན་མི་ཚེ་བདེ་ཞིང་སྐྱིད་པར་འོང་ལ།      གལ་ཏེ་མ་མཐུན་ན་དེ་ལ་དཔག་པའི་རིམ་གྲོ་སོགས་ཀྱིས་བཅོས་ཐུབ་པས་རྩིས་གཞུང་ལས་འབྱུང་བའི་རིམ་གྲོ་གང་མཚམས་གལ་ཆེ།    བག་མ་དངོས་སུ་མ་འགྲོ་སྔོན་གཙུག་གཡུ་འདོག་པ་སོགས་ཀྱིས་མཚོན་རེ་རེ་བཞིན་འགྲོ་ལུགས་ཡོད་ཀྱང་ཆོ་ག་དངོས་དང་འགྲེལ་བ་བག་མའམ་མག་པའི་ཞྭ་གོས་དང་གདན་གྱི་ཁ་དོག་སོགས་སྔ་མོ་ནས་གྲ་སྒྲིག་དགོས།   འགྲོ་ཉིན་གྱི་གཟའ་སྐར་དང་ཕྱོགས་གཙང་སོགས་རྩིས་གཞུང་དང་བསྟུན་པ་ནི་རྒྱ་བོད་གཉིས་ཀའི་སྤྱི་ལུགས་ཡིན་འདུག་པས་གལ་ཆེ།
དེ་ནས་ཐོག་མར་བག་མ་བཏང་མཁན་ཚང་ནས་རྩིས་བབས་དང་བསྟུན་རྩིས་གཏོ་དང་གཡང་ཆོག་སོགས་འདོན་དགོས།
བག་མ་ལེན་མཁན་ནས་བག་མ་བསུ་སྐྱེལ་ཕྱོགས་གཉིས་ཀ་ནས་རྒྱས་བསྡུས་རང་རང་གི་མཐུན་རྐྱེན་ལ་དཔག་པ་ཡུལ་སྲོལ་ལྟར་གོས་རྒྱན་གཟབ་སྤྲོས་བཅས་རིམ་པར་ཁང་མགོ་མཐོང་སར་སླེབས་མ་ཐག་གླང་ཆེན་སྣ་བསྒྱུར་གྱི་གཏོ་བཅའ་སྒྲུབ་བྱས་པ་ཡོད་ན་བོར་དགོས་ཀྱང་མ་གྲུབ་ཀྱང་འོག་ཏུ་སྣ་འདྲེ་བསྐྲད་པ་ཡོད་པས་དེས་མཐུས།   
དེ་ནས་སྒོ་རྩར་སླེབས་པ་ནས་དངོས་གཞི་ལས་ཕྲན་བདུན་ནི།   ༡༽སྣ་འདྲེ་བསྐྲད་པ།   ༢༽མནོལ་གྲིབ་བཀྲུ་བ།   ༣༽གདན་བཏིང་བ།   ༤༽དཀར་གསུམ་གྱིས་ངོ་གསོ་བ།   ༥༽མིང་འདོགས་པ།   ༦༽ལྷ་ལ་འདོགས་པ།   ༧༽གཡང་འགུགས་པ་རྣམས་དང་།  ༨༽ ཞར་བྱུང་མཐའ་རྟེན་ཤིས་པ་བརྗོད་པ་བཅས་བརྒྱད་ལས།   །
དང་པོ་བག་སྣ་ལ་འདྲེ་ཡོད་པས་དེ་བསྐྲད་པ་ནི།   སྒོ་རྩར་སླེབ་པ་དང་།   སྔགས་འཆང་གིས་ཐུན་དང་དགྲ་གཤེད་ཀྱི་རྫས།   སྟག་ཡོས་ལོ་བ་ལ་ལྕགས་ཀྱི་རལ་གྲི་འམ་སྟབས་མ་བདེ་ན་རྡོ་རྗེའང་ལྕགས་རིགས་ཡིན་ལ་མཚོན་ཆའང་ཡིན་པས་མ་འཐུས་པ་མེད།   རྟ་སྦྲུལ་ལ་ཆུ་སྐྱོག་ནག་པོ།   བྱ་སྤྲེལ་ལ་མེ་སྒྲོན།   བྱི་ཕག་ལ་ས་སེར།   གཤེད་བཞི་ལོ་པ་ལ་ཚེར་མ་ཅན་གྱི་ཤིང་གི་ཡལ་ག་སོགས་ཐོགས་ལ།   ཆོ་ག་བཞིན་བགེགས་བསྐྲད།
གཉིས་པ་ཁྲུས་གསོལ་བ་ནི་སྒོ་རྩ་དེ་གར་སྣ་ཁྲུས་ཆོ་ག་བཞིན་བཏང་།    དེ་ནས་བག་མ་ལག་སྟོང་དུ་འོང་མི་རུང་བས་ལག་གཡས་སུ་མདའ་དར་དང་།     གཡོན་དུ་བཀྲ་ཤིས་གཏེར་བུམ་ལྟར་བུ་ཁྱེར་ནས་རིམ་པར་སྒོ་ནས་འཇུག་སྟེ་བཞུགས་གྲྭ་སྒྲིག་ཡུལ་ཚོམས་ཆེན་ལྟ་བུར་སླེབས་པ་དང་དེ་གར་ཅུང་ཟད་བཞེངས།    དེ་ནས་སྤྲོ་ན་མི་ཁ་བདེ་ཞིག་གིས་མདའ་བཤད་བྱེད།  ཚར་གྲབ་ནས་མདའ་དར་དང་བུམ་གཏེར་མཆོད་སྟེགས་ལྟ་བུར་འཇོགས།   
གསུམ་པ་གདན་བཏིང་བ་ནི།    དེའང་ཚོམས་ཆེན་ལྟ་བུའི་འདུག་གྲྭ་སྒྲིག་ཡུལ་གྱི་ཕུག་ཏུ་མཆོད་བཤམས།  དེ་མདུན་བླ་མཆོད།   གཡས་གྲལ་ལམ་སྟབས་འགྲིག་ན་བག་མའི་ཕྱྭ་ལོན་གྱི་ཕྱོགས།   དེང་དུས་ལྟར་ན་ཁྱོ་ཤུག་གཉིས་ཀ་འདུག་ནའང་འགལ་བ་མེད།   དེའི་བག་རོག་སོགས།   གཡོན་དུ་ཕ་མ་སོགས།  གཞན་གཉེན་མགྲོན་རྣམས་ཁང་ཡུལ་ལྟར་གོ་སྒྲིག་སྤྱི་དང་།   ཁྱད་པར་བག་གདན་དངོས་རྩིས་གཞུང་དང་མཐུན་པའི་བག་གདན་ཁ་དོག་འདིང་དགོས།    དེ་ནས་གྲལ་དུ་འཁོད་ནས་བླ་མས་དེའི་ཆོ་ག་གཞུང་བཞིན་བཏང་།
བཞི་པ་དཀར་གསུམ་གྱིས་ངོ་གསོ་བ་ནི།   མཐུན་གསུམ་ལོ་མ་བཀྲ་ཤིས་པའི་བུ་མོ་འམ་ཁྱེའུ་ལ་དཀར་གསུམ་གྱི་བཟའ་བཏུང་ཁེམ་དང་བཅས་པ་བཟུང་བཅོལ་ཞིང་ལན་གསུམ་ཕྱིས་ལ་བཀྱག།   དེ་བླ་མས་ཆོ་གའི་འདོན་རིམ་དང་བསྟུན་དང་པོ་ཕུད་མཆོད་ཚུལ།    དེ་ནས་བཞེས་ཏེ་ལྷག་མ་ཅུང་ཟད་བཅས་ཕྱིར་བཞག  
ལྔ་པ་མིང་འདོགས་པ་ནི།    བླ་མས་ཆོ་ག་བཞིན་ཤིས་བརྗོད་དང་བཅས་ཏེ་སྔར་མིང་ཡོད་པ་ཡིན་ཀྱང་སྐབས་འདིར་བཀྲ་ཤིས་རིགས་བརྒྱུད་འཕེལ་བའི་རྟེན་འབྲེལ་དུ་མིང་གསར་པ་ཞིག་འདོག་པའི་མཚན་བྱང་གནང་།
དྲུག་པ་ལྷ་ལ་འདོགས་པ་ནི།   བླ་མས་ལྷ་རྟེན་གྱི་མདའ་དར་རམ།   ཚེ་བུམ་སོགས་ཐོགས་ལ།  ཕ་མེས་ཀྱི་ལྷ་སྲུང་ལ་བཅོལ་བའི་བདེན་པ་བདར།  
བདུན་པ་གཡང་འགུགས་པ་ནི།    བླ་མས་མདའ་དར་གཡབ་ལ།  གཡང་འགུགས་གདངས་དང་བཅས་གསུང་།
བརྒྱད་པ་ཞར་བྱུང་མཐའ་རྟེན་བཀྲ་ཤིས་བརྗོད་པ་ནི།   བླ་མས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད་ཅིང་མེ་ཏོག་གི་ཆར་སིལ་མར་འཐོར་བ་བཅས་བྱའོ།   །
དེ་དག་གི་སྐབས་སུ་བླ་མའི་མཛད་སྒོ་རྣམས་མ་གྲུབ་བར་སྐད་སྒྲ་སོགས་མེད་པ་ཐམས་ཅད་འཇམ་ཐིང་ངེར་གནས་པ་ནི་ཤིན་ཏུ་གལ་ཆེ་བས་རྒྱུས་མེད་རྣམས་ལ་སྔ་ས་ནས་གོ་བརྡ་སྤྲོད་དགོས།   བཀྲ་ཤིས་པའི་བྱ་བ་གཉེན་སྟོན་གྱི་མཛད་སྒོའི་སྐབས་ཞི་ཞིང་འཇམ་ལ་དགའ་སྤྲོའི་རྣམ་པ་ལས་ཁོང་ཁྲོ་བའི་རྣམ་པ་ཐོག་མཐའ་ཀུན་ཏུ་མི་འབྱུང་བ་གལ་ཆེའོ།   །
དེ་ནས་སྐུ་མགྲོན་རྣམས་ཀྱིས་ཕྱག་རྟགས་མཚན་བྱང་ལྡན་པ་སྟེགས་ཁྲི་ལྟར་བུར་བསྒྲིགས་པ་སོགས་རང་རང་ཡུལ་སྲོལ་ལྟར་གྲུབ་རྗེས།   གསོལ་སྟོན་ལ་ཞུགས་ཏེ་གླུ་གཞས་སོགས་ཀྱི་དགའ་སྟོན་ལ་རོལ་པར་བྱའོ།   །
དེ་དག་གི་ཆོ་ག་དངོས་ནི་ཟུར་དུ་འབུལ་བ་བཅས་བོད་ལུགས་ཀྱི་གནའ་སྲོལ་ལ་གཉེན་སྒྲིག་གི་སྲོལ་རྒྱུན་ངོ་མཚར་བ་ཡོད་ཀྱང་དེང་དུས་ན་གཞོན་རྣམས་ཀྱིས་ཕ་ནོར་བུ་ཡིས་མི་ཤེས་པའི་ས་མཚམས་ལ་སླེབས་འདུགས་པས་དྲན་བསྐུལ་གྱི་ཆེད་དུ་སྡེ་དགེ་རྫོང་སར་བ་རྒན་པོ་བློ་གྲོས་ཕུན་ཚོགས་ཀྱིས་རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་ལོའི་ཟླ་བ་༡་ཚེས་༨་ཉིན་བྲིས་པ་དགེ་ཞིང་བཀྲ་ཤིས་པར་ཤོག།  །།
 
༄༅།   །བག་མ་ལ་དགེ་བའི་ལས་ཕྲན་བདུན་གྱི་ཆོ་ག་བཀྲ་ཤིས་དཔལ་སྐྱེད་ཅེས་བྱ་བ་བཞུགས་སོ།   །ན་མོ་མཉྫུ་ཤྲཱི་ཡ།   འཇིག་རྟེན་པའི་སྲིད་འཛིན་པ་ལ་བག་མ་ལེན་པའི་ཆོ་ག་ཞེས་འཕགས་ཡུལ་དུ་རིགས་བྱེད་ལུགས་དང་།   རྒྱ་ནག་འབྱུང་རྩིས་ལས་ཅི་རིགས་པ་འབྱུང་ཡང་།   སོ་སོའི་ཡུལ་ལུགས་འདོད་སྦྱར་ལྟ་བུས་གཞུང་གཞན་ལྟར་ཁྲིགས་སུ་སྦྱར་བ་མེད་སྟབས།   ཡིག་རྙིང་ཕལ་ཆེར་གྲོང་སྔགས་པ་མི་མཁས་པས་བཅོས་པས་ཚུལ་དང་མཐུན་པ་མི་སྣང་བས།   འདིར་བག་མ་ལ་དགེ་བའི་ལས་ཕྲན་བདུན་ཞེས་གྲགས་པ་དེ་ཉིད་སྐབས་སུ་བབས་ཤིང་འཐད་པའི་ཕྱོགས་སུ་བཟུང་ནས་ཁྲིགས་སུ་བཀོད་པ་ལ།   ཐོག་མར་སྣ་བོན་བསྐྱེད་རིམ་ལྷ་སྔགས་ཀྱི་གདིང་དང་ལྡན་ཅིང་ནུས་པ་ཐོབ་པ།   བག་མའི་བདུན་ཟུར་ལོ་པ་ཞིག་གིས་བྱ་བ་འབྱུང་རྩིས་ཀྱི་དགོངས་པ་ཡིན་ལ།   ཡོ་བྱད་དྲག་སྔགས་ཀྱིས་བཏབ་པའི་ཐུན་དང་རྣམ་འཇོམས་དང་སྨེ་བརྩེགས་བསྐྱེད་བཟླས་ཀྱིས་བྱིན་གྱིས་བརླབས་པའི་ཁྲུས་ཆུ་མེ་ལོང་།   སྣ་འདྲེ་སྐྲོད་པའི་རྫས་སྟག་ཡོས་ལོ་བ་ལ་ལྕགས་ཀྱི་རལ་གྲི།   རྟ་སྦྲུལ་ལ་ཆུ་སྐྱོག་ནག་པོ།   བྱ་སྤྲེལ་ལ་མེ་སྒྲོན།   བྱི་ཕག་ལ་ས་སེར།   གཤེད་བཞི་ལོ་པ་ལ་ཚེར་མ་ཅན་གྱི་ཤིང་གི་ཡལ་ག་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་རྩིས་གཞུང་དང་།   ཡུལ་ལུགས་བསྟུན་ཏེ་འདུ་བྱ།   དེ་ནས་བག་མས་ཁང་མགོ་མཐོང་སར་སླེབ་མ་ཐག་གླང་ཆེན་སྣ་བསྒྱུར་གྱི་གཏོ་བཅའ་སྒྲུབ་བྱས་པ་བོར།   དངོས་གཞི་ལས་ཕྲན་བདུན་ནི།   སྣ་འདྲེ་བསྐྲད་པ།   མནོལ་གྲིབ་བཀྲུ་བ།   གདན་བཏིང་བ།   དཀར་གསུམ་གྱིས་ངོ་གསོ་བ།   མིང་འདོགས་པ།   ལྷ་ལ་འདོགས་པ།   གཡང་འགུགས་པ་རྣམས་དང་།   མཐའ་རྟེན་ཤིས་པ་བརྗོད་པའོ།   །
