《མཐའ་མཇུག་གི་སྦྲ་ནག》ཅེས་པར་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-12-26

《མཐའ་མཇུག་གི་སྦྲ་ནག》ཅེས་པར་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།

        ཉེ་ལམ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གློག་བརྙན་ཁང་གི་ཐོག་དང་པོའི་བོད་སྐད་བརྙན་འཕྲིན་ཟློས་གར《མཐའ་མཇུག་གི་སྦྲ་ནག》ཅེས་པར་སྐབས་བརྒྱད་པའི་ཀྲུང་གོའི་དངོས་བྲིས་གློག་བརྙན་རྒྱལ་སྤྱིའི་གློག་བརྙན་འདེམ་ཚོགས་ཀྱི་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།
        བརྙན་འཕྲིན་སྒྲིག་བཟོ་བ་དོན་གྲུབ་ཚེ་རིང་གིས་མཚམས་སྦྱོར་བྱས་པ་ལྟར་ན། འདི་ནི2011ལོའི་ཟླ6པ་ནས་བཟུང་ཕབ་མགོ་བརྩམས་ཤིང་། ཕབ་སྐྲུན་ཚོགས་པས་ཐེམ་ཆེན་ཅོང་ཆུ་གྲོང་རྡལ་གྱི་ས་ཆ་སོ་སོ་རུ་དུས་ཡུན་ལོ་ཕྱེད་རིང་ཕབ་སྐྲུན་ཡོངས་སུ་ལེགས་འགྲུབ་བྱུང་། ཕབ་སྐྲུན་ས་གནས་ནི་མཚོ་སྔོན་པོ་བྱང་ཕྱོགས་ཀྱི་ཐེམ་ཆེན་རྩྭ་ཐང་དང་། འཁྲབ་སྟོན་པ་དག་ནི་ས་གནས་ཀྱི་འབྲོག་པ་མང་ཚོགས་ཡིན་ལ།  ཕབ་སྐྲུན་གྱི་མི་སྣ་གཙོ་བོ་དག་ནི་མཚོ་ནུབ་བརྙན་འཕྲིན་ཁང་གི་ལས་མི་འགའ་ཡིན། 

《མཐའ་མཇུག་གི་སྦྲ་ནག》ཅེས་པར་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།

        བརྙན་འཕྲིན་འདིའི་ནང་གཙོ་བོ་རྒན་པོ་གཡང་ཁོ་དང་ཁོང་གི་བུ་རིག་དགའ་བར་གྱི་འགལ་ཟླ་སྟེ་ཁོ་གཉིས་ལ་སྲོལ་རྒྱུན་རིག་གནས་ཐད་ནས་ལྟ་ཚུལ་མི་མཐུན་པ་ཆགས་ཤིང་། བུ་རིག་དགའ་ཡིས་རྫོང་མཁར་དུ་ཉིས་ཐོག་ཅན་གྱི་ཁང་བརྩེགས་ཤིག་ཉོས་ཏེ་གྲོང་ཁྱེར་གྱི་ལུགས་ལྟར་གཉེན་སྟོན་བྱེད་པའི་འཆར་གཞི་ལ་ཕ་རྒན་གཏན་ནས་འཐད་པ་མ་བྱུང་བར་གཉེན་སྟོན་འདི་ངེས་པར་དུ་མི་རིགས་ཀྱི་དམངས་སྲོལ་ལྟར་སྦྲ་ནག་ཏུ་སྒྲུབ་དགོས་ཚུལ་བསྟན། རྒྱུ་མཚན་ནི་སྦྲ་ནག་ཏུ་རྟེན་འབྲེལ་གྱི་རྣམ་པ་སྤྲོ་ཞིང་དགྱེས་པར་འདོད།  རྩོད་གླེང་འདི་ནི་བརྙན་འཕྲིན་ཟློས་གར་འདིའི་བརྗོད་སྙིང་དུ་གྱུར།
        མཐར་ཕ་རྒན་གྱི་བསམ་བློས་བུ་རིག་དགའ་འགུག་པར་བྱས་ཏེ་སྦྲ་ནག་གཉེན་སྟོན་ཞེས་པའང་འདི་ལྟར་མགོ་བརྩམས་བྱུང་། བརྙན་འཕྲིན་ཟློས་གར་འདི་ནི་དངོས་ཡོད་འཚོ་བར་དོན་སྙིང་ཆེས་ཆེར་ལྡན་པའི་མཚོ་ནུབ་རང་ས་གནས་ཀྱི་བརྩམས་ཆོས་སུ་གྲགས།

  • ལེ་ཚན་སྔོན་མ།:བོད་ཀྱི་ལོ་སར་སྤྲོ་ཚོགས་ཆེན་མོ་སྟེ་དགྱེས་འཛོམས་དཔྱིད་ཀྱི་ཉི་མ་བརྙན་ཕབ་བྱས་ཟིན།
  • ལེ་ཚན་རྗེས་མ།