མི་ཉག་མཁར་རྙིང་ཉུལ་བའི་རྟོག་འཆར།

བཀྲ་ཤིས་ཚེ་རིང་།        2013-01-06

མི་ཉག་མཁར་རྙིང་ཉུལ་བའི་རྟོག་འཆར།

ང་ཡི་ཕ་ཡུལ་ན་མི་ཉག་རྒྱལ་རྒོད་ཟེར་བའི་གནའ་བོའི་མཁར་རྙིང་ཞིག་ཡོད།ཨ་ཁུས་བཤད་ན་མི་ཉག་རྒྱལ་རྒོད་ནི་གདོད་མ་ནས་བྲོས་བྱོལ་དུ་ཕྱིན་པའི་མི་ཉག་རྒྱལ་རབས་ཀྱི་དམག་སྤྱི་ཞིག་རེད་ཟེར།ཨ་ཕས་གསུངས་ན་མི་ཉག་རྒྱལ་རྒོད་ནི་གཟི་བརྗིད་ཀྱི་མཚན་བྱང་བསྣམས་ཤིང་མི་དམངས་ཀྱི་བདེ་སྡུག་སེམས་པའི་མཐའ་སྲུང་སྤྱི་དཔོན་ཞིག་རེད་ཟེར།ཨ་མའི་ངག་ནས་མི་ཉག་རྒྱལ་རྒོད་ནི་གནའ་སྔ་མོ་ནས་བཟུང་ཕ་ཡུལ་བསང་ཁོག་གི་བརྗིད་པའི་རི་སྒང་ཞིག་ན་ཀྲོང་ངེར་འགྱིང་བའི་བཙན་པོའི་མཚན་བརྐོས་ཀྱི་རྡོ་རིང་ཞིག་ཡིན་པར་བཤད།དེ་རིང་གི་མི་ཉག་རྒྱལ་རྒོད་ནི་རྗེས་རབས་པ་ཚོའི་འཚོལ་ཞིབ་ཀྱི་འགག་མདོ་ན་ལུས་པའི་ཧ་ཅང་ལྐོག་གྱུར་གྱི་གནས་ཤིག་གོ།ངའི་ཕ་ཡུལ་གྱི་རྒན་རྒོན་ཚོའི་ངག་རྒྱུན་ཁྲོད་ནས་གོ་ཐོས་བྱུང་བ་ལྟར་ན།གནའ་མཁར་འདི་ནི་མི་ཉག་རྒྱལ་རབས་ཀྱི་མཐའ་མཚམས་སྲུང་བའི་རྒྱལ་ཕྲན་གྱི་རྒྱལ་བོ་ཞིག་གི་རྒྱལ་ས་ཡིན་ཞིང་།ཆགས་དུས་ཕལ་ཆེར་མི་ཉག་རྒྱལ་རབས(༡༠༣༧—༡༢༢༧)ཀྱི་སྲིད་དུས་སྤྱི་ལོ་དུས་རབས་བཅུ་གཅིག་པ་ནས་དུས་རབས་བཅུ་གསུམ་པའི་བར་དུ་བྱུང་བར་བཞེད་ཆོག་སྙམ།ལོ་རྒྱུས་ཁག་ཅིག་ཏུ།སྤྱི་ལོ༡༠༣༢ལོར་མི་ཉག་རྒྱལ་རྒོད་ཀྱིས་མགོ་ཁྲིད་དེ་དེང་གི་ཉིང་ཞཱ་ལྟེ་བ་བྱས་པའི་མི་ཉག་རྒྱལ་རབས་བཙུགས་ཞེས་འཁོད་འདུག མི་ཉག་རྒྱལ་རབས་ཧ་ཅང་དར་རྒྱས་ཆེ་སྐབས་སྟོད་དུ་ཞིན་ཅང་དང་ནང་སོག་གི་ས་ཁུལ་ཁག་ཅིག་དང་ཤར་དུ་སུང་བྱང་མའི་ནུབ་མཐའི་ཧྲན་ཞིའི་ས་ཆ་ཁ་ཤས་ཤིག