དང་པོ་བག་སྣ་ལ་འདྲེ་ཡོད་པས་དེ་བསྐྲད་པ་ནི།   སྒོ་རྩར་སླེབ་པ་དང་།   སྔགས་འཆང་གིས་ཐུན་དང་དགྲ་གཤེད་ཀྱི་རྫས་ཐོགས་ལ།   ཡི་དམ་གང་རུང་གི་ང་རྒྱལ་བཟུང་དགོས་ཀྱང་།   འདིར་སྤྱི་ཙམ་དུ།   ཨོཾ་ཨཱ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཧ་ན་མ་ཐ་བྷཉྫ་ཧཱུྃ་ཕཊ།   རང་ཉིད་སྐད་ཅིག་གིས་འཇམ་དཔལ་ནག་པོ་རབ་ཏུ་ཁྲོས་པའི་སྐུར་གྱུར།   ཧཱུྃ་ཧྲཱིཿབླ་མ་རྣམས་ཀྱི་བྱིན་རླབས་དང་།   །ཡི་དམ་ལྷ་ཡི་ཏིང་འཛིན་དང་།   །མཁའ་འགྲོ་ཆོས་སྐྱོང་མཐུ་སྟོབས་ཀྱིས།   །དངོས་གྲུབ་བར་ཆད་བྱེད་པའི་བགེགས།   །ལོག་པར་འདྲེན་པ་བདུད་ཀྱི་ཚོགས།   །འདི་རུ་མ་འདུག་གཞན་དུ་དེངས།   ན་མོ།   རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་།   སངས་རྒྱས་ཀྱི་བཀའ་བཀའ་བདེན་པ་དང་།   ཆོས་ཀྱི་བཀའ་བདེན་པ་དང་།   དགེ་འདུན་གྱི་བཀའ་བདེན་པ་དང་།   གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང་།   ཆོས་ཉིད་གདོད་ནས་རྣམ་པར་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་།   ཁྱད་པར་དུ་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ཞི་བ་དང་ཁྲོ་བོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་།   དཔལ་ལྡན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་དང་ལས་དང་འཇིག་རྟེན་པ་རྣམས་ཀྱི་བཀའ་བདེན་པ་དང་།   བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས།   བག་སྣ་ལ་རྒྱུ་བའི་འབྱུང་པོ་གདོན་གྱི་རིགས་སུ་གྱུར་ཅིང་གནོད་འཚེའི་བསམ་སྦྱོར་དང་ལྡན་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག  །གལ་ཏེ་བདེན་པའི་བཀའ་ཐོས་བཞིན་དུ་འགྲོ་བར་མི་བྱེད་པ་དེ་དག་ཐམས་ཅད་རབ་ཏུ་འབར་བའི་རྡོ་རྗེའི་ཁྲོ་བོ་དང་མཚོན་ཆའི་ཆར་ཆེན་པོས་རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར་རོ།   །ཨྱེ་ཨྱེ་ཨྱེ༔   ཨཱ་ཀྲོ་དྷེ་ཀ་ཡ་མཱནྟ་ཀ་ཡ་མ་ཡེ༔  ཀཱ་ལ་རཱུ་པ་ཀ་པ་ཡེ༔  ཧྲཱི༔ཥྟཱི་ཨ་པ་ཡེ༔  ཨ་ཨ་ནེ་ཨ་ནེ༔  ཨུ་ཨུ་ནེ་ཨུ་ནེ༔  དུ་དུ་ནེ་དུ་ནེ༔   ཨ་ཨི་ཨུ་ཨེ་ཨོ་ཨཾ༔  ར་རཱི་ལ་ལཱི༔  དུ་རུ་ཡེ༔  བྱ་ཙ་ཡེ༔  སིང་ཧ་ཡེ༔  ཧྲི་ད་ཡེ༔  བྷི་ཏ་ཡེ༔  ཙིཏྟ་ཡེ༔  ཧ་ལ་ཡེ༔  མུ་ཀ་ཡེ༔  ཨུ་ཨུ་ནེ་ཨུ་ཨུ་ནེ༔  བྱི་ཏྲི་ཏ༔  ཨ་ཨ་ན་ན༔  ཡ་མ་རཱ་ཛ༔  ཡ་མ་རཱ་ཛ༔  ཡ་མ་རཀྴ༔  ཡ་མ་རག་ཨ༔  ཡ་མ་རཀ་ཥ༔  བཻ་ཏཱ་ལི་ཀྲོ་དྷཱི་ཤྭ་རཱི་མ་མ་ཨེ་ཀ་ཛཱ་ཊི་དེ་མ་ཁ་ལ་བཾ་རིལ་རུ་ལུ་རུ་ལུ་ཤྲཱི་བཛྲ་ཀྲོ་དྷ་ཡ་མ་ཀརྨ་རོ་ཥ་ཎ་ཀྲོ་དྷ་ཙནྜ་ར་ཀུ་མོནྟ་ཨཱ༔  ཧཱུྃ་ཛ༔   ཞེས་དང་།   ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ།   གྲྀ་ཧྣ་གྲྀ་ཧྣ་ཧཱུྃ།   གྲྀ་ཧྣ་པ་ཡ་གྲྀ་ཧྣ་པ་ཡ་ཧཱུྃ།   ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱཱ་རཱ་ཛཱ་ཀྲོ་དྷ་ཧཱུྃ་ཕཊ།   ཅེས་ཨྱེ་རིང་སོགས་དྲག་སྔགས་གང་ཤེས་དང་སུམ་བྷ་ནི་བརྗོད་ལ་ཐུན་གཏོར།   དེ་ནས་དགྲ་གཤེད་ཀྱི་རྫས་ཐོགས་ལ།   ཧཱུྃ།   ང་ནི་འཕགས་པ་འཇམ་དཔལ་ཏེ།   །འབྱུང་བ་ལྔ་ལས་གྱུར་པ་ཡི།   །འདྲེ་གདོན་འབྱུང་པོ་ཡིད་གཟུགས་ཅན།   །བག་མའི་སྣ་ལ་རྒྱུ་བ་ཀུན།   །གནོད་འཚེའི་བསམ་སྦྱོར་རབ་ཏུ་སྤོངས།   །འབྱུང་བ་ལྔ་ཡི་དབྱིངས་སུ་དེངས།   །ཡེ་ཤེས་ལྔ་ཡི་རང་རྩལ་ལས།   །རྟེན་འབྲེལ་རྫས་སུ་ཤར་བ་འདི།   །འཇམ་དཔལ་དབྱངས་ཀྱིས་རྗེས་སུ་གནང་།   །སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས།   །ཏིང་འཛིན་སྔགས་ཀྱི་ནུས་མཐུ་བསྐྱེད།   །ཕྱར་བ་ཙམ་གྱིས་ཀུན་ཀྱང་འདར།   །བྲབས་པ་ཙམ་གྱིས་འདྲེ་གདོན་ཞི།   །སྣང་སྲིད་གདུག་རྩུབ་ཞི་བར་ནུས།   །ཤིང་གི་གནོད་པ་དར་བ་ན།   །གནམ་ལྕགས་རལ་གྲི་འབར་བས་བཅད།   །མེ་ཡི་གནོད་པ་དར་བ་ན།   །ཆུ་རྒྱུན་རྦ་རླབས་འཁྲུགས་བས་བསང་།   །ལྕགས་ཀྱི་གནོད་པ་དར་བ་ན།   །མེ་དཔུང་རབ་ཏུ་འབར་བས་བཞུ།   །ཆུ་ཡི་གནོད་པ་དར་བ་ན།   །གཡོ་མེད་ས་ཡི་ཕུང་པོས་བསུབ།   །ས་ཡི་གནོད་པ་དར་བ་ན།   །ལྗོན་ཤིང་ཡལ་ག་རྒྱས་པས་བཤིག   །འབྱུང་ལྔའི་ལྷ་འདྲེ་གནོད་སེམས་ཅན།   །ཐམས་ཅད་རང་དགྲའི་ནུས་པས་བཅོམ།   །འཕགས་པ་འཇམ་དཔལ་བདེན་པ་དང་།   །རྟེན་འབྲེལ་རྫས་གྱི་ནུས་པ་ཡིས།   །འབྱུང་ལྔའི་སྣ་འདྲེ་ཞི་གྱུར་ཅིག   །ཨོཾ་པྲ་སོད།   ཆུ་སོད།   དུར་མི་སོད།   དུར་རྟ་སོད།   ཆུ་ཁ་ལ་མགོ་ལ་སོད།   གཉན་མགོ་ལ་ཆོང་།   ཁ་ལ་ཛཿ  ཀཾ་ཤཾ་ཏྲཾ་རྦད་ཕཊ་སྭཱ་ཧཱ།   ཞེས་བརྗོད་ལ་རལ་གྲི་ཡིན་ན་གཡུགཆུ་འཐོར་སོགས་བྱའོ།   །
གཉིས་པ་བག་མ་ལ་ཁྱིམ་ལྷ་སོགས་མནོལ་བའི་གྲིབ་ཡོད་པས་དེ་བཀྲུ་བ་ནི།   སྔར་བསྒྲུབས་པའི་ཁྲུས་ཆུ་དང་མེ་ལོང་ཐོགས་ལ།    འདི་ནི་ཁྲུས་མཆོག་དཔལ་དང་ལྡན།   །ཐུགས་རྗེའི་ཆུ་ནི་བླ་ན་མེད།   །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ།   །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད།   །རྣམ་འཇོམས་དང་སྨེ་བརྩེགས་སྔགས་ལ།   ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ།   ཧུ་ལུ་ཧུ་ལུ།   ཏིཥྛ་ཏིཥྛ།   བནྡྷ་བནྡྷ།   ཧ་ན་ཧ་ན།   ཨ་མྲྀ་ཏེ་ཧཱུྃ་ཕཊ།   ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ།   ཡྃ་ཧོ་ཤུདྡྷེ་ཤུདྡྷེ།   བྃ་ཧོ་ཤུདྡྷེ་ཤུདྡྷེ།   ལྃ་ཧོ་ཤུདྡྷེ་ཤུདྡྷེ།   རྃ་ཧོ་ཤུདྡྷེ་ཤུདྡྷེ།   ཨེ་ཡྃ་བྃ་ལྃ་རྃ་ཧོ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ།   ཞེས་སོགས་ཁྲུས་བདུན་རིགས་པ་བཏགས་ལ་ཁྲུས་བྱ་བ་ཕྱིན་ཆད་འགྲེའོ།   །འདི་ནི་སྦྱིན་པའི་རང་བཞིན་ཆུ།   །སེར་སྣའི་དྲི་མ་སྦྱོང་མཛད་པ།   །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུ།   །ཁྲུས་ལེགས་མཛད་ཀྱིས་ཁྲུས་བྱའོ།   །ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ།   ཧུ་ལུ་ཧུ་ལུ།   ཏིཥྛ་ཏིཥྛ།   བནྡྷ་བནྡྷ།   ཧ་ན་ཧ་ན།   ཨ་མྲྀ་ཏེ་ཧཱུྃ་ཕཊ།   ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ།   ཡྃ་ཧོ་ཤུདྡྷེ་ཤུདྡྷེ།   བྃ་ཧོ་ཤུདྡྷེ་ཤུདྡྷེ།   ལྃ་ཧོ་ཤུདྡྷེ་ཤུདྡྷེ།   རྃ་ཧོ་ཤུདྡྷེ་ཤུདྡྷེ།   ཨེ་ཡྃ་པྃ་ལྃ་རྃ་ཧོ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ།   འདི་ནི་ཚུལ་ཁྲིམས་རང་བཞིན་ཆུ།   །ཁྲིམས་འཆལ་དྲི་མ་སྦྱོང་མཛད་པ།   །ཚུལ་ཁྲིམས་དྲི་ཡིས་ལེགས་བསྒོས་ཆུ།   །ཁྲུས་ལེགས་མཛད་ཀྱིས་ཁྲུས་བྱའོ།   །ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ།   ཧུ་ལུ་ཧུ་ལུ།   ཏིཥྛ་ཏིཥྛ།   བནྡྷ་བནྡྷ།   ཧ་ན་ཧ་ན།   ཨ་མྲྀ་ཏེ་ཧཱུྃ་ཕཊ།   ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ།   ཡྃ་ཧོ་ཤུདྡྷེ་ཤུདྡྷེ།   བྃ་ཧོ་ཤུདྡྷེ་ཤུདྡྷེ།   ལྃ་ཧོ་ཤུདྡྷེ་ཤུདྡྷེ།   རྃ་ཧོ་ཤུདྡྷེ་ཤུདྡྷེ།   ཨེ་ཡྃ་བྃ་ལྃ་རྃ་ཧོ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ།   འདི་ནི་བཟོད་པའི་རང་བཞིན་ཆུ།   །ཁོང་ཁྲོའི་དྲི་མ་སྦྱོང་མཛད་པ།   །བཟོད་པ་དྲི་ཡིས་ལེགས་བསྒོས་ཆུ།   །ཁྲུས་ལེགས་མཛད་ཀྱིས་ཁྲུས་བྱའོ།   །ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ།   ཧུ་ལུ་ཧུ་ལུ།   ཏིཥྛ་ཏིཥྛ།   བནྡྷ་བནྡྷ།   ཧ་ན་ཧ་ན།   ཨ་མྲྀ་ཏེ་ཧཱུྃ་ཕཊ།   ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ།   ཡྃ་ཧོ་ཤུདྡྷེ་ཤུདྡྷེ།   བྃ་ཧོ་ཤུདྡྷེ་ཤུདྡྷེ།   ལྃ་ཧོ་ཤུདྡྷེ་ཤུདྡྷེ།   རྃ་ཧོ་ཤུདྡྷེ་ཤུདྡྷེ།   ཨེ་ཡྃ་བྃ་ལྃ་རྃ་ཧོ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ།   འདི་ནི་བརྩོན་འགྲུས་བཞིན་ཆུ།   །ལེ་ལོའི་དྲི་མ་སྦྱོང་མཛད་པ།   བརྩོན་འགྲུས་དྲི་ཡིས་ལེགས་བསྒོས་ཆུ།   །ཁྲུས་ལེགས་མཛད་ཀྱིས་ཁྲུས་བྱའོ།   །ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ།   ཧུ་ལུ་ཧུ་ལུ།   ཏིཥྛ་ཏིཥྛ།   བནྡྷ་བནྡྷ།   ཧ་ན་ཧ་ན།   ཨ་མྲྀ་ཏེ་ཧཱུྃ་ཕཊ།   ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ།   ཡྃ་ཧོ་ཤུདྡྷེ་ཤུདྡྷེ།   བྃ་ཧོ་ཤུདྡྷེ་ཤུདྡྷེ།   ལྃ་ཧོ་ཤུདྡྷེ་ཤུདྡྷེ།   རྃ་ཧོ་ཤུདྡྷེ་ཤུདྡྷེ།   ཨེ་ཡྃ་བྃ་ལྃ་རྃ་ཧོ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ།   འདི་ནི་བསམ་གཏན་རང་བཞིན་བཞིན་ཆུ།   །རྣམ་གཡེང་དྲི་མ་སྦྱོང་མཛད་པ།   །བསམ་གཏན་དྲི་ཡིས་ལེགས་བསྒོས་ཆུ།   །ཁྲུས་ལེགས་མཛད་ཀྱིས་ཁྲུས་བྱའོ།   །ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ།   ཧུ་ལུ་ཧུ་ལུ།   ཏིཥྛ་ཏིཥྛ།   བནྡྷ་བནྡྷ།   ཧ་ན་ཧ་ན།   ཨ་མྲྀ་ཏེ་ཧཱུྃ་ཕཊ།   ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ།   ཡྃ་ཧོ་ཤུདྡྷེ་ཤུདྡྷེ།   བྃ་ཧོ་ཤུདྡྷེ་ཤུདྡྷེ།   ལྃ་ཧོ་ཤུདྡྷེ་ཤུདྡྷེ།   རྃ་ཧོ་ཤུདྡྷེ་ཤུདྡྷེ།   ཨེ་ཡྃ་བྃ་ལྃ་རྃ་ཧོ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ།   འདི་ནི་ཤེས་རབ་རང་བཞིན་ཆུ།   །ཤེས་འཆལ་དྲི་མ་སྦྱོང་མཛད་པ།   །ཤེས་རབ་དྲི་ཡིས་ལེགས་བསྒོས་ཆུ།   །ཁྲུས་ལེགས་མཛད་ཀྱིས་ཁྲུས་བྱའོ།   །ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ།   ཧུ་ལུ་ཧུ་ལུ།   ཏིཥྛ་ཏིཥྛ།   བནྡྷ་བནྡྷ།   ཧ་ན་ཧ་ན།   ཨ་མྲྀ་ཏེ་ཧཱུྃ་ཕཊ།   ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ།   ཡྃ་ཧོ་ཤུདྡྷེ་ཤུདྡྷེ།   བྃ་ཧོ་ཤུདྡྷེ་ཤུདྡྷེ།   ལྃ་ཧོ་ཤུདྡྷེ་ཤུདྡྷེ།   རྃ་ཧོ་ཤུདྡྷེ་ཤུདྡྷེ།   ཨེ་ཡྃ་བྃ་ལྃ་རྃ་ཧོ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ།     ཧཱུྃ།   རྣམ་པར་འཇོམས་པའི་བྱིན་རླབས་དང་།   །སྨེ་བ་བརྩེགས་པའི་ནུས་མཐུ་དང་།   །གསང་སྔགས་རིགས་སྔགས་བདེན་པ་ཡིས།   །བཀྲུའོ་སྡིག་སྒྲིབ་ཐམས་ཅད་བཀྲུ།   །བཀྲུའོ་ནད་གདོན་བགེགས་རིགས་བཀྲུ།   །བྱུར་དང་སྐལ་པ་ངན་པ་དང་།   །བཀྲ་མི་ཤིས་པ་ཐམས་ཅད་བཀྲུ།   །ཕྱོགས་ངན་འདྲེ་ལྔ་བདུད་གཅོད་དང་།   །མི་གཙང་མནོལ་གྲིབ་ཕོག་པ་བཀྲུ།   །ཟས་ངན་ལྟོ་རུ་ཟོས་པ་དང་།   །གོས་ངན་ལུས་ལ་གྱོན་པ་བཀྲུ།   །རྒབ་འདྲེ་ཡུལ་འདྲེ་འཁྱམས་པོ་དང་།   །དམ་སྲི་དཀོར་འདྲེའི་གནོད་པ་བཀྲུ།   །ཤི་འདྲེ་མོ་དང་གསོན་འདྲེ་མོ།   །བསེ་རག་འགོང་པོའི་ཁ་རླངས་བཀྲུ།   །ཕ་རོལ་བྱད་ཁ་རྦོད་གཏོང་དང་།   །བྱོལ་པོ་ཆགས་ཆེའི་གནོད་པ་བཀྲུ།   །ཕ་ལྷ་མ་ལྷ་ཞང་ལྷ་དང་།   །ཕྲག་ལྷ་ཡུལ་ལྷ་མནོལ་བ་བཀྲུ།   །ཕ་མཚུན་དགྲ་བླ་གཉན་པོ་དང་།   །སྐྱོབ་བྱེད་ལྷ་སྲུང་མནོལ་བ་བཀྲུ།   །མཁོན་དང་བཙོག་གིས་མནོལ་བ་བཀྲུ།   །དམེ་དང་ཡུག་གིས་མནོལ་བ་བཀྲུ།   །འབྱུང་ལྔའི་གདོན་གྱིས་མནོལ་བ་བཀྲུ།   །གངས་རི་བཞིན་དུ་དཀར་གྱུར་ཅིག   །ཤེལ་དཀར་བཞིན་དུ་གསལ་གྱུར་ཅིག   །བཀྲ་ཤིས་བདེ་ལེགས་རྒྱས་གྱུར་ཅིག   །ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ།   ཧུ་ལུ་ཧུ་ལུ།   ཏིཥྛ་ཏིཥྛ།   བནྡྷ་བནྡྷ།   ཧ་ན་ཧ་ན།   ཨ་མྲྀ་ཏེ་ཧཱུྃ་ཕཊ།   ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ།   ཡྃ་ཧོ་ཤུདྡྷེ་ཤུདྡྷེ།   བྃ་ཧོ་ཤུདྡྷེ་ཤུདྡྷེ།   ལྃ་ཧོ་ཤུདྡྷེ་ཤུདྡྷེ།   རྃ་ཧོ་ཤུདྡྷེ་ཤུདྡྷེ།   ཨེ་ཡྃ་བྃ་ལྃ་རྃ་ཧོ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ།   ཞེས་སྔགས་བརྗོད།   སྟོང་གསུམ་ཀུན་ཏུ་དྲི་ངད་དང་ལྡན་པའི།   །སྤོས་དང་སྨན་སྦྱར་ཆུ་གཙང་དག་པའི་ཁྲུས།   །ཡེ་ཤེས་སྤྲིན་ཕུང་མཁའ་ལ་ཆར་འབེབས་པས།   །མི་གཙང་དྲི་མའི་ཚོགས་ཀུན་དག་གྱུར་ཅིག   །ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བི་ལ་མཎྜ་ལ་མ་ཡེ་སྭཱ་ཧཱ།   ཨོཾ་མ་མ་ཀ་ར་ཀ་ར་ཡེ་སྭཱ་ཧཱ།   ཨོཾ་མ་མ་ཁཾ་ཁཾ་ཡེ་སྭཱ་ཧཱ།   ཨོཾ་མ་མ་རཾ་རཾ་ཡེ་སྭཱ་ཧཱ།   ཨོཾ་མ་མ་སུ་སུ་སྟཾ་སྟཾ་ཡེ་སྭཱ་ཧཱ།   ཨོཾ་མ་མ་སྔོ་ཏ་སྔོ་ཏ་ཡེ་སྭཱ་ཧཱ།   ཞེས་དང་།   ཨོཾ་ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝ་ཧེ་ཏུནྟེ་ཥནྟ་ཐཱ་ག་ཏོ་ཧྱ་ཝ་དཏ།  ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲཱ་མ་ཎཿཡེ་སྭཱ་ཧཱ།   ཞེས་ཡེ་དྷར་བརྗོད་ལ་ཁྲུས་བྱའོ།   །
གསུམ་པ་ཁྱིམ་ནང་དུ་བག་མའི་སྲོག་ལུས་དབང་ཀླུང་བསྐྱེད་པའི་གདན་གང་དགོས་རྩིས་གཞུང་དང་མཐུན་པར་བཏིང་བའི་སྟེང་དུ་ཁ་སྨེ་བ་དཀར་གསུམ་མམ།   ཕྱྭ་ལོན་སོགས་ཀྱི་ཕྱོགས་སུ་བསྟན་ཏེ་བཞག་ལ།   ཀྱེ།   བཀྲ་ཤིས་སྲིད་པ་དང་པོ་ལ།   །བོད་ཁམས་ཁ་བ་ཅན་ལྗོངས་སུ།   །འཕགས་པ་སྤྱན་རས་གཟིགས་དབང་ཉིད།   །མི་ཡི་རྗེ་བོའི་ཚུལ་བསྟན་པ།   །ཆོས་རྒྱལ་སྲོང་བཙན་སྒམ་པོ་དེས།   །འཇིག་རྟེན་མཐུན་འཇུག་མཛད་པ་དང་།   །གདུལ་བྱ་སྨིན་ཅིང་གྲོལ་བའི་ཕྱིར།   །འཕྲུལ་བློན་ཆེན་པོ་མགར་ལ་སོགས།   །གཉེན་པོ་རྐྱ་བརྒྱ་བཅས་པ་རྣམས།   །རྒྱ་དང་བལ་པོའི་ཡུལ་དུ་བཏང་།   །ཁྲོ་གཉེར་ཅན་མའི་རྣམ་འཕྲུལ་ནི།   །བལ་རྗེའི་སྲས་མོ་ཁྲི་བཙུན་དང་།   །འཕགས་མ་སྒྲོལ་མའི་རྣམ་འཕྲུལ་ནི།   །ལྷ་གཅིག་འུན་ཤིང་ཀོང་ཇོ་གཉིས།   །འཛམ་བུའི་གླིང་ན་དཀོན་པ་ཡི།   །ཁྱད་པར་འཕགས་པའི་རྟེན་མཆོག་དང་།   །རིན་ཐང་མེད་པའི་ནོར་བུའི་རིགས།   །དར་ཟབ་གོས་ཀྱི་བྱེ་བྲག་སོགས།   །བོད་ཁམས་འཚིང་བའི་བརྫང་བ་བཅས།   །བར་ཆད་མེད་པར་སྤྱན་དྲངས་ཏེ།   །བོད་ཡུལ་དབུས་སུ་གདན་ཕབ་པས།   །རྒྱལ་བློན་རྣམས་ཀྱི་བསམ་པ་འགྲུབ།   །ཆོས་དང་སྲིད་ཀྱི་དཔལ་འབྱོར་དང་།   །བཀྲ་ཤིས་བདེ་ལེགས་ཕྱྭ་གཡང་གིས།   །བོད་ཁམས་མཐའ་དབུས་ཀུན་ཏུ་གོང་།   །བདེ་སྐྱིད་དབྱར་མཚོ་བཞིན་དུ་རྒྱས།   །དཔལ་འབྱོར་ཡར་ངོའི་ཟླ་ལྟར་འཕེལ།   །སྔོན་གྱི་སྲིད་པ་དེ་བཞིན་དུ།   །དེ་རིང་རྒྱུ་སྦྱོར་སྦྱིན་བདག་གིས།   །དཔལ་འབྱོར་དབང་ཐང་འཕེལ་བའི་ཕྱིར།   །རིགས་བཟང་ཁུངས་བཙུན་སྐྱོན་དང་བྲལ།   །ཡོན་ཏན་ཚང་བའི་བུ་མོ་༼བུ་ཕོ༽མག་པ་ཡིན་ན་འོག་མ་ཀུན་ལ་འགྲེ།  བཀུག   །བཀྲ་ཤིས་ལྷ་ཡི་ཁྱིམ་འདི་རུ།   །ཕུན་ཚོགས་བརྟན་པའི་གདན་ཅིག་བཏིང་།   །ལྷ་མི་གཉིས་ཀ་གདན་ལ་བཞུགས།   །ཟ་འོག་དར་དཀར་གདན་སྟེང་དུ།   །དགྲ་བླ་རྣམས་ཀྱི་བཞུགས་གནས་མཛོད།   །ཟ་འོག་དར་སེར་གདན་སྟེང་དུ།   །ཕོ་ལྷ་རྣམས་ཀྱི་བཞུགས་གནས་མཛོད།   །ཟ་འོག་དར་དམར་གདན་སྟེང་དུ།   །མ་ལྷ་རྣམས་ཀྱི་བཞུགས་གནས་མཛོད།   །ཟ་འོག་དར་ལྗང་གདན་སྟེང་དུ།   །ཞང་ལྷ་རྣམས་ཀྱི་བཞུགས་གནས་མཛོད།   །ཟ་འོག་དར་སྔོན་གདན་སྟེང་དུ།   །ཡུལ་ལྷ་རྣམས་ཀྱི་བཞུགས་གནས་མཛོད།   །བཀྲ་ཤིས་ཁ་ཏག་ཡུག་རིང་ལ།   །སྐྱོབ་པའི་ལྷ་རྣམས་བཞུགས་གནས་མཛོད།   །མི་འགྱུར་རྡོ་རྗེ་རྒྱ་གྲམ་གདན།   །སྲོག་ལ་དགྲ་དར་ཉེས་པ་སྐྱོབས།   །ལོ་བརྒྱ་དག་ཏུ་འཚོ་བར་ཤོག   །དབང་སྒྱུར་འཁོར་ལོ་རྩིབས་བརྒྱད་གདན།   །ལུས་ལ་དགྲ་དར་ཉེས་པ་སྲུངས།   །ནད་མེད་ལང་ཚོ་དར་བར་ཤོག   །བཀྲ་ཤིས་གཡུང་དྲུང་འཁྱིལ་བའི་གདན།   །དབང་ཐང་དགྲ་དར་ཉེས་པ་སྐྱོབས།   །བུ་ནོར་ཆོས་གསུམ་འཛོམ་པར་ཤོག   །རབ་མཛེས་པདྨ་འདབ་བརྒྱད་གདན།   །ཀླུང་གཏའ་དགྲ་དར་ཉེས་པ་སྲུངས།   །ཅི་བསམ་ཆོས་བཞིན་འགྲུབ་པར་ཤོག   །དཀོན་མཆོག་རྩ་བ་གསུམ་པོ་དང་།   །ཆོས་སྲུང་ཡུལ་ལྷ་གཞི་བདག་དང་།   །འགོ་བའི་ལྷ་ལྔ་སྐྱོབས་བྱེད་དགུ།   །ཕ་མཚུན་དགྲ་བླའི་ཚོགས་རྣམས་ཀྱིས།   །ཉིན་དང་མཚན་དུ་མི་གཡེལ་བར།   །རྟག་ཏུ་སྲུང་སྐྱོབས་སྡོང་གྲོགས་མཛོད།   །ཚེ་སྲོག་བརྟན་ཅིང་དབང་ཐང་འཕེལ།   །བཀྲ་ཤིས་བདེ་ལེགས་རབ་རྒྱས་ཤོག   །
བཞི་པ་མཐུན་གསུམ་ལོ་མ་བཀྲ་ཤིས་པའི་བུ་མོ་འམ་ཁྱེའུ་ལ་དཀར་གསུམ་གྱི་བཟའ་བཏུང་ཁེམ་དང་བཅས་པ་བཟུང་བཅོལ་ཞིང་ལན་གསུམ་ཕྱིས་ལ།   ཀྱེ།   རིན་པོ་ཆེ་ལས་གྲུབ་པའི་ཁེམ།   །ལག་ཏུ་བླངས་ཏེ་ལན་གསུམ་ཕྱི།   །ལྷ་མི་རྣམས་ཀྱི་ངོ་སོགས་ལ།   །ཤེལ་ལས་གསལ་ལ་དུང་ལས་དཀར།   །མི་གཙང་བར་ཆད་མེད་པ་ཡི།   །རྟེན་འབྲེལ་ལྷུན་གྱིས་གྲུབ་པར་ཤོག   །དཀར་གསུམ་སྐྱེམས་ཕུད་མཆོད་ལ།   ཀྱེ།   སྐྱབས་གནས་མགོན་བྱེད་ལྷ་རྣམས་མཆོད།   །ཕ་ལྷ་མ་ལྷ་ཞང་ལྷ་མཆོད།   །སྲོག་ལྷ་དགྲ་ལྷ་ཁྱིམ་ལྷ་མཆོད།   །ཐབ་ལྷ་ཟས་ལྷ་ཡུལ་ལྷ་མཆོད།   །བཀྲ་ཤིས་བདེ་སྐྱིད་དངོས་གྲུབ་སྩོལ།   །དཀར་གསུམ་དང་འོ་ཞོའི་སྐྱེམས་དྲངས་ལ།   ཀྱེ།   ཡོན་ཏན་བརྒྱ་ལྡན་བདུད་རྩིའི་བཅུད།   །ལྷ་རྣམས་ཀུན་གྱི་དངོས་གྲུབ་ཡིན།   །མི་རྣམས་འཚོ་བའི་ཟས་མཆོག་ཡིན།   །དགོས་འདོད་ཀུན་འབྱུང་གཡང་གི་བཅུད།   །རྟེན་འབྲེལ་ཕུན་སུམ་ཚོགས་པའི་ཟས།   །ཟས་མཆོག་འདི་ལ་ལོངས་སྤྱོད་པས།   །ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་།   །བདེ་སྐྱིད་ལྷ་དང་མཉམ་པར་ཤོག   །འཛད་མེད་ནོར་གྱིས་ཕྱུགས་པར་ཤོག   །ཟས་མེད་ཟས་དང་ལྡན་པར་ཤོག   །བསོད་ནམས་ལོངས་སྤྱོད་ཕུན་སུམ་ཚོགས།   །ཐམས་ཅད་བརྟེན་པའི་གཞིར་གྱུར་ཅིག   །
