བོད་ཀྱི་དམངས་སྲོལ་གློག་བརྙན《ཨ་རིག་བུ་མོ་འབྲུ་བརྒྱ་མ》ཞེས་པའི་གློག་བརྙན་དེའི་དཔྱད་གླེང་ཚོགས་འདུ་ཟི་ལིང་ནས་བསྡུས།

རྣམ་རྒྱལ་རིག་འཛིན།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-01-28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང་སྲིད་གྲོས་དང་པེ་ཅིན་ཁ་བ་ཅན་གློག་བརྙན་འཕྲིན་རིག་གནས་ཁྱབ་སྤེལ་ཚད་ཡོད་འགན་ལེན་ཀུང་ཟི་གཉིས་ཀྱིས་མཉམ་འབྲེལ་སྒོས་ཕབ་བསྐྲུན་བྱས་པའི་བོད་ཀྱི་དམངས་སྲོལ་གློག་བརྙན《ཨ་རིག་བུ་མོ་འབྲུ་བརྒྱ་མ》ཞེས་པའི་གློག་བརྙན་གྱི་དཔྱད་གླེང་ཚོགས་འདུ་ཚེས་ཉེར་དྲུག་ཉིན་ཟི་ལིང་ཞིན་ཡོན་མགྲོན་ཁང་ནས་གཟབ་རྒྱས་ངང་བསྡུས།

བོད་ཀྱི་དམངས་སྲོལ་གློག་བརྙན《ཨ་རིག་བུ་མོ་འབྲུ་བརྒྱ་མ》ཞེས་པའི་གློག་བརྙན་དེའི་དཔྱད་གླེང་ཚོགས་འདུ་ཟི་ལིང

དཔྱད་གླེང་ཚོགས་འདུའི་ཟུར་ཞིག

བོད་ཀྱི་དམངས་སྲོལ་གློག་བརྙན《ཨ་རིག་བུ་མོ་འབྲུ་བརྒྱ་མ》ཞེས་པའི་གློག་བརྙན་དེའི་དཔྱད་གླེང་ཚོགས་འདུ་ཟི་ལིང

《ཨ་རིག་བུ་མོ་འབྲུ་བརྒྱ་མ》ཞེས་པའི་གློག་བརྙན་གྱི་ཁྱབ་བསྒྲགས་བརྡ་ཁྱབ།

    ཐེངས་འདིའི་དཔྱད་གླེང་ཚོགས་འདུར་མཚོ་ནུབ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡང་ཧེ་ལིན་དང་། མདོ་ལ་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཆང་། རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ལུང་ཡོན་ཧྲིན་སོགས་འབྲེལ་ཡོད་འགོ་ཁྲིད་དང་། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ། འབུམ་རམས་པའི་མཛུབ་སྟོན་དགེ་རྒན། སློབ་དཔོན་ཆེན་མོ་རྒྱ་ཡེ་བཀྲ་བྷོ་དང་། མཚོ་སྔོན་མི་རིགས་སློབ་གླིང་དམངས་སྲོལ་ཞིབ་འཇུག་སློབ་གླིང་གི་གླིང་གཙོ་མཱ་ཁྲིན་ཅོན། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ཞིབ་འཇུག་ཁང་གི་ཀྲུའུ་རིན་པདྨ་ལྷུན་གྲུབ་སོགས་འབྲེལ་ཡོད་ཆེད་མཁས་པ་དཔྱད་གླེང་ཚོགས་འདུར་ཞུགས་ནས་གཏམ་བཤད་པར་མ་ཟད། གློག་བརྙན་འདིའི་འཁྲབ་ཁྲིད་པ་ཞི་བདེ་ཉི་མ་དང་། སྤྱིའི་ཕབ་སྐྲུན་པ་ཚེ་དཔལ་བཀྲ་ཤིས། ལག་བསྟར་ཕབ་སྐྲུན་པ་བསོད་ནམས་རྒྱས་སོགས་འབྲེལ་ཡོད་ཕབ་བསྐྲུན་ཚན་ཁག་གི་མི་སྣའང་དཔྱད་གླེང་ཚོགས་འདུར་ཞུགས་ཡོད།

