གླིང་གེ་སར་ལ་བསྟོད་པའི་ཀ་རྩོམ།

ཡོན་ཏན་ཚེ་རིང་།        2013-01-31

ཀ་ལ་པིང་ཀའི་སྐད་ལྟར་གདངས་དབྱངས་ནི་སྙན་པོས།།
ཁ་འཛིན་སྡོང་གྲོགས་ཞུ་འོ་རིགས་གསུམ་གྱི་རྣམ་འཕྲུལ། །
ག་ལ་བ་དེར་འདི་བྱོན་གེ་སར་གྱི་ནོར་བུ། །
ང་ཡི་བཅོལ་བའི་འཕྲིན་ལས་སྒྲུབ་པ་རུ་མཛོད་ཅིག །
 
ཅ་ཟིང་ཁོ་ནས་དུས་མདའ་རིན་བྲལ་གྱི་མི་ལུས། །
ཆ་འཇོག་ཡིད་བརྟན་རུང་བའི་བྱ་བ་ཞིག་སྨོས་ཅི། །
ཇ་ཆང་ཤོ་སྦག་མི་ཚེ་ཆོད་ཐབས་ལས་མེད་པའི། །
ཉ་རྒྱའི་དྲ་ལ་ཚུད་ལྟར་གཞན་དབང་འདི་སྒྲོལ་མཛོད། །
 
ཏ་ཀུ་རྟེན་ལ་ཐག་ཉེ་འཆི་རྒྱུ་ཡང་དེ་བཞིན། །
ཐ་ན་ཚིག་གི་བཟང་ངན་ཁོག་པོའི་ནང་མི་འཁྲིགས། །
ད་རུང་ངོ་གདོང་དམར་པོའི་སྡང་སེམས་ཀྱིས་ཁེངས་པ། །
ན་ནིང་ཕྲག་དོག་ད་ལོ་སློང་མཁན་འདི་སྒྲོལ་མཛོད། ། 
 
གླིང་གེ་སར་ལ་བསྟོད་པའི་ཀ་རྩོམ།
པ་རི་པི་རི་ཕན་ཚུན་དབྱེན་དཀྲུག་གི་བྱ་སྤྱོད། །

ཕ་ཁག་བུ་དཀྲི་ལྟ་བུ་གཡོ་ཟོལ་གྱི་ལས་དང་། །
བ་རྒྱའི་དྲ་ལས་ཐུ་བའི་ཉོན་མོངས་པའི་དུག་ལྔ། །
མ་ལུས་ཐུགས་རྗེའི་ཤེས་རབ་རལ་གྲི་ཡིས་སྒྲོལ་མཛོད། །
 
ཙ་ར་གཅོད་ནས་སྤྱོད་ངན་བསྟན་བཤིག་གི་མི་རྣམས། །
ཚ་འཇུན་དྲང་འདོམས་མཛད་པ་ཡང་བསྐྱར་དུ་ཕེབས་ཤིག །
ཛ་ལང་བདུད་ཀྱི་རིགས་རྣམས་གཏན་ཕམ་དུ་མཛད་ནས། །
ཝ་འབྲོས་ས་མཐར་བསྐྲད་པའང་ནུས་འཕྲུལ་ནི་སྟོན་ཅིག །
 
ཞ་འབྲིང་དམ་པའི་ཆོས་ལ་ཕེབས་པ་རུ་མཛད་ནས། །
ཟ་ཟིང་འཁོར་བའི་སྡུག་བསྔལ་བྱམས་བརྩེ་ཡིས་གཟིགསདང་། །
འ་ན་མ་ན་བསྐལ་པ་རྫོགས་ལྡན་གྱི་དུས་ལྟར། །
ཡ་ཐོག་མི་ཡི་བདེ་སྐྱིད་ད་ལྟ་རུ་སྩོལ་ཅིག །
 
ར་མེད་ལྷག་བསམ་དཀར་པོས་སྐུ་འཁོར་གྱི་གཟུགས་རིས། །
ལ་རྒྱ་ཉམས་གསོ་ཚུལ་དུ་ཤུལ་བཞག་གི་རིག་གནས། །
ཤ་ཞེན་བསྟན་འགྲོའི་དོན་དུ་མི་ཡུལ་དུ་བཞག་ན། །
ས་བཅུ་སེམས་དཔའ་རྣམས་ཀྱིས་དངོས་གྲུབ་འདྲ་གནོངས་ཤིག །
 
ཧ་གོ་དོན་རྟོགས་ཁྱེད་ནི་འཁོར་འདས་མཚམས་བཞུགས་པ། །
ཨ་ཝ་སློབ་སྲས་སྡུག་བསྔལ་གནས་ཡུལ་དུ་མ་གཏོང་། །
ཧ་ལཱ་ཧ་ལཱ་ཁོང་དང་དབྱེར་མེད་ཀྱི་ངང་ནས། །
ཨ་ལ་ཐུགས་རྗེའི་ངང་ནས་མགོན་མེད་དུ་གཟིགས་མཛོད། །
  • ལེ་ཚན་སྔོན་མ།:རང་གི་རྨི་ལམ།
  • ལེ་ཚན་རྗེས་མ།:སེམས་ཁོང་གི་སྒྲོན་མེ།