ལྷོ་རུ་ཀན་སུའུའི་ལྷོ་ནུབ་ཙམ།ནུབ་ཏུ་མཚོ་སྔོན་གྱི་ས་ཆ་ཉུང་ཙམ་བཅས་ཀྲུང་ཧྭའི་དབུས་ནུབ་ཁུལ་གྱིས་ས་ཆ་མང་ཤོས་དབང་དུ་ཚུད་ཡོད་པས་ཡ་གླིང་ཤར་རྒྱུད་ཀྱི་སྟོབས་ལྡན་སུང་བྱང་མའི་རྒྱལ་རབས་ལའང་རྒྱུན་དུ་འཇིགས་ཉེན་སྟེར་གྱིན་ཡོད།རྒས་གཉེར་གྱི་དཔྲལ་བར་ཆུ་རིས་ཀྱི་གཉེར་མ་བཀྲ་བའི་རྒན་པོ་ཞིག་དང་འདྲ་བའི་མཁར་རྙིང་འདིའང་དུས་དེ་ཙམ་ལ་གཞིས་ཆགས་ཤིང་།ད་ལྟའི་བར་དུ་ཧ་ལམ་ལོ་ངོ་བརྒྱ་ཕྲག་བདུན་ཙམ་ཞིག་འདས།དེའི་རྗེས་སུ་དུས་རབས་བཅུ་གསུམ་པའི་དཀྱིལ་དུ་ཅང་ཀར་ཧན་གྱིས་སོག་པོའི་སྟོབས་ཆེན་བཤར་ནས་ཤར་བཏུལ་ནུབ་རྒོལ་བྱས་ཏེ་ཡོན་རྒྱལ་རབས་ཀྱིས་མེས་རྒྱལ་གཅིག་གྱུར་གྱི་བྱ་བཞག་ཆེན་མོ་ལེགས་གྲུབ་བྱུང་ཞིང་མཐའ་འཁོར་གྱི་རྒྱལ་ཁབ་དང་རྒྱལ་ཕྲན་མང་བོ་དབང་འོག་ཏུ་བཅུག་པ་ནས་བཟུང་མི་ཉག་རྒྱལ་རབས་ཀྱང་འཇིགས་ཏེ་རིམ་བཞིན་ཀྲུང་ཧྭའི་མཚར་སྡུག་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་གླེགས་བམ་དུ་ཐིམས་སོང་།མཐའ་མཚམས་ཀྱི་མཁར་ཤུལ་འདིའང་དུས་དེ་ནས་བཟུང་དབང་མེད་བདག་མེད་དུ་ཟད་དེ་ད་ལྟའི་བར་ལུས་སོང་།འོན་ཀྱང་།ཉེ་རབས་ཀྱི་ལོ་ངོ་བཅུའི་རིག་གནས་གསར་བརྗེ་ཆེན་མོའི་མུན་ནག་གི་ཡོལ་སྒྲིབ་རྨང་ནས་ཕྱེས་རྗེས།ཏང་གི་ཡང་དག་པའི་སྲིད་ཇུས་ཀྱི་འོད་ཟེར་གང་སར་འཕྲོ་བ་དང་བསྟུན།རྒྱལ་ཁབ་ཀྱིས་མཁར་ཤུལ་འདིའི་ལོ་རྒྱུས་ཀྱི་རིན་ཐང་དང་རིག་གནས་ཀྱི་ཤུལ་བཞག་ལ་གཙིགས་ཆེན་མཛད་དེ་གནས་འདི་ཉིད་ཀན་སུའུ་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཁང་གི་སྲུང་སྐྱོབ་ས་ཁུལ་དུ་བདམས་ཏེ་བདག་སྐྱོང་བྱེད་མུས་ཡོད། གནའ་མཁར་འདི་ནི་ཐེམ་སྐས་ཀྱི་དབྱིབས་ལྟར་ཆགས་པའི་རི་རྒྱུད་མཐོ་ཞིང་བརྗིད་པ་ཞིག་གི་ཤོད་དུ་ཆགས་ཡོད་ཅིང་།བཙན་མཁར་ལྕགས་རི་རིང་བོ་ལྟ་བུའི་བརྗིད་ཉམས་དང་ཟོལ་ཤུགས་མེད་རུང་ལོ་ངོ་བདུན་བརྒྱ་ལྷག་གི་རིང་ལ་རང་བྱུང་གི་གོད་ཆག་གདོང་གིས་བསུས་ཤིང་།ལོ་རྒྱུས་ཀྱི་བརྙས