    《ཨ་རིག་བུ་མོ་འབྲུ་བརྒྱ་མ》ཞེས་པའི་གློག་བརྙན་དེ་ནི་མདོ་སྨད་མཚོ་སྔོན་པོའི་བྱང་རྒྱུད་དུ་ཆགས་པའི་ཨ་རིག་ཚོ་བའི་གཉེན་སྲོལ་གཞིར་བཟུང་ནས་འཁྲབ་པའི་བོད་སྐད་གཙང་མའི་དམངས་སྲོལ་གློག་བརྙན་ཞིག་ཡིན་ལ། གློག་བརྙན་འདིས་ཡུལ་དེའི་མི་རྣམས་ཀྱི་འཚོ་བ་དང་། དགའ་སྐྱོ་ཆགས་སྡང་། འགྲིག་འདུམ་མཐུན་སྡེབ། ཞི་རྒྱས་དབང་དྲག་སོགས་ཀྱི་ལས་ཇི་ལྟར་བསྒྲུབ་པའི་ཐད་ཀྱི་མི་རིགས་ཀྱི་སྲོལ་རྒྱུན་དྭངས་མ་དེ། དེང་རབས་བརྙན་རིས་ཀྱི་བསྟར་ལ་བརྒྱུས་ནས། མི་རིགས་འདིའི་བསམ་བློའི་མངོན་ལྐོག་གཉིས་ཀྱི་ཆ་ན་སྦས་ཡོད་པའི་གསང་བ་ཞིག་གསལ་ལ་མི་གསལ་བའི་སྒོ་ནས་ཀུན་གྱི་སྤྱན་སྔར་ཕུལ་ཡོད་པས། ལྟ་མཁན་ཀུན་ལ་རང་རང་གི་མྱོང་སྣང་དང་། རང་རང་གི་ཚོར་འདུ་མི་འདྲ་བ་དུ་མ་མཆིས། གློག་བརྙན་འདིས《རབ་མཛེས་མཚོ་སྔོན》གྱི་དུས་རླབས་དགུང་ལ་འཕྱུར་བཞིན་པའི་སྐབས་འདིར། ས་གནས་ཀྱི་རིག་གནས་སྔོག་འདོན་དང་དར་སྤེལ་ཐད་སྔ་ན་མེད་པའི་འབྲས་བུ་བླངས་ཡོད། དཔྱད་གླེང་ཚོགས་འདུའི་སྟེང་འབྲེལ་ཡོད་ཆེད་མཁས་པས་གློག་བརྙན་འདི་ལ་གདེངས་འཇོག་མི་དམན་པ་གནངས་ཤིང་། བོད་ཀྱི་གློག་བརྙན་གྱི་ཆེས་ཐོག་མའི་གོམས་སྟབས་དང་དཔུང་སྡེའི་སྙིང་སྟོབས་ལ་ཁས་ལེན་བྱས་པར་མ་ཟད། གློག་བརྙན་འདི་དང་འབྲེལ་ནས་མདོ་ལ་རྫོང་གི་ཆབ་དཔལ་རིག་གསུམ་དང་། ལྷག་པར་དུ་གནས་སྐོར་ལས་རིགས་དང་དྲིལ་སྒྲོག་ཐད་སྔ་ན་མེད་པའི་གྲུབ་འབྲས་ལེན་ཐུབ་པར་ཡིད་ཆེས་ཡོད་ཟེར། གཞན་ད་དུང་འབྲེལ་ཡོད་ཆེད་མཁས་པ་འགའ་རེའི་གློག་བརྙན་གྱི་སྤྱིའི་འཆར་འགོད་དང་སྒྲིག་གཞིའི་ཐད་སློབ་སྟོན་ཡང་གང་མང་གནངས། 

    གང་ལྟར་ལོ་རྒྱུས་ནི་འཛིན་དུ་མེད་པའི་དུས་ཀྱི་སྐད་ཅིག་མ་ཞིག་ཡིན་ལ། ང་ཚོ་ཡང་དེའི་འགྲོས་ནས་འགྲོགས་ནས་རྒྱང་ལ་བཞུད་ཀྱིན་ཡོད་ནའང་། དམངས་སྲོལ་རིག་གནས་ཀྱི་རྒྱུད་འཛིན་དང་དར་སྤེལ་ནི་ལོ་རྒྱུས་ལ་ཕྱི་མིག་བལྟས་པའི་དན་རྟགས་དང་། རང་ཉིད་ཀྱི་འཚོ་བ་དངོས་བྲིས་བྱས་པའི་ཟིན་ཐོ་ལྟ་བུ་ཡིན་པས། 《ཨ་རིག་བུ་མོ་འབྲུ་བརྒྱ་མ》ནི་མི་རབས་འདིའི་གླེང་རིན་ཡོད་པའི་ལོ་རྒྱུས་ཀྱི་ཤོག་ལྷེ་གཅིག་ཡིན་པ་གདོན་མི་ཟའོ། །

  • ལེ་ཚན་སྔོན་མ།:《ཐོ་རེངས་སྐར་ཆེན》དུས་དེབ་ཀྱི་སྤྱིའི་དེབ་གྲངས་དགུ་བ་པར་དུ་བསྐྲུན།
  • ལེ་ཚན་རྗེས་མ།:བོད་ལྗོངས་མི་རེའི་ཆ་སྙོམས་ཀྱིGDPསྒོར་ཁྲི2ལས་ཐོལ་བརྒལ་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།