ལྔ་པ་གོ་ས་སོགས་དང་མཐུན་ཅིང་བཀྲ་ཤིས་རིགས་བརྒྱུད་འཕེལ་བའི་མིང་འདོགས་པ་ནི།   ཀྱེ།   དེ་རིང་གནམ་ལ་གཟའ་སྐར་བཟང་།   །ས་ལ་དུས་ཚོད་དག་ཀྱང་བཟང་།   །བར་ལ་རྟེན་འབྲེལ་ལ་ཉེ་བཟང་།   །བཟང་གསུམ་འཛོམ་པའི་གནས་སྐབས་འདིར།   །འདྲེ་སྲིན་བྱུར་གསུམ་མར་ལ་བཀར།   །མགོན་སྐྱབས་ལྷ་སྲུང་ཡར་ལ་བསྟོད།   །ནམ་མཁར་ལྷ་ཡི་འཇའ་སྤྲིན་འཐིབས།   །ས་གཞིར་མི་ཡི་མེ་ཏོག་བཀྲ།   །བར་དུ་བཀྲ་ཤིས་ཆར་པ་འབེབས།   །བདག་ལ་བརྟེན་པའི་བསྲུང་བྱ་བར།   །བཀྲ་ཤིས་ཕུན་ཚོགས་མིང་ཞིག་བཏགས།   །མིང་དུ་བཏགས་པར་མ་མཛད་ན།   །འཇིག་རྟེན་ཐམས་ཅད་རྨོངས་པར་གྱུར།   །དེ་བས་རྨོངས་པ་བསལ་བའི་ཕྱིར།   །མགོན་པོས་མིང་དུ་བཏགས་པར་མཛད།   །སྲུང་དང་སྐྱབས་ཀྱི་མིང་བཏགས་པས།   །དཀོན་མཆོག་གསུམ་གྱིས་སྐྱོབ་པར་ཤོག   །མགོན་དང་སྲུང་གི་མིང་བཏགས་པས།   །ལྷ་སྲུང་གཉན་པོས་མགོན་བྱེད་ཤོག   །འཚོ་བའི་མིང་མཐའ་ལྡན་པ་ཡིས།   །ལོ་བརྒྱ་དག་ཀྱང་འཚོ་བར་ཤོག   །ནམ་མཁའི་མིང་ལས་གྲས་པ་ཡིས།   །དབུ་འཕང་དགུང་བས་མཐོ་བར་ཤོག   །ས་གཞིའི་མིང་ལས་གྲས་པ་ཡིས།   །ས་བཞིན་ཡོན་ཏན་ཀུན་སྐྱེད་ཤོག   །རི་བོའི་མིང་ལས་གྲས་པ་ཡིས།   །དབང་ཐང་རི་ལྟར་བརྟན་པར་ཤོག   །ཉི་ཟླའི་མིང་ལས་གྲས་པ་ཡི།   །ཉི་ཟླ་བཞིན་དུ་ཀུན་སྣང་ཤོག   །རྟེན་འབྲེལ་ཕུན་ཚོགས་མིང་བཏགས་པས།   །བུ་ནོར་ཆོས་གསུམ་འཛོམ་པ་དང་།   །སྐྱིད་དགའ་མཐའ་རུ་ཕྱིན་པར་ཤོག   །དཔལ་དང་ལོངས་སྤྱོད་འཕེལ་བ་དང་།   །བཀྲ་ཤིས་དོན་རྣམས་འགྲུབ་པར་ཤོག   །གྲགས་པ་བཟང་པོ་བཀྲ་ཤིས་མིང་།   །བོད་ཁམས་ཀུན་ཏུ་སྙན་པར་གྲགས།   །ལྷ་མི་ཡོངས་ཀྱིས་སྨོན་པ་ཡི།   །བདེ་ལེགས་དཔལ་དུ་འབར་གྱུར་ཅིག   །ཅེས་ཤིས་བརྗོད་དང་བཅས་ཏེ་རྒྱལ་པོ་སོགས་ཆེན་པོའི་རིགས་ལ།   ས་སྤྱོད་དབང་མོ།   བཀྲ་ཤིས་དང་བདེ་ལེགས་དང་།   ཕུན་ཚོགས་དབང་མོ་སོགས་དང་།   ཕལ་པ་ལ་ཚོད་དང་མཐུན་པའི་མིང་བཀྲ་ལེགས་པ་གདགས་པར་བྱའོ།   །
 དྲུག་པ་ལྷ་ལ་འདོགས་པ་ནི།   ལྷ་རྟེན་གྱི་མདའ་དར་རམ།   ཚེ་བུམ་སོགས་ཐོགས་ལ།   ཧོཿ   སྐྱབས་གནས་དཀོན་མཆོག་གསུམ་དང་རྩ་བ་གསུམ།   །ཆོས་སྐྱོང་སྲུང་མ་ཁྱད་པར་སྦྱིན་བདག་འདིས།   །ཕ་མེས་དུས་ནས་བརྟེན་སྒྲུབ་མཆོད་པའི་ལྷ།   །ཐམས་ཅད་དེ་རིང་གསན་ཅིང་དགོངས་སུ་གསོལ།   །རིགས་བཟང་ཡོན་ཏན་ལྡན་པའི་མོ་བཙུན་འདི།   །དེང་ནས་བཟུང་སྟེ་ཇི་སྲིད་འཚོ་བའི་བར།   །ཡེ་ཤེས་སྤྱན་ལྡན་སྐྱབས་གནས་ཁྱེད་རྣམས་ལ།   །སྐྱབས་སུ་གསོལ་ཞིང་སྒོ་གསུམ་འབུལ་ལགས་ན།   །ཐུགས་རྗེ་བརྩེ་བས་དགོངས་ཏེ་རྗེས་སུ་ཟུང་།   །སྐྱབས་འོག་ཆུད་ཅིང་བྱིན་གྱིས་བརླབ་ཏུ་གསོལ།   །རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་ཡི་བརྒྱུད།   །གང་ཟག་སྙན་བརྒྱུད་ལས་འཕྲོ་གཏེར་གྱི་བརྒྱུད།   །བཤད་བརྒྱུད་སྒྲུབ་བརྒྱུད་དོན་བརྒྱུད་འཛིན་པ་ཡི།   །རྩ་བརྒྱུད་དཔལ་ལྡན་བླ་མའི་ཚོགས་རྣམས་ཀྱིས།   །རིགས་ཀྱི་བུ་མོ་ཡང་ན་དེང་དུས་ལུགས་ལྟར་མཉམ་དུ་འདུག་ན་༼ཁྱོ་ཤུག་༽མཆན།འདི་ཡི་ལུས་ངག་ཡིད། །སྲུང་ཞིང་སྐྱོབས་ལ་བྱིན་གྱིས་རློབས་པར་མཛད།   །ཐེག་པ་རིམ་པ་དགུ་ཡི་ལྷ་རྣམས་དང་།   །བྱ་རྒྱུད་སྤྱོད་བརྒྱུད་རྣལ་འབྱོར་བླ་ན་མེད།   །རྒྱུད་སྡེ་བཞི་དྲུག་ཡི་དམ་ལྷ་ཡི་ཚོགས།   །རྒྱལ་བ་ཞི་ཁྲོ་རབ་འབྱམས་ལྷ་ཚོགས་ཀྱིས།   །རིགས་ཀྱི་བུ་མོ་འདི་ཡི་ལུས་ངག་ཡིད།   །སྲུང་ཞིང་སྐྱོབས་ལ་བྱིན་གྱིས་རློབས་པར་མཛོད།   །རྡོ་རྗེ་ཕག་མོ་མཁའ་འགྲོ་སྡེ་ལྔ་དང་།   །གསང་བ་ཡེ་ཤེས་སེང་གེའི་གདོང་པ་ཅན།   །སྒྲོལ་མ་དཀར་སྔོན་ཁྲོ་གཉེར་ཅན་མ་སོགས།   །རི་རབ་རྡུལ་མཉམ་དཔའ་བོ་མཁའ་འགྲོ་ཡིས།   །རིགས་ཀྱི་བུ་མོ་འདི་ཡི་ལུས་ངག་ཡིད།   །སྲུང་ཞིང་སྐྱོབས་ལ་བྱིན་གྱིས་རློབས་པར་མཛོད།   །མ་མགོན་ལྕམ་དྲལ་དཔལ་མགོན་བདུན་ཅུ་ལྔ།   །ཨ་ཕྱི་མཆེད་ལྔ་ཚེ་རིང་མཆེད་ལྔ་དང་།   །རྡོ་རྗེ་གཡུ་སྒྲོན་བརྟན་མ་བཅུ་གཉིས་སོགས།   །ཡེ་ཤེས་ལས་དང་འཇིག་རྟེན་ཆོས་སྐྱོང་གིས།   །རིགས་ཀྱི་བུ་མོ་འདི་ཡི་ལུས་ངག་ཡིད།   །སྲུང་ཞིང་སྐྱོབས་ལ་བྱིན་གྱིས་རློབས་པར་མཛོད།   །འདིར་རང་རང་གི་ཆོས་སྐྱོང་སོགས་སྦྱོར་དགོས་པས་སྐབས་འདིར་མཚོན་ན།   ཁྱད་པར་ནག་པོ་ཆེན་པོ་རྡོ་རྗེ་གུར།   །ལྕམ་དྲལ་ལྷ་བརྒྱད་བཀའ་འཁོར་བཅས་པ་དང་།   །ཞིང་སྐྱོང་སྟོབས་འཕྲོག་དབང་པོ་ཞལ་བཞི་པ།   །བེག་རྩེ་ལྕམ་དྲལ་དུར་ཁྲོད་བདག་པོ་སོགས། །ཡང་ན་སྤྱི་འགྲོ༼ཕ་མེས་བརྒྱུད་པའི་སྲུང་མ་མཐུ་རྩལ་ཅན།༽མཆན།    བརྒྱུད་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས།   །རིགས་ཀྱི་བུ་མོ་འདི་ཡི་ལུས་ངག་ཡིད།   །སྲུང་ཞིང་སྐྱོབས་ལ་བྱིན་གྱིས་རློབས་པར་མཛོད།   །རྒྱལ་ཆེན་རྣམ་སྲས་ཡུམ་མཆོག་དཔལ་ལྷ་མོ།   །ཛཾ་ལྷ་དཀར་སེར་དམར་ནག་ནོར་གྱི་རྒྱུན།   །རིག་བྱེད་མ་སོགས་ནོར་ལྷ་གཏེར་བདག་དང་།   ཁམས་གསུམ་དབང་དུ་བྱེད་པའི་ལྷ་རྣམས་ཀྱིས།   །རིགས་ཀྱི་བུ་འདི་ཡི་ལུས་ངག་ཡིད།   །སྲུང་ཞིང་སྐྱོབས་ལ་བྱིན་གྱིས་རློབས་པར་མཛོད།   །ཁྱད་པར་འཕགས་མ་སོ་སོ་འབྲང་མ་དང་།   །བསིལ་བའི་ཚལ་དང་གསང་སྔགས་རྗེས་སུ་འཛིན།   །རྨ་བྱ་ཆེན་མོ་སྟོང་ཆེན་རབ་འཇོམས་སོགས།   །གཟུངས་རིག་ལྷ་དང་ཕྱག་རྒྱའི་ཚོགས་རྣམས་ཀྱིས།   །རིགས་ཀྱི་བུ་མོ་འདི་ཡི་ལུས་ངག་ཡིད།   །སྲུང་ཞིང་སྐྱོབས་ལ་བྱིན་གྱིས་རློབས་པར་མཛོད།   །ཕ་ལྷ་མ་ལྷ་ཞང་ལྷ་དགྲ་བླ་དང་།   །ཡུལ་ལྷ་ཁྱིམ་ལྷ་དཀར་ཕྱོགས་སྐྱོང་བའི་ལྷ།   །མིའུ་གདུང་དྲུག་རུས་ཆེན་སྡེ་ལྔ་ལ།   །མགོན་སྐྱབས་བྱེད་པའི་སོ་སོའི་ལྷ་རྣམས་དང་།   །བདེན་ཚིག་སྨོན་ལམ་གྲུབ་པའི་ཚོགས་རྣམས་ཀྱིས།   །རིགས་ཀྱི་བུ་མོ་འདི་ཡི་ལུས་ངག་ཡིད།   །སྲུང་ཞིང་སྐྱོབས་ལ་བྱིན་གྱིས་རློབས་པར་མཛོད།   །འདིར་སོ་སོའི་ཡུལ་ལྷ་སྐབས་ཐོབ་འཛུད་དགོས་པས་སྐབས་འདིར་མཚོན་ན།   དགེ་བསྙེན་ཆེན་པོ་རྡོ་རྗེ་གཡུང་དྲུང་རྩལ།   །རྡོ་རྗེ་བློ་གྲོས་རྡོ་རྗེ་ཐོག་སྲས་དང་།   །རྡོ་རྗེ་དགྲ་འདུལ་རྡོ་རྗེ་གཞོན་ནུ་སོགས།   །ཡང་ན་སྤྱི་འགྲོ་༼རང་ཡུལ་ཕྱོགས་ཀྱི་གཉུག་མར་གནས་པ་ཡི།༽མཆན།དཀར་ཕྱོགས་སྐྱོང་བའི་ཡུལ་གཞི་གནས་བདག་གིས།   །རིགས་ཀྱི་བུ་མོ་འདི་ཡི་ལུས་ངག་ཡིད།   །སྲུང་ཞིང་སྐྱོབས་ལ་བྱིན་གྱིས་རློབས་པར་མཛོད།   །ཕ་མྱེས་བརྒྱུད་སྲུང་མགོན་བྱེད་ལྷ་སྲུང་རྣམས།   །གཞི་བྱེས་ཉིན་དང་མཚན་མོ་དུས་རྟག་ཏུ།   །ལུས་དང་གྲིབ་མ་ཇི་བཞིན་སྐད་ཅིག་ཀྱང་།   །འབྲལ་བ་མེད་པར་སྲུང་ཞིང་བསྐྱབ་ཏུ་གསོལ།   །ཀྱེ།   དབུས་ནས་མགོན་ལྷ་དཀར་པོས་སྲུངས།   །སྟེང་ནས་ནམ་མཁའི་ལྷ་མོས་སྲུངས།   །འོག་ནས་ས་ཡི་ལྷ་མོས་སྲུངས།   །གཡས་ནས་ཕོ་ལྷ་གཉན་པོས་སྲུངས།   །གཡོན་ནས་མ་ལྷ་བུ་རྫིས་སྲུངས།   །རྒྱབ་ནས་དགྲ་བླ་དར་མས་སྲུངས།   །མདུན་ནས་ཞང་ལྷ་སྲོག་ལྷས་སྲུངས།   །ཕུག་ལྷ་གཉེན་པོས་སྲུངས་སྐྱོབས་མཛོད།   །དེ་རིང་མི་ནོར་བརྒྱ་བཏང་ཡང་།   །སང་ཉིན་སྟོང་ཕྲག་ཚུར་ལ་ཤོག   །ནོར་ལྷ་གཉེན་པོས་སྲུངས་སྐྱོབས་མཛོད།   །དེ་རིང་ཕྱུགས་བརྒྱ་ཕར་བཏང་ཡང་།   །སང་ཉིན་ཕྱུགས་སྟོང་ཚུར་ལ་ཤོག   །ཟས་ལྷ་གཉེན་པོས་སྲུངས་སྐྱོབས་མཛོད།   །དེ་རིང་ཟས་བརྒྱ་ཕར་བྱིན་ཀྱང་།   །སང་ཉིན་ཟས་སྟོང་ཚུར་ལ་ཤོག   །རྩ་བ་གསུམ་གྱི་བྱིན་རླབས་དང་།   །དཀོན་མཆོག་བདེན་པའི་ནུས་མཐུ་ཡིས།   །དེ་རིང་ཉི་མ་ཕྱིན་ཆད་ནས།   །མི་དང་ལྷ་གཉིས་མ་འབྲལ་བར།   །རྟག་ཏུ་སྲུང་ཞིང་སྐྱོབ་པར་ཤོག   །ལུས་ལ་ན་ཚ་མེད་པར་ཤོག   །ཚེ་ལ་བར་ཆད་མེད་པར་ཤོག   །སྲོག་ལ་ཤི་ཆད་མེད་པར་ཤོག   །མངའ་ཐང་རིགས་བརྒྱུད་འཕེལ་བར་ཤོག   །གནས་ལ་བཀྲ་ཤིས་བརྟན་པར་ཤོག   །ཡུལ་ལ་འཕོ་འཆུག་མེད་པར་ཤོག   །ས་ལ་བརྟན་ཕུར་ཚུགས་པར་ཤོག   །མི་འཕེལ་རྟ་ཧྲག་འཛོམ་པར་ཤོག   །ཕྱུག་གི་གཏེར་ཁ་བརྡོལ་བར་ཤོག   །སྐྱིད་དགའ་ཡུན་རིང་གནས་པར་ཤོག   །དབང་ཐང་དགུང་དང་མཉམ་པར་ཤོག   །ཕུག་གི་ལྷ་ཡིས་སྐྱོབ་པར་ཤོག   །བར་གྱི་མི་དང་མཐུན་པར་ཤོག   །མི་ཚེ་སྐྱིད་ཀྱིས་འཁྱོལ་བར་ཤོག   །མཐུན་གསུམ་འགྲོགས་ཡུན་རིང་བར་ཤོག   །སྨན་འཛང་དབང་བུ་ཚང་བར་ཤོག   །སྙན་གྲགས་འབྲུག་ལྟར་ཁྱབ་པར་ཤོག   །དགེ་བའི་ས་བོན་འདེབས་པར་ཤོག   །བུ་ནོར་ཆོས་གསུམ་འཛོམ་པར་ཤོག   །བདེ་སྐྱིད་ལོངས་སྤྱོད་ལྡན་པར་ཤོག   །ཅི་བསམ་དོན་ཀུན་འགྲུབ་པར་ཤོག   །
