རང་གི་རྨི་ལམ།

གཙོས།(ཤེས་རབ་ཀྱིས།)        2013-01-28

རང་གི་རྨི་ལམ།
འདི་ན་སེམས་ཀྱིས་མཆོད་པའི། །
ཨ་རག་གཙང་བཞེས་མཛོད་དང་། །
སྣང་བ་བདེ་དགས་ཁྱབ་པའི། །
སྐྱིད་པོ་འདྲ་ཆགས་སླེབས་ཡོང་། །
འབྱུང་ཁམས་མེ་རུ་འབར་བའི།།
དྲོད་ཚད་ཀློང་ནས་བརྡོལ་ན། །
དགུན་ཟླའི་གྲང་ལྷགས་གཉན་པོར། །
ཞུམ་ཞུམ་གནང་དགོས་མི་འདུག །
རྩ་དབང་ལྷོད་པར་མ་སེམས། །
ཕུང་གྱོ ང་མཉེན་དུ་སོང་དུས། །
ལུས་ཀྱི་ལྡེམ་མྱུར་འཕེལ་བས། །
རྩལ་བྲོ་ལྡིང་ན་ལོས་ཆོག །
ལས་ཀར་ཕྱི་བཤོལ་ཐེབས་པ། །
སང་ཉིན་གསབ་སྐལ་ལྡན་ཡོང་། །
དགའ་སྤྲོའི་སྐལ་བཟང་བརླག་ན། །
སླར་ཡང་ལོག་ཏུ་མི་འདུག །
སྙིང་གཏམ་འོ་མ་དཀར་པོ། །
སྙིང་གི་མི་ལ་བཤད་ཡོད། །
སྙིང་ཐིག་མི་འདོད་ཟེར་ན། །
སྙིང་ནད་བདག་ལ་སྐུར་ཆོག །
འདོད་དང་མི་འདོད་བྱ་བཞག །
ནན་ཏན་བྱ་དགོས་མི་འདུག །
ཐམས་ཅད་མོས་པ་ཐ་དད། །
རང་དབང་ལས་ཀྱིས་བསྐོས་ཡོང་། །
འདོད་པའི་དངོས་པོ་བརྒྱ་སྟོང་། །
ལས་དང་བརྩོན་པས་བཙལ་ན། །
མི་འདོད་བྱུར་གྱི་གཡབ་མོ། །
རྒྱ་མཚོའི་ཕ་རོལ་རྩེན་དང་། །
མི་སྙོམས་མི་ཚེ་འདི་ཡི། །
འགལ་རྐྱེན་འོད་དུ་ཞུ་ནས། །
མཐུན་རྐྱེན་འབྱམས་སུ་ཀླས་པའི། །
བསོད་ནམས་ཡུན་དུ་བསགས་ཏེ། །
ལས་དང་བསོད་ནམས་ཡོད་ན། །
དགའ་དང་བརྩོན་པ་ཡོད་ན། །
ཐབས་དང་ཆ་རྐྱེན་ཡོད་ན། །
མི་འགྲུབ་བྱ་བ་གང་ཞིག །
རང་ཉིད་ལྷ་རུ་གྱུར་ཏེ། །
རང་ལ་མགོན་སྐྱབས་མཛད་ན། །
རང་གི་འཚོ་བའི་བཤུལ་ལམ། །
རང་དགར་བཀྲ་ཤིས་བདེ་ལེགས། །
  • ལེ་ཚན་སྔོན་མ།:བདུད་རྩིའི་འབྱུང་གནས།
  • ལེ་ཚན་རྗེས་མ།:གླིང་གེ་སར་ལ་བསྟོད་པའི་ཀ་རྩོམ།