་བཅོས་སྣ་ཚོགས་ཁོང་དུ་བསྲན་ནས་རི་ཤོད་འདི་རུ།ཁེར་རྐྱང་གིས་འགྲེང་ཐུབ་པ་ནི་ལས་སླ་བོ་ཞིག་ག་ལ་ཡིན།བྱང་མཁར་རེ་རེའི་མཐོ་ལ་རྨིད་ལྔ་དྲུག་ཙམ་ཡོད་ལ།ཞེང་གི་ཚད་ལའང་རྨིད་གསུམ་ལས་ལྷག་པ་ཡོད།རི་ཤོད་ཀྱི་ཅུང་བདེ་ས་དང་གཟར་ཆེ་ས།ཕྱོགས་མཚམས་ཀུན་ཏུ་མཐོ་ཞིང་མཐུག་པའི་གྱང་རས་བསྐོར་ཡོད་པས།བལྟས་མ་ཐག་བདག་གི་མིག་ལམ་ལ་དར་རྒྱས་ཆེ་ཞིང་སྟོབས་འབྱོར་ལྡན་པའི་རྒྱལ་ས་ཞིག་གི་སྣང་བརྙན་ངང་ངམ་ཤུགས་ཀྱིས་བསྐྲུན་བྱུང་།མཁར་རྙིང་གི་མཐོ་སར་བུད་ནས་ཕྱིར་འཁོར་ན་རིའི་མདུན་ནི་གཡུ་འབྲུག་འཁྱུག་པ་ལྟ་བུའི་བསང་ཆུའི་འགྲམ་ངོགས་ཀྱི་ཡངས་པའི་སྤང་ལྗོངས་ཡིན་ཞིང་།མཁར་སྟེང་ནས་ཕྱོགས་དེ་དག་གི་ས་དབྱིབས་ལག་མཐིལ་ལ་བླངས་པ་ལྟར་གསལ་ཞིང་།གནས་ཚུལ་ཏོག་ཙམ་བྱུང་ཡང་མིག་གིས་ཤེས་ཚོར་ཐུབ་པ་ཤ་སྟག་རེད།འདི་འདྲའི་ས་དང་གནས་དབྱིབས་ནི་དམག་འཁྲུག་གི་སྨུག་རླངས་སྟུག་པོས་བཏུམས་པའི་སྐབས་དེར་མཁོ་བྲིན་ཅི་འདྲའི་ཆེ་ཨང་སྙམ་བྱུང་།སྐབས་དེར།ཞོལ་གྱི་སྣ་འོག་ནས་ལུག་ཁྱུ་ཞིག་མངོན་བྱུང་ལ།རིམ་བཞིན་རྩྭ་ཁ་དེད་ནས་མཁར་གྱང་གི་མཐའ་ལ་ཐོན།ཡུད་ཙམ་འགོར་རྗེས།བདག་གི་འཚོལ་ཞིབ་ཀྱི་བསམ་གཞིག་ཏུ་ལྷུང་བའི་མཁར་གྱང་དེ་སྙིང་རྗེ་ལ་ཡིད་དུ་སྡུག་པའི་ལུ་གུ་ཆུང་ཆུང་མང་བོས་ཕན་ཚུན་བདའ་རེས་འདེད་རེས་བྱེད་པའི་རྩེད་ར་ཞིག་ཏུ་གྱུར་འདུག་པ་མཐོང་།
 ཁྲག་གིས་བཞེངས་པའི་ཕོ་བྲང་དུས་ཀྱིས་འཇིག་ན།།
 ལྐོག་གྱུར་ཡུལ་གྱི་གྱང་རུས་ལྷང་ལ་བུད་ཡོད།།
 ཞག་འབག་ཆས་སུ་བསྣམས་པའི་ལུགས་ཤིག་རྙེད་ཚེ།།
 སླར་ཡང་མི་མངོན་ཐང་དུ་བག་ལ་འཁུམ་འགྲོ།།
  • ལེ་ཚན་སྔོན་མ།:ཟུར་བཅུ་གསུམ་ཅན་གྱི་རྡོ་མཁར།
  • ལེ་ཚན་རྗེས་མ།:དན་ཏིག་དགོན་པར་གནས་པའི་གནའ་བོའི་ལྡེབས་རིས་དང་ཡིག་རྙིང་།
  • དོ་སྣང་ཆེ་བའི་རྩོམ།