བདུན་པ་གཡང་འགུགས་པ་ནི་མདའ་དར་གཡབ་ལ།   ཀྱེ།   དེ་རིང་སྲིད་པའི་གནམ་གང་ལ།   །ཁྱིམ་འཛིན་འདི་ལ་རྟེན་བཙུགས་ནས།   །ཕྱོགས་བཞི་མཚམས་བརྒྱད་ཕྱྭ་གཡང་བཀུག   །དཀོན་མཆོག་རྩ་གསུམ་བྱིན་རླབས་དང་།   །གསང་སྔགས་རིག་སྔགས་ནུས་མཐུ་དང་།   །བདེན་པ་གྲུབ་པའི་བདེན་མཐུ་དང་།   །རྟེན་འབྲེལ་རྫས་ཀྱི་ནུས་པ་ཡིས།   །སྟེང་ཕྱོགས་ལྷ་ཡི་ཕྱྭ་གཡང་ཁུག   །འོག་ཕྱོགས་ཀླུ་ཡི་ཕྱྭ་གཡང་ཁུག   །བར་ཕྱོགས་གཉན་གྱི་ཕྱྭ་གཡང་ཁུག   །གླིང་བཞི་མི་ཡི་ཕྱྭ་གཡང་ཁུག   །ལྷ་སྲིན་སྡེ་བརྒྱད་ཕྱྭ་གཡང་ཁུག   །རྒྱ་གར་དམ་པའི་ཆོས་གཡང་ཁུག   །རྒྱ་ནག་བཙན་བརྗིད་ཁྲིམས་གཡང་ཁུག   །སྟག་གཟིག་ནོར་གྱི་ཕྱུག་གཡང་ཁུག   །ཟས་ནོར་གོས་ཀྱི་བཅུད་གཡང་ཁུག   །བདེ་སྐྱིད་དཔལ་འབྱོར་ཕྱྭ་གཡང་ཁུག   །དབུ་ནག་མི་ཡི་ཕྱྭ་གཡང་ཁུག   །གསེར་དངུལ་ནོར་གྱི་ཕྱྭ་གཡང་ཁུག   །དར་ཟབ་གོས་ཀྱི་ཕྱྭ་གཡང་ཁུག   །རྐང་བཞི་ཕྱུགས་ཀྱི་ཕྱྭ་གཡང་ཁུག   །བཟའ་བཏུང་བཅུད་ཀྱི་ཕྱྭ་གཡང་ཁུག   །ཚེ་རིང་ནད་མེད་ཕྱྭ་གཡང་ཁུག   །ཅི་བསམ་འགྲུབ་པའི་ཕྱྭ་གཡང་ཁུག   །ཕུན་ཚོགས་དགེ་ལེགས་གཡང་ཁུག་ཅིག   །ཀྱེ།   མི་ཚུར་འོང་རྗེས་ལ་མི་གཡང་ཤོག   །ནོར་ཚུར་འོང་རྗེས་ལ་ནོར་གཡང་ཤོག   །ཟས་ཚུར་འོང་རྗེས་ལ་ཟས་གཡང་ཤོག   །བག་མ་ཚུར་འོང་རྗེས་ལ་དཔལ་གཡང་ཤོག   །ཡོ་མ་ཚུར་འོང་རྗེས་ལ་རྟ་གཡང་ཤོག   །གནག་ཕྱུགས་ཚུར་འོང་རྗེས་ལ་ཟོག་གཡང་ཤོག   །གཡང་དཀར་ཚུར་འོང་རྗེས་ལ་ལུག་གཡང་ཤོག   །ཚེ་ཚེ་ཚུར་འོང་རྗེས་ལ་ར་གཡང་ཤོག   །ལྷོ་སྤྲིན་འདྲ་བའི་ནོར་གཡང་ཤོག   །ས་གཞི་འདྲ་བའི་འབྲུ་གཡང་ཤོག   །སྦྲང་ཆར་འདྲ་བའི་ཟས་གཡང་ཤོག   །རྒྱ་མཚོ་འདྲ་བའི་འོ་གཡང་ཤོག   །ནགས་ཚལ་འདྲ་བའི་གོས་གཡང་ཤོག   །བཙན་པོ་རྣམས་ཀྱི་བཙན་གཡང་ཤོག   །ཕྱུག་པོ་རྣམས་ཀྱི་ཕྱུག་གཡང་ཤོག   །འཕེན་པོ་རྣམས་ཀྱི་འཕེན་གཡང་ཤོག   །གཡང་ལ་གཡང་འཕེལ་གཏེར་གྱི་གཡང་།   །ཁྱིམ་ལ་གཡང་འཕེལ་མི་ཡི་གཡང་།   །བང་མཛོད་གཡང་འཕེལ་ནོར་གྱི་གཡང་།   །ཞིང་ལ་གཡང་འཕེལ་འབྲུ་ཡི་གཡང་།   །ར་བར་གཡང་འཕེལ་ཕྱུགས་ཀྱི་གཡང་།   །ཟས་ལ་གཡང་འཕེལ་བཅུད་ཀྱི་གཡང་།   །དགོས་རྒུ་མ་ཚང་མེད་པའི་གཡང་།   །དགེ་ལེགས་ལྷུན་གྱིས་གྲུབ་པའི་གཡང་།   །བཀྲ་ཤིས་ཕུན་སུམ་ཚོགས་པའི་གཡང་།   །འཁོར་འདས་གཉིས་ཀྱི་ཕྱྭ་གཡང་རྣམས།   །དེ་རིང་ལྷ་ཁྱིམ་འདི་རུ་ལེན།   །གཡང་གི་ར་བ་འདི་ལ་བསྡུ།   །དཔལ་གྱི་མི་མོ་འདི་ལ་བསྟིམས།   །མི་ཉམས་མི་འཐོར་བཅུད་དུ་འཁྱིལ།   །ཕྱྭ་ཚེ་གཡང་གི་དངོས་གྲུབ་རྣམས།   །ལྷོ་སྤྲིན་བཞིན་དུ་འཐིབས་པར་ཤོག   །སྦྲང་ཆར་བཞིན་དུ་འབེབས་པར་ཤོག   །རྒྱ་མཚོ་བཞིན་དུ་འཁྱིལ་བར་ཤོག   །ཆུ་བོའི་རྒྱུན་བཞིན་ཆད་མེད་ཤོག   །ལྷུན་པོ་བཞིན་དུ་བརྟན་པར་ཤོག   །བཙན་ཕྱུག་འཕེན་དར་འཛོམ་པ་དང་།   །བཀྲ་ཤིས་བདེ་ལེགས་ལྡན་པར་ཤོག   །
བརྒྱད་པ་མཐའ་རྟེན་བཀྲ་ཤིས་བརྗོད་པ་ནི།   མདུན་གྱི་ནམ་མཁར་བླ་མ་རྒྱལ་བ་སྲས་དང་བཅས་པ་ལྷ་དང་དྲང་སྲོང་བདེན་པ་གྲུབ་པ་རྣམས་དང་དཀར་པོའི་ཕྱོགས་སྐྱོང་བ་རྣམས་དང་བཅས་པས་བཀྲ་ཤིས་པའི་བདེན་ཚིག་བརྗོད་ཅིང་མེ་ཏོག་ཆར་དུ་བསྙིལ་བར་གྱུར།   ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ།   །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ།   །སངས་རྒྱས་པདྨ་རྣམ་རྒྱས་འདབ་འདྲའི་སྤྱན་མངའ་བ།   །དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག   །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་གཡོ་མེད་པ།   །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ།   །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ།   །དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག   །དམ་ཆོས་ལྡན་པ་ཐོས་པའི་བཀྲ་ཤིས་ཀྱིས་ཕྱུག་ཅིང་།   །དགེ་འདུན་མི་དང་ལྷ་དང་ལྷ་མིན་ཡོན་གྱི་གནས།   །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི།   །དེས་ནི་ཁྱོད་ལ་དེ་རིང་ཞི་བྱེད་བཀྲ་ཤིས་ཤོག   །ཅེས་སོགས་ཞལ་ནས་གསུངས་པའི་མཆོག་གསུམ་བཀྲ་ཤིས་ཀྱིས་ཐོག་དྲངས།   གང་ལ་སེར་སྣ་རྣམ་ཆགས་པ།   །རྣམ་བཅོམ་དྲི་མ་མེད་མཛད་ཅིང་།   །ཐུགས་ཞི་གནོད་པ་མི་མངའ་དེས།   །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།   །འདྲེན་པ་གང་ཞིག་འགྲོ་བ་རྣམས།   །ཐར་པའི་ལམ་དུ་འཇུག་མཛད་ཅིང་།   །ཆོས་རྣམས་ཐམས་ཅད་སྟོན་པ་དེས།   །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།   །སྟོན་པ་འགྲོ་བ་རྣམས་ཀྱི་རྟེན།   །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།   །གང་ལ་བདེ་བ་མངའ་མཛད་དེས།   །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།   །སྐྱོབས་པ་གང་ཞིག་བྱམས་པ་ཡི།   །ཐུགས་ཀྱིས་འགྲོ་བ་འདི་དག་ཀུན།   །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས།   །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།   །གང་ཞིག་འཁོར་བར་འགྲོ་བ་ཡི།   །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་།   །གླིང་དང་དཔུང་གཉེན་གྱུར་པ་དེས།   །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།   །གང་ཞིག་ཆོས་ཀུན་མངོན་སུམ་གྱུར།   །གཙང་ཞིང་བཀྲུ་བ་མི་མངའ་ལ།   །གསུམ་གཙང་གཙང་མར་མཛད་པ་དེས།   །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།   །དཔའ་བོ་ཆེན་པོ་གང་སྐྱེས་པ།   །ཕུན་སུམ་ཚོགས་དོན་གང་འབྱོར་ཅིང་།   །དོན་འགྲུབ་ཚོགས་ཀྱང་གྲུབ་པ་དེས།   །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།   །གང་ཞིག་སྐྱེས་པས་ས་རྣམས་ནི།   །ནགས་ཚལ་བཅས་པ་རབ་གཡོ་ཞིང་།   །སེམས་ཅན་ཐམས་ཅད་རབ་དགའ་དེས།   །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།   །བྱང་ཆུབ་སྙིང་པོར་གཤེགས་པ་ན།   །ས་དག་རྣམ་དྲུག་གཡོས་གྱུར་ཅིང་།   །བདུད་ཡིད་མི་བདེར་གྱུར་པ་དེས།   །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།   །ཆོས་ཀྱི་འཁོར་ལོ་བསྐོར་བ་ན།   །འཕགས་པའི་བདེན་པ་རྣམས་གསུངས་ཤིང་།   །ཐུབ་པའི་སྙན་པ་གང་བྱུང་དེས།   །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།   །ཡིད་འཕྲོག་གང་ཞིག་མུ་སྟེགས་བྱེད།   །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་།   །ཚོགས་ཀུན་དབང་དུ་མཛད་པ་དེས།   །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར།   །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད།   །བརྒྱ་བྱིན་ཚངས་པའི་ལྷ་རྣམས་དང་།   །འབྱུང་པོ་ཀུན་གྱི་བདེ་ལེགས་ནི།   །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག   །སངས་རྒྱས་བསོད་ནམས་མཐུ་དག་དང་།   །ལྷ་རྣམས་ཀུན་གྱི་བསམས་པ་ཡིས།   །ཁྱེད་ཀྱིས་འདོད་དོན་གང་ཡིན་པ།   །དོན་དེ་དེ་རིང་འགྲུབ་གྱུར་ཅིག   །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག   །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག   །ཁྱེད་ཅག་ལམ་དུ་བདེ་ལེགས་ཤོག   །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག   །ཉིན་མོ་བདེ་ལེགས་མཚན་བདེ་ལེགས།   །ཉི་མའི་གུང་ལ་བདེ་ལེགས་ཤིང་།   །ཁྱེད་ཅག་ཀུན་ཏུ་བདེ་ལེགས་གྱུར།   །ཁྱེད་ཅག་སྡིག་པར་མ་གྱུར་ཅིག   །ཅེས་ཚང་བ་དང་།   བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་།   །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་།   །འདོད་པ་འགྲུབ་ཅིང་ཕུན་གསུམ་ཚོགས་པ་སྟེ།   །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག   །བསོད་ནམས་རི་བོ་བཞིན་དུ་བརྟན་པ་དང་།   །བརྒྱུད་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་།   །སྙན་པས་ནམ་མཁའ་བཞིན་དུ་ཁྱབ་པ་སྟེ།   །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག   །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་།   །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས།   །ཐེག་པ་མཆོག་ལ་ངེས་པར་འབྱུང་བ་སྟེ།   །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག   །སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་སྲུང་བ་དང་།   །བཟོད་པ་བསྒོམ་ཞིང་བརྩོན་འགྲུས་བརྩམ་པ་དང་།   །མཉམ་པར་འཇོག་ཅིང་གནས་ལུགས་རྟོགས་པ་སྟེ།   །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག   །གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས།   །ཉི་མའི་གུང་ཡང་བདེ་ལེགས་ཤིང་།   །ཉིན་མཚན་རྟག་ཏུ་བདེ་ལེགས་པ།   །དཀོན་མཆོག་གསུམ་གྱིས་བཀྲ་ཤིས་ཤོག   །ཅེས་སོགས་བཀྲ་ཤིས་ཀྱི་ཚིག་ཕྲེང་རྒྱས་བསྡུས་ཇི་ལྟར་འོས་པ་བརྗོད་ཅིང་མེ་ཏོག་འཐོར།   སླར་ཡང་།   ཉི་མ་ཐམས་ཅད་དགེ་བ་ཡིན།   །རྒྱུ་སྐར་ཐམས་ཅད་བཟང་པོ་ཡིན།   །སངས་རྒྱས་རྣམས་ནི་རྫུ་འཕྲུལ་ཆེ།   །དགྲ་བཅོམ་རྣམས་ནི་ཟག་པ་ཟད།   །བདེན་པའི་བདེན་ཚིག་འདི་ཡི་མཐུས།   །བདག་ཅག་རྟག་ཏུ་བདེ་ལེགས་ཤིང་།   །ཇི་ལྟར་སྨོན་པ་ཀུན་འགྲུབ་ཤོག   །མངྒ་ལཾ་སིདྡྷི་ཛ་ཡ་ཨ་ལ་ལ་ཧོཿ   ཞེས་བདེན་པའི་ཚིག་གི་མཐའ་རྒྱས་སུ་བྱའོ།   །དེ་ལྟར་ལས་ཕྲན་བདུན་པོ་མཐའ་བརྟེན་དང་བཅས་པ་ཇི་ལྟར་བྱ་བའི་ཚུལ་ལག་ལེན་འགྲིགས་ཆགས་སུ་བཀོད་པ་འདིའང་།   སྡེ་བཞི་དགེ་བ་བཅུ་དང་ལྡན་པའི་རྒྱལ་ཁབ་ཆེན་པོར་ལུང་ཟིན་སྤྲུལ་པའི་ཆོས་རྒྱལ་རིན་པོ་ཆེའི་སྲིད་འཛིན་ཏུ།   སྟག་ལུང་ག་ཟིའི་གདུང་རིགས་ཀྱི་བཙུན་མོ་དམ་པ་ཕེབ་པའི་ཚེ་ཉེ་བར་མཁོ་བས་མཚམས་སྦྱར་ཏེ།   ལྷ་ཤེས་སུ་རློམས་པའི་སྔགས་རིག་འཛིན་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་ལྕང་ར་འཆི་མེད་ལྷ་ཀླུའི་དགའ་ཚལ་དུ་བྲིས་པ་དགེ་ལེགས་འཕེལ།   མངྒ་ལཾ།།   །།  ༈  དེ་ལྟར་དེང་དུས་ཀྱི་ལོ་ཆུང་ཤིན་ཏུ་རྒྱུས་མེད་རྣམས་ལ་བལྟ་བདེའི་ཕྱིར་ཞལ་བསྒྱུར་གྱི་མཆན་དང་ནག་འགྲོས་སུ་བསྡེབས་པོ་ནི་བློ་ཕུན་པས་སོ།།  །།
 
༄༅།   །ཁྲུས་བུམ་བསྒྲུབ་ཐབས་བསྡུ་ན།   སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ།   །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི།   །བདག་གི་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས།   །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག   །ལན་གསུམ།  བུམ་པར་སྐད་ཅིག་གིས་རྡོ་རྗེ་རྣམ་པ་འཇོམས་པར་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་ཡོངས་སུ་གང་བར་གྱུར།   ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ།   ཧུ་ལུ་ཧུ་ལུ།   ཏིཥྛ་ཏིཥྛ།   བནྡྷ་བནྡྷ།   ཧ་ན་ཧ་ན།   ཨ་མྲྀ་ཏེ་ཧཱུྃ་ཕཊ།   ཅེས་དང་།   ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ།   ཡྃ་ཧོ་ཤུདྡྷེ་ཤུདྡྷེ།   བྃ་ཧོ་ཤུདྡྷེ་ཤུདྡྷེ།   ལྃ་ཧོ་ཤུདྡྷེ་ཤུདྡྷེ།   རྃ་ཧོ་ཤུདྡྷེ་ཤུདྡྷེ།   ཨེ་ཡྃ་བྃ་ལྃ་རྃ་ཧོ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ།  ཞེས་ཅི་ནུས་མཐར་མཆོད་ཡོན་ཕུལ་ཏེ།  ཨོཾ་ཨཱཿཧཱུྃ།   བུམ་པའི་ལྷ་འོད་དུ་ཞུ་བ་ལས་ཆུ་ནུས་པ་དང་ལྡན་པར་གྱུར།  དེ་ཙམ་མམ་བུམ་སྒྲུབ་རྒྱས་པར་གཞན་ནས་འབྱུང་བ་ལྟར་བྱའོ།   །མ་ཏི་པས་སོ།།  །།
 
༄༅།   །མདོ་ཁམས་སྡེ་དགེའི་རྒྱལ་ཁབ་ཏུ་བོད་བློན་མདོ་མཁར་པའི་བཙུན་མོ་བྱོན་སྐབས་མདའ་དར་འཛུགས་པའི་འབེལ་གཏམ་ཡོད།   འོ་མ།   བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག   །དེ་རིང་གི་སྐབས་སུ།   གནམ་ལ་ཉི་ཟླ་གཟའ་སྐར་གྱི་འཕྲོད་སྦྱོར་བཟང་།   ས་ལ་འབྱུང་བཞི་ཆ་སྙོམ་གྱི་དུས་ཚོད་བཟང་།   བར་ལ་ཕྱི་ནང་རྟེན་འབྲེལ་གྱི་ལ་ཉེ་བཟང་།   བཟང་གསུམ་གྱི་ལེགས་ཚོགས་ཉི་ཟླ་ཁ་སྤྲོད་དུ་ཚོགས།   བཀྲ་ཤིས་ཀྱི་སྣང་བ་གསར་པ་ཐོག་མར་འཆར་བའི་སྐབས་འདིར།   སྲིད་པ་མཐུན་སྦྱོར་གྱི་གཏན་ཚིག་ཕྱྭ་དམུ་གཙུག་གསུམ་གྱི་ཕྱག་བཞེས།   སྒམ་པོ་ཕྱྭ་ཡི་བསྐོས་བཞག  །བཀྲ་ཤིས་པའི་ལྷ་མདའ་རྒྱན་དང་ལྡན་པས་གཉེན་ལམ་ཕྱེ་བ་ལ།   རྒྱུ་མཚན་གཏན་ཚིག་དགོས་པ་མདོར་བསྡུས་ཞུ་ན།   དེ་ལ་མདའ་དར་གྱི་བྱུང་ཁུངས་གང་ཡིན་སྙམ་ན།   སྔོན་བསྐལ་པ་དང་པོ་ཆགས་པའི་དུས་འབྱུང་བཞིའི་བཅུད་ཀྱི་དྭང་མ་འདུས་པ་ལས།   གླིང་བཞིའི་འཇིག་རྟེན་གྱི་དབུས་སུ་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་རིའི་རྒྱལ་པོ་རི་རབ་ཆགས།   དེའི་སྲོག་རྟེན་དུ་དཔག་བསམ་ལྗོན་ཤིང་ཡོངས་འདུས་ས་བརྟོལ་རྩ་བ་དབང་ཆེན་གསེར་གྱི་ས་གཞི་ལ་ཟུག་པས་ཀླུ་ཁམས་ཀྱི་རྟེན་བྱེད་པ།   སྐེད་པ་རི་རབ་ཀྱི་ཁོང་གསེང་ན་ཡོད་པས་ལྷ་མིན་དང་གནོད་སྦྱིན་གྱི་ལོངས་སྤྱོད་སྤེལ་བ།   རྩེ་མོ་སུམ་ཅུ་རྩ་གསུམ་ལྷ་གནས་སུ་རྒྱས་པས་ལྷ་རྣམས་ཀྱི་དགོས་འདོད་འབྱུང་བ།   ལོ་མ་དར་དང་ཟ་འོག  །འབྲས་བུ་རིན་ཆེན་སྣ་ཚོགས་ཀྱི་ཆར་འབེབས་པས་སྲིད་པ་གསུམ་གྱི་ཕྱའི་བཅུད་དང་གཡང་གི་རྟེན་དུ་གྱུར་པ་དེ་ལ་དཔེར་བྱས་ནས་འཇིག་རྟེན་གྱི་མེས་པོ་ལྷ་ཆེན་ཚངས་པ་གདོང་བཞིས།   ཟླ་བ་ཡར་གྱི་ངོ་ལ་གཙང་རིས་ཀྱི་ལྷ་སྲུང་དགྱེས་པའི་བསང་མཆོད་བྱས།   ཡུལ་གྱི་དགེ་བཅུ་གཡང་དུ་འཁྱིལ་བའི་སྨན་ལྗོངས་སུ་སྐྱེས་པའི་སྨྱུག་རྒོད་ལོ་རྒྱུས་མ་ཉམས་པ་དེ་དལ་འབྱོར་གྱི་རྣམ་བཞག་ཚང་ཞིང་དགེ་མཚན་དང་ལྡན་པའི་སྐྱེས་བུ་ལ་བཅད་དུ་བཅུག   །བྱ་རྒྱལ་ཐང་དཀར་རྒོད་པོའི་སྒྲོ་བསྒྲོན་པས་སྟེང་ལྷ་ཁམས་འཁོར་ཞིང་ཆགས་པའི་རྟེན་འབྲེལ་བསྒྲིགས།   རྒྱ་མཚལ་དམར་པོའི་རྩི་བྱུག་པས་བར་གཉེན་ཁམས་དབང་དུ་སྡུད་པའི་རྟེན་འབྲེལ་བསྒྲིགས།   གནམ་ལྕགས་ངར་མའི་མདེའུ་བཏགས་པས་འོག་ཀླུ་ཁམས་ཟིལ་གྱིས་གནོན་པའི་རྟེན་འབྲེལ་བསྒྲིགས།   མགུལ་དུ་དར་ཟབ་དང་རིན་པོ་ཆེ་དངུལ་གྱི་མེ་ལོང་རྣམས་བཏགས་པས་དཔག་བསམ་ཤིང་གི་ལོ་མ་དང་འབྲས་བུ་ལས་དགོས་འདོད་མ་ལུས་པ་འབྱུང་བ་བཞིན་དུ།   འཁོར་འདས་གཉིས་ཀྱི་དགེ་ལེགས་མ་ལུས་པ་འབྱུང་བའི་རྟེན་འབྲེལ་བསྒྲིགས།   བསྒྲིགས་པ་ལྟར་བྱུང་།   བྱུང་བ་ལྟར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ལྷ་མཆོད་པ་ལ་ལྷ་མདའ།   ཚེ་སྤེལ་བ་ལ་ཚེ་མདའ།   གཡང་འགུགས་པ་ལ་གཡང་མདའ་ཞེས་ཡོངས་སུ་གྲགས་ཤིང་གྲུབ་སྟེ་བཀྲ་ཤིས་བདེ་ལེགས་ཀྱི་སྒོ་དབྱེ་བའི་མཚན་རྟགས་མཆོག་དང་ཕུལ་དུ་གྱུར་པ་ཡིན་པ་གདའ་ལགས་སོ།   །བཀྲ་ཤིས་པའི་མདའ་དར་འདི་བར་དུ་སྲིད་པ་གང་གི་རིང་ལ་དར་ཞེ་ན།   ཐོག་མར་ལྷ་རྒྱུད་མི་བརྒྱུད་ཀྱི་གྲོལ་ཕུག་སྲིད་པ་ཡེ་སྨོན་རྒྱལ་པོ་ཞེས་བྱ་བ་དེ་ཉིད་ཀྱིས།   སྲིད་པ་ལུགས་ཀྱི་ཐབས་ཤེས་སུ་བསྡེབས་པའི་ཚེ།   ལྷ་ཆེན་སྣང་བ་འོད་ལྡན་གྱིས་བཀྲ་ཤིས་པའི་མདའ་དར་ལ་ཕྱྭའི་རྟགས་སུ་བཀོད།   གཡང་གི་རྟེན་དུ་བཙུགས་པས་སྲིད་པ་འདི་ན་ཆེ་ཞིང་ཡོངས་སུ་གྲགས་པ་ཕྱྭ་རྗེ་སྒམ་པོ།   དམུ་རྗེ་བཙན་པོ།   གཙུག་རྗེ་ཨོག་སྐོས་རྣམས་བྱུང་།   དེ་རྣམས་ལས་སྲིད་པ་འཕྲུལ་གྱི་མི་རྒྱུད་ཐམས་ཅད་གྲོལ།   ལུགས་གཉིས་ཀྱི་བསྟན་པ་ཆགས་པའི་གཞི་རུ་གྱུར་པ་གྲགས།   བར་དུ་ཉི་མའི་རིགས་འཁྲུངས་ཤཱཀྱའི་རྒྱལ་པོ་ཟས་གཙང་མས་ཡུམ་སྒྱུ་མ་ལྷ་མཛེས་དང་སྐྱེ་དགུའི་བདག་མོ་ཁབ་ཏུ་བཞེས་པའི་ཚེ་མངོན་ཤེས་ལྔ་དང་ལྡན་པའི་དྲང་སྲོང་ཆེན་པོ་རྣམས་ཀྱིས་བཀྲ་ཤིས་པའི་མདའ་དར་ལ་ཕྱའི་རྟགས་སུ་བཀོད།   གཡང་གི་རྟེན་དུ་བཙུགས་པས་སྟོང་གསུམ་འདུལ་བའི་ཐུབ་པ་ཆེན་པོ་དང་།   འཁོར་ལོས་སྒྱུར་བའི་མཚན་རྟགས་ཅན་གཅུང་དགའ་བོ་མཆེད་གཉིས་བྱོན་ཏེ་འཇིག་རྟེན་གྱི་ཁམས་སུ་དཀོན་མཆོག་གསུམ་གྱི་སྣང་བས་ཁྱབས།   དམ་པའི་ཆོས་ཀྱི་ཉི་མ་ཤར།   ཐར་པ་དང་བྱང་ཆུབ་ཀྱི་ལམ་སྒོ་ཕྱེས་པར་གདའ།   ཐ་མར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མིའི་རྗེ་བོའི་སྐུར་བསྟན་པ་གངས་ཅན་ལྷ་གཅིག་སྲོང་བཙན་སྒམ་པོས་ཇོ་མོ་ཁྲོ་གཉེར་ཅན་དང་རྗེ་བཙུན་སྒྲོལ་མའི་རྣམ་འཕྲུལ་བལ་བཟའ་ཁྲི་བཙུན་དང་།   རྒྱ་བཟའ་ཀོང་ཇོ་ཁྱིམ་ཐབས་སུ་སྦྲེལ་བའི་ཚེ།   ནུས་པ་ཅན་གྱི་སྐུ་གཤེན་རྣམས་ཀྱིས་བཀྲ་ཤིས་པའི་མདའ་དར་ལ་ཕྱའི་རྟགས་སུ་བཀོད།   གཡང་གི་རྟེན་དུ་བཙུགས།   ཁྱད་པར་འཕྲུལ་བློན་རིག་པ་ཅན་མགར་སྟོང་བཙན་ཡུལ་བཟུང་གིས་ནག་པོ་རྒྱ་ཡི་ཡུལ་དུ་མདའ་རྒོད་སྒྲོ་མ་ལ་དར་ལེ་བརྒན་བཏགས་པས་འདྲ་མཉམ་གྱི་ན་ཆུང་སུམ་བརྒྱའི་དབུས་ནས་ལྷ་གཅིག་ཀོང་ཇོ་ངོས་བཟུང་བས་བོད་རྗེའི་བཙུན་མོར་ཐོབ།   བོད་ཁམས་སུ་དཀར་པོ་དགེ་བཅུའི་ཁྲིམས་ཆགས།   དམ་པ་ཆོས་ཀྱི་སྲོལ་ཀ་དོད།   ལུགས་གཉིས་མངའ་ཐང་དགུང་དུ་བདོ་བ་འདི་བྱུང་།   དེ་ནས་ད་ལྟའི་བར་དུ་གཉེན་ལམ་མདའ་དར་གྱིས་སྦྲེལ་བས་བཀྲ་ཤིས་པའི་དགེ་མཚན་གོང་དུ་འཕེལ་བའི་གཏན་ཚིགས་འདི་བྱུང་བ་འདུག་ལགས།   དེ་ལས་ད་ལྟའི་སྐབས་སུ་བཀྲ་ཤིས་པའི་མདའ་དར་འདིའི་རྒྱུ་མཚན་ཅུང་ཟད་དམིགས་གསལ་དུ་ཞུ་ན།   གནམ་ས་ཐབས་ཤེས་སུ་བསྡེབས།   འབྱུང་བའི་དྭངས་མ་འདུས་པ་ལས་ཁམས་ལྔ་སྙིང་པོར་འཁྱིལ་ཞིང་མཁོ་དགུའི་ཡོན་ཏན་ཚང་བའི་ལོངས་སྤྱོད་ཀྱི་ཁྱད་པར་འགའ་ཞིག་སྲིད་པ་སྤྱི་མཐུན་གྱི་བསོད་ནམས་ལས་གྲུབ་པའི་ནང་ཚན།   རྒྱལ་ཆེན་རིས་བཞི་པའི་ལྷ་རྣམས་བརྟེན་པའི་བཟང་ཤིང་ཡོན་ཏན་ཀུན་ལྡན་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ།   ཕ་མཚུན་དགྲ་བླའི་སྲོག་རྟེན།   ལྷ་དང་སྲུང་མའི་སྐུ་ཤིང་སྨྱུག་རྒོད་རྩེ་རྒྱལ་ཚིགས་ཀྱིས་སྤྲས་པ་དེ་བྱུང་།   དྲང་ཞིང་གས་འཁྱོགས་མེད་པས་ལུགས་གཉིས་ཀྱི་དཔེ་རུ་འོས།   ཕྱི་ཤུན་པ་མེད་པས་སྒྲིབ་བྱེད་ཀྱི་དྲི་མ་དང་བྲལ།   ནང་ཟང་ཐལ་དུ་གྱུར་པས་གར་གཏད་ལ་ཕྱོགས་མེད་དུ་འགྲོ།   ལོ་མ་དབྱར་དགུན་གཉིས་ཀར་སྔོ་བས་འཆི་མེད་ཚེ་ཡི་གསོས་བྱེད་པ།   དེ་ཉིད་དཀའ་བ་ལྷོ་མོན་མཐིལ་ནས་བླངས།   དཀོན་པའི་རིན་ཐང་ཡོན་དུ་གཞལ།   འཕྲུལ་ལྡན་མཁས་པས་མདའ་རུ་བཅོས།   ཆེ་མཉམ་དཔུང་གིས་སྦྲེལ་བའི་རྒྱན་དུ་སྲིད་པའི་དུང་སྒང་དཀར་པོའི་ཕྱི་ཤུན་པ་ལས་གྲོལ་བས་མཁའ་ལྡིང་ཡོངས་ཀྱི་རྒྱལ་པོར་གྱུར་པའི་ཐང་དཀར་རྒོད་པོའི་གཤོག་སྒྲོས་བརྒྱན།   ཐབས་དང་ཤེས་རབ་ཏུ་འཛོམ་པས་རྩེ་མོ་ལ་ལྟོང་གཏོད།   ལྷ་མིའི་ཡིད་སེམས་ཆགས་པས་དེ་ལ་མཚལ་བྱུགས།   ཡ་རབས་དྲྭ་མའི་རྒྱན་བྱེད་པས་གསེར་གྱི་རི་མོས་སྤྲས།   སྡང་དགྲ་ཆོམ་ལ་འབེབས་པས་རྣོ་མཉེན་ངར་གསུམ་འཛོམ་པའི་ལྕགས་ཀྱི་མདེའུ་སྦྱར།   ལྷ་སྲུང་དགྲ་བླའི་དམག་ཚོགས་རང་བཞིན་གྱིས་འཁོར་བ།   སྡང་དགྲ་བོས་མཐོང་ན་གློ་སྙིང་འདར་བ།   གཉེན་བྱམས་པས་མཐོང་ན་སེམས་རྩ་སྤྲོ་བ།   ལྷ་ཆེན་ཚངས་པ་དཀར་པོའི་འཕྲུལ་ལས་གྲུབ་པ་དེ་ཉིད་རྩ་བའི་རྟེན་དུ་བྱས།   དེ་ལ་བརྟེན་ཅིང་མཛེས་བྱེད་ཀྱི་རྒྱན་དུ་འཕགས་པ་འཇམ་དཔལ་གཞོན་ནུའི་བྱིན་གྱིས་བརླབས་པའི་མ་ཧཱ་ཙི་ནའི་ཡུལ་ལྗོངས་ནས་བྱུང་བའི་དར་མཚོན་སྣ་ལྔ་བཏགས་པ་སྟེ།   དེའང་དཀར་པོ་ཆུ་ཤེལ་གྱི་ཟླ་བ་བཞིན་འོད་དུ་འབར་བས་ཆུ་ཁམས་རྒྱ་མཚོའི་བཅུད་འགུགས།   སེར་པོ་ཛམྦུའི་ཆུ་གསེར་བཞིན་གསལ་ལ་དག་པས་ས་ཁམས་བརྟན་པའི་གཞི་བྱེད།   དམར་པོ་འཕྲུལ་གྱི་གློགས་ཞག་བཞིན་བཀྲག་ལ་འཚེར་བས་མེ་ཁམས་སྨིན་པའི་དཔལ་བསྐྱེད།   ལྗང་གུ་མརྒད་ཞུན་མ་བཞིན་སྣུམ་ལ་འཁྱིལ་བས་རླུང་ཁམས་སྟོབས་རྩལ་གོང་དུ་སྤེལ།   སྔོན་པོ་ཨིནྡྲ་ནཱི་ལ་སྤྲིན་དང་བྲལ་བའི་ནམ་མཁའ་བཞིན་དུ་ཕྱི་ནང་འབྱུང་བ་ཀུན་གྱི་གོ་འབྱེད་པས།   ལོ་དང་ཟླ་བ།   ཚེས་དང་དུས་ཚོད།   གཟའ་དང་སྐར་མ།   ཕྱི་ནང་འབྱུང་ལྔའི་ཁམས་ལ་བརྟེན་པའི་རྟེན་འབྲེལ་ཐམས་ཅད་དགེ་ལེགས་ཕུན་སུམ་ཚོགས་པའི་ཕྱོགས་གུ་བསྒྲིགས།   འབྱུང་བ་གཅོད་འདྲལ་ལས་གྱུར་པའི་ཉེས་པ་ཐམས་ཅད་ཞི་བར་བྱེད།   ལོ་ཟླ་ཞག་དུས་ལ་རྒྱུ་བའི་ས་བདག་ཀླུ་གཉན་རུང་དང་ཀོ་ལོང་སྡོམ་པ་ཀུན་གྱི་མཐོང་བྱེད་སྒྲིབ་པའི་ཡོན་ཏན་དང་ལྡན་པ་ལགས།   དེའི་དབུས་ན་དངུལ་དཀར་གྱི་མེ་ལོང་འོད་དུ་འབར་བ་དང་།   དཀོན་ལ་རིན་ཐང་ཆེ་བའི་ནོར་བུའི་བྱེ་བྲག་མང་པོས་རྒྱན་དུ་སྤྲས་པ་སྟེ།   དེའང་སྲ་མཁྲེག་རང་བྱུང་རྡོའི་སྙིང་པོ་ལ་འཕྲུལ་ཆེན་སྐྱེས་བུ་བཟོ་བོའི་རྒྱལ་པོས།   ཞུན་ལ་ཞུན་དུ་བཞུས།   དྭངས་ལས་དྭངས་སུ་ཕྱུངས་པའི་སྙིང་པོ་ལས་འཇིག་རྟེན་ན་རིན་ཐང་ཆེ་བའི་རིན་པོ་ཆེ་གཉིས་པ་ཟླ་བ་ནོར་བུ་ཆུ་ཤེལ་གྱི་ཞུན་མ་གཅིག་ཏུ་འཁྱིལ་པ་ལྟ་བུ་ལས།   ཡ་མཚན་འཕྲུལ་གྱི་མེ་ལོང་སྣང་བྱེད་ཉི་ཟླའི་དཀྱིལ་འཁོར་གཉིས་པ་གྲུབ་སྟེ།   གསལ་བས་ཉི་མ་ཟིལ་གྱིས་གནོན་པ།   བཀྲག་པས་ཟླ་བ་བག་ལ་ཞ་བ།   དྭངས་པས་སྲིད་གསུམ་གཅིག་ཏུ་སྡུད་པ།   ནང་གི་འོད་མདངས་ཕྱི་རུ་སྤྲོ་ན་གཟུགས་སྣང་ཐམས་ཅད་འོད་དུ་འབར་བ།   ཕྱིའི་ཡུལ་སྣང་ནང་དུ་བསྡུས་ན་སྲིད་པ་གསུམ་གྱི་གཟུགས་བརྙན་འཆར་བ།   ཕྱི་ནང་དབྱེར་མེད་གཅིག་ཏུ་འདྲེས་པས་ངོ་མཚར་སྒྱུ་མའི་ལྟད་མོ་ངོམས་པ།   སྟེང་ལྷ་ཁམས་གཟུགས་བརྙན་དུ་འཛིན་པས་ལྷ་མཐུ་ཆེན་གྱི་བཀའ་ཆད་ཟློག་པ།   བར་གཉན་ཁམས་མདངས་འོད་དང་འདྲེས་པས་གཉན་གཏུམ་པོའི་གདུག་རྩུབ་ཞི་བ།   འོག་ཀླུ་ཁམས་ཟེར་མདངས་ཀྱིས་གསལ་བས་ཀླུ་གདོལ་པའི་ཕོག་ཐུག་འཇོམས་པ།   དེ་ཉིད་ནམ་མཁའི་དབྱིངས་སུ་ཟླ་བའི་དཀྱིལ་འཁོར་མཛེས་པ་བཞིན་དུ་བཀྲ་ཤིས་པའི་ལྷ་མདའི་མགུལ་དུ་བཀོད།   ཟླ་བ་ལ་རྒྱུ་སྐར་གྱིས་བསྐོར་བ་བཞིན་དུ་ཟུར་དུ་རིན་པོ་ཆེའི་རྒྱན་ཕྲེང་གིས་སྤྲས་པའི་གཙོ་བོ།   གཡུ་ལྗང་ནམ་མཁའི་ཐིག་ལེ་ནོར་བུ་མརྒད་ཀྱི་སྙིང་པོ་དཀར་མདངས་ལ་དཀར་ཆའི་རྟེན་འབྲེལ།   དམར་མདངས་ལ་དམར་ཆའི་རྟེན་འབྲེལ།   ལྗང་གུ་ལ་རླུང་སེམས་ཀྱི་རྟེན་འབྲེལ།   མདངས་གསུམ་གཅིག་ཏུ་འདུས་པ་སྐྱེས་བུའི་བླ་སྲོག་གི་རྟེན།   དཀོན་པའི་དོན་གྱིས་རིན་ཆེ།   མཚར་བའི་འོད་ཀྱིས་རྒྱན་བྱེད།   ཁྱད་པར་འཕགས་པའི་དཀོར་ནོར་དུ་རྩི།   རྗེ་རྒྱལ་པོའི་མགུལ་གཡུ་བྱེད་དེ་བཀའ་ཁྲིམས་བཙན་པོས་འབངས་འཁོར་ལ་དབང་དུ་བྱེད།   ཕོ་སྐྱེས་པའི་རྣ་གཡུ་བྱེད་དེ་རྣ་བ་གཏམ་སྙན་གྱི་བཅུད་ཀྱིས་འགེངས།   མོ་མཛེས་མའི་གཙུག་གཡུ་བྱེད་དེ་ཚེ་གང་སྐྱིད་པའི་འགོ་ཚུགས།   གསོན་སྲོག་ཡོད་ཀྱི་བླ་གཡུ་བྱེད་དེ་བླ་ཚེ་སྲོག་གསུམ་རང་མལ་དུ་བརྟན་པར་བྱེད་པའི་དབྱིག་གི་མཆོག་དམ་པ་ཉིད་དང་།   གཞན་ཡང་ལྷའི་ནོར་བུ་ཤེལ་དཀར་དྭངས་གསལ།   གཟུགས་མེད་ཁམས་ཀྱི་ཏིང་འཛིན་གསལ།   གཟུགས་ཁམས་ཀྱི་བསམ་གཏན་གསལ།   འདོད་ཁམས་ལྷའི་བདེ་སྐྱིད་གསལ།   གསལ་བ་གསུམ་འཛོམ་རིན་ཆེན་གྱི་མཆོག་དང་།   ཀླུའི་ནོར་བུ་དུང་དཀར་དྲི་མེད།   བྱ་བ་མི་ཆོས་ཀྱི་གཞི་དཀར།   བྱེད་པ་ལྷ་ཆོས་ཀྱི་གཞུང་དཀར།   འབྲས་བུ་ལུགས་གཉིས་ཀྱི་མཐའ་དཀར།   དཀར་བ་གསུམ་འཛོམ་རིན་ཆེན་གྱི་མཆོག་དང་།   མིའི་ནོར་བུ་བྱེ་རུ་མདངས་རྒྱས།   ཐོག་མར་ཡིད་འོང་གི་འཛུམ་མདངས་རྒྱས།   བར་དུ་མཛེས་རྒྱན་གྱི་སྙིང་བཅུད་རྒྱས།   ཐ་མར་དཀོར་མཛོད་ཀྱི་དབྱིག་ཏུ་རྒྱས།   རྒྱས་གསུམ་འཛོམ་པ་རིན་ཆེན་གྱི་མཆོག་ཏུ་གྲུབ་པ་སྟེ།   བཀྲ་ཤིས་ནོར་བུ་རྣམ་གསུམ་གྱི་གཙོ་བོར་བྱས།   འདོད་པ་འཇོ་བའི་ནོར་གྱི་སྙིང་པོ་རྣམས་ཀྱིས་བརྒྱན་པས་མགོ་མཇུག་ཀུན་མཚུངས་སྐྱེ་དགུའི་སྨོན་རྟེན།   དགོས་དགུ་ཚང་བ་འཇིག་རྟེན་གྱི་དབྱིག་མཆོག  །མཛེས་ཤིང་བརྗིད་པས་ཞིང་ཁམས་ཀུན་གྱི་རྒྱན།   ཟིལ་ཆེན་ཟིལ་དུ་འབར།   བཀྲག་ཆེན་བཀྲག་ཏུ་འཚེར།   མདངས་ཆེན་མདངས་སུ་ངོམས།   བཀྲག་མདངས་འོད་དུ་འབར་བ།   བཀྲ་ཤིས་རྟགས་ཀྱི་རྒྱན་འདི་གྲུབ་པ་ལགས་སོ།   །དེ་ལྟ་བུའི་ལྷ་མདའ་རྒྱན་དང་ལྡན་པ་འདི་ལ་དགོས་པ་ཇི་ལྟ་བུ་ཞིག་ཡོད་ཅེ་ན།   བརྟན་གཡོ་འཁོར་འདས་ཀྱི་དྭངས་མ་བཅུ་བཞི་ཡོངས་སུ་འཚོགས་པའི་བརྡ་རྟགས་དང་ལྡན་པ་ཡིན་ཏེ།   ལྷ་ཤིང་སྨྱུག་རྒོད་དྲང་ལ་བརྟན་པས་འཆི་བ་མེད་པའི་སྲོག་རྩ་བརྟན།   བྱ་རྒྱལ་རྒོད་སྒྲོ་གསུམ་བསྒྲོན་བྱས་པས་བླ་ཡིད་སེམས་གསུམ་མ་གྲུག་མ་འཁྱམས་པར་འཁོར།   རྣོ་གཅོད་ལྕགས་ཀྱི་མདེའུ་བཙུགས་པས་འགགས་པ་མེད་པའི་བློ་གྲོས་ཀྱི་རྩལ་རྣོ།   དངུལ་དཀར་མེ་ལོང་འོད་དུ་འཚེར་བས་འགྱུར་བ་མེད་པའི་ཚེ་འཕེལ།   ལྷ་དར་དཀར་པོ་བཏགས་པས་རྣམ་པར་འགྱུར་བའི་སྤོབས་པ་གྲོལ།   དར་སེར་པོ་བཏགས་པས་ཉམས་པ་མེད་པའི་བསོད་ནམས་རྒྱས།   དམར་པོ་བཏགས་པས་གཡོ་བ་མེད་པའི་དབང་ཐང་བསྐྱེད།   ལྗང་གུ་བཏགས་པས་རྩོལ་བ་མི་མངའ་བའི་མཐུ་སྟོབས་ལྡན།   སྔོན་པོ་བཏགས་པས་ཤུགས་འབྱུང་ཆེན་པོའི་རྩལ་རྒྱས།   ལྷའི་ནོར་བུ་ཤེལ་དཀར་བཏགས་པས་རྒུད་པ་མེད་པའི་ལང་ཚོ་འབར།   ཀླུའི་ནོར་བུ་དུང་དཀར་བཏགས་པས་ཟག་པ་མེད་པའི་དངོས་གྲུབ་སྡུད།   མི་ཡི་ནོར་བུ་བྱེ་རུ་བཏགས་པས་དགེ་ལེགས་ཀུན་གྱི་དཔལ་དུ་བྱེད།   ཀུན་འདུས་ནོར་བུ་གཡུ་ལྗང་བཏགས་པས་མངོན་པར་འདུས་མ་བྱས་པའི་གཟི་འོད་འབར།   ཡོངས་སུ་རྫོགས་པས་ཕྱོགས་ལས་རྣམ་པར་རྒྱལ་བའི་དགེ་མཚན་ཏུ་གྲུབ་པ་སྟེ།   ཕྱི་འབྱུང་ལྔའི་དྭངས་མ་སྡུད་ཅིང་།   ནང་ཁམས་ལྔ་གསོ་བའི་རྟེན་བྱེད་པས་འཆི་མེད་ཚེ་ཡི་མདའ།   ཕྱི་གླིང་བཞིའི་ཕྱྭ་གཡང་འགུགས་ཤིང་ནང་བང་མཛོད་བཅུད་ཀྱིས་བཀང་བས་ཕྱྭ་ཚེ་གཡང་གི་མདའ།   གཙང་རིས་ཀྱི་ལྷ་དང་སྲུང་མའི་དབུ་འཕང་བསྟོད་ཅིང་འཇིག་རྟེན་གྱི་ཁམས་སུ་དགེ་ལེགས་སྤེལ་བས་བཀྲ་ཤིས་ལྷའི་མདའ་ཞེས་དོན་གཅིག་ལ་མིང་གི་ཁྱད་པར་མང་པོས་མཛེས་པ།   མིང་གཅིག་གིས་དོན་གྱི་དགོངས་པ་མང་པོ་མཚོན་པ།   བྱུང་ཁུང་དང་ཁྱད་དོན་དགོས་པ་ཕུན་སུམ་ཚོགས་པའི་དངོས་པོ་འདི་ལ་བརྟེན་ནས།   གཉེན་ལམ་དར་གྱིས་སྦྲེལ་བས་གཞུང་འཇམ་པ་རྒྱ་དར་ཡུག་གཅིག   །དར་ཆད་ཀྱང་མདུད་པ་མི་ཆད།   ཁོག་དབུབ་གཏམ་གྱིས་བྱས་པས་ངོ་མཚར་བ་སྔོན་གྱི་གླེང་གཞི།   མི་སོང་ཡང་གླེང་མོ་མི་ཆད།   སྲིད་པ་ཕྱྭའི་རྗེས་སུ་འབྲང་བས་སྲོལ་བཟང་པོ་ཕ་མེས་ཀྱིས་བཞག་པ།   བུ་ཚ་བརྒྱུད་ལ་རྗེས་བཞག་བཟང་པོ་ལགས་པས།   གནས་སྐབས་སུ་༼ཆོས་ནོར་འདོད་ཐར་གྱི་སྡེ་བཞི་དང་དགེ་བཅུའི་བཀའ་ཁྲིམས་བཟང་པོ་དང་ཡོངས་སུ་འབྲེལ་བའི་ཆབ་སྲིད་ཀྱི་དཔལ་འབྱོར་དབང་ཐང་དར་ཞིང་རྒྱས་ལ་མི་ནུབ་རྟག་ཏུ་བརྟན་པའི་རྩ་ལག་རིང་ནས་སྨོན་པ་བཞིན་དུ་འགྲུབ་པ་དང་།   དེའི་མཐུན་རྐྱེན་དུ་གྱུར་པ་བོད་སྐྱོང་མིའི་རྗེ་བོ་ལྷ་རིགས་ཀྱི་མངའ་བདག་དམ་པ་ཆབ་འབངས་༽འཁོར་བཅས་ཆོས་ལྡན་དགེ་ལེགས་ཀྱི་དཔལ་འབྱོར་ཡར་ངོའི་ཟླ་བ་ལྟར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་རྟེན་འབྲེལ་སྨོན་འདུན་རྩེ་གཅིག་ཏུ་ཞུ་བ་ལགས།   དགེ་ལེགས་འཕེལ།།   །།ཡང་ན་༼འཕགས་ནོར་བདུན་གྱིས་ཕྱུག་པའི་ཁྱིམ་བདག་ཆེན་མོའི་མི་ནོར་༽འཁོར་བཅས་སོགས་སྦྱར།  མཆན། 
 
༄༅།   །དེ་ནས་མཐུན་སྦྱོར་གཉེན་རྩིས་ལ།   །སྲོག་ལུས་དབང་ཐང་ཀླུང་རྟ་དང་།   །འབྱུང་བའི་སྤུན་གྲངས་བཙས་ཟླ་དང་།   །སྤར་ཁ་རང་ཁམས་མ་ཁམས་དང་།   །སྲོག་ལུས་དབང་ཀླུང་སྨེ་བ་ཡི།   །གི་གོང་བཞི་སྟེ་མཐུན་སྦྱོར་གྱི།   །རྡེའུ་བཅུ་གསུམ་འབོར་བར་བྱ།   །དང་པོ་སྐྱེས་པ་བུད་མེད་ཀྱི།   །སྲོག་གཉིས་འཐབས་པའི་རྡེའུ་གཅིག   །དེ་བཞིན་ལུས་དང་དབང་ཐང་དང་།   །ཀླུང་རྟ་གཉིས་འཐབས་རྡེའུ་རེ།   །དེ་རྣམས་སྐྱེས་པས་བུད་མེད་དང་།   །བུད་མེད་ཀྱིས་ཀྱང་སྐྱེས་པ་ལ།   །ཕན་ཚུན་འཐབས་པའི་རྡེལ་ཙར་གཉིས།   །དེ་ཡང་སྲོག་ཀླུང་སྐྱེས་པ་གཅེས།   །ལུས་དབང་བུད་མེད་གཅེས་པར་བཟུང་།   །དེ་ལས་འབྱུང་བའི་སྤུན་གྲངས་བརྩི།   །ཤིང་གཅིག་ས་གཉིས་ཆུ་ལ་གསུམ།   །མེ་བཞི་ལྕགས་ལ་རྡེའུ་ལྔ།   །ར་བསེ་རྡེལ་གྲངས་མཉམ་རྒྱལ་བརྟག   །དེ་བཞིན་སྐྱེས་ཟླའི་སྲོག་གཉིས་དང་།   །སྤར་ཁ་གང་སྐྱེས་ཁམས་གཉིས་དང་།   །རང་ཁམས་གཉིས་དང་མ་ཁམས་གཉིས།   །གཅོད་འབྲལ་འཐབས་པའི་རྡེའུ་བོར།   །འདི་དག་བརྩི་ཚུལ་ལུགས་མང་ཡང་།   །རྩ་བའི་རང་འགྲེལ་ཉི་ཤུ་བར།   །འབྱུང་བ་གསོ་བསྐྱེད་དགྲ་གྲོགས་ཀྱིས།   །གཉེན་སྦྱོར་གཏན་ལ་དབབ་པར་བྱ།   །ཞེས་གསུངས་འདི་ལ་ཚད་མ་ཡིན།   །དེ་ནས་གི་གོང་རྣམ་བཞི་ནི།   །སྲོག་སྨེ་ལུས་སྨེ་དབང་སྨེ་དང་།   །ཀླུང་སྨེ་བཞི་བོ་ངོས་བཟུང་སྟེ།   །སྤར་སྨེ་ལྟག་སྤྲད་སྲོག་འཚོ་སོགས།   །བརྩིས་པའི་རྡེལ་བཞི་བོར་བར་བྱ།   །སྐྱེས་པ་ལྔ་མེད་གཉིས་དང་ནི།   །བུད་མེད་ལྔ་མེད་བདུན་ལ་བརྩི།   །དེ་རྣམས་གསལ་སྒྲོན་རྩ་བ་ཡི།   །རྡེའུ་བཅུ་གསུམ་འབོར་ལུགས་ཏེ།   །གཞན་དུ་མཁས་པའི་ཕྱག་བཞེས་ལ།   །རྐྱང་ཁུག་ཎི་ཤའི་ངོས་འཛིན་མཛད།   །དང་པོ་རྐྱང་པ་ཕོ་མོ་ཡི།   །སྲོག་སོགས་འཐབས་དང་ཁུག་པ་ནི།   །སྔར་གྱི་སྤར་སྨེ་སྤྲད་དེ་ཡིན།   །གལ་ཏེ་དེ་ལ་མ་མཐུན་ན།   །གསང་བ་ཡང་ཁུག་བརྩི་བར་མཛད།   །སྐྱེས་པའི་སྨེ་བ་རང་སར་བཞག   །བུད་མེད་སྨེ་བ་འགུགས་པ་ནི།   །གཅིག་ནི་གཉིས་ལ་གཉིས་ནི་གཅིག   །གསུམ་ནི་དགུ་ལ་དགུ་ནི་གསུམ།   །བཞི་ནི་བརྒྱད་ལ་བརྒྱད་ནི་བཞི།   །དྲུག་བདུན་མི་འགུགས་དེ་རྗེས་སུ།   །སྤར་སྨེ་ལྟག་སྤྲད་སྔར་བཞིན་བརྩི།   །གསུམ་པ་ཎི་ཤ་རྩི་བ་ནི།   །སྐྱེས་པ་ཕོ་ལོ་རྒན་པ་དང་།   །བུད་མེད་མ་ལོ་ན་གཞོན་གཉིས།   །བཟང་ཞིང་གོ་ལྡོག་ངན་པ་སྟེ།   །འདི་དང་ཕོ་མོའི་སྐྱེས་ཟླ་ཡི།   །སྲོག་སོགས་དར་གུད་བརྩི་བ་གཉིས།   །རང་འགྲེལ་ཉི་ཤུ་པ་ལས་གསུངས།   །དེ་དག་ལེགས་པར་བརྩིས་ནས་ཀྱང་།   །འགྲེལ་པའི་ལེའུ་བཞི་པ་ཡི།   །ལེགས་ཉེས་འབྲས་བུས་སྟངས་བཅད་དོ།   །དེ་ཉིད་ལམ་དུ་འཇུག་པ་ན།   །བྱུར་ཐག་ཉི་ཤུ་བཅད་པ་དང་།   །བརྫང་ལུགས་བཅུ་ཡིས་རྫོང་བ་དང་།   །དགོས་པའི་མི་ལྔ་བསྟན་པ་གསུམ།   །དང་པོ་བྱུང་ཐག་ཉི་ཤུ་ནི།   །ལྡིག་ནག་ཆེ་འབྲིང་ཆུང་བ་གསུམ།   །ཁ་ཉེས་ཡི་མུག་གཟོང་བརྡལ་གསུམ།   །ལྟས་ངན་ཆེ་འབྲིང་ཆུང་བ་གསུམ།   །སྣ་ལ་སྤུ་གྲི་ལག་ཨེ་སྐྱོགས།   །འགལ་མེ་ཀླད་ཀོར་རྒྱབ་ས་སྒྱེ།   །འཕྱགས་ཤིང་ལག་ཐོགས་རྟིང་ལྕགས་ཀྱུ།   །སྤྱི་བོར་རྒྱ་ཟོར་ཁྲམ་ཤིང་འཇུག   །ཁྱོ་འཆི་བ་དང་རབས་ཆད་དང་།   །བྱེ་བྲལ་ཉི་ཤུ་བཅད་པར་བྱ།   །གཉིས་པ་ལོ་སྨེ་སྤར་ཁ་དང་།   །དར་གུད་ཟླ་བ་ཞག་དང་དུས།   །གཟའ་སྐར་ས་བདག་བཅུ་ཡིས་རྫོང་།   །གསུམ་པ་དགོས་པའི་མི་ལྔ་ཡང་།   །མཉེ་བོ་མཐུན་གསུམ་ལོ་པ་དང་།   །ལུས་མཐུན་རྟ་ཁྲིད་སྲོག་མས་བྱ།   །སྲོག་མཐུན་ཟླ་མོ་སྲོག་གྲོགས་སམ།   །དབང་ཐང་མ་ཡིས་ཟས་དྲངས་ལ།   །བདུན་ཟུར་དགྲ་ལོས་སྣ་ཚོགས་བྱ།   །རྒྱས་པར་རིན་ཆེན་འགྲོ་ལམ་དང་།   །འགྲེལ་པའི་ལེའུ་ལྔ་པ་སོགས།   །ཞིབ་མོར་བལྟས་ཏེ་གཏན་ལ་དབབ།   །འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་ལས།   །གི་གོང་མཐུན་སྦྱོར་བཤད་པའི་ལེའུ་སྟེ་བཞི་པའོ།།   །།
  • ལེ་ཚན་སྔོན་མ།:འབའ་ཡི་དར་བཤད་ཐོས་པ་ཀུན་དགའ།
  • ལེ་ཚན་རྗེས་མ།:བོད་ཀྱི་འཁྲུངས་སྐར་མཛད་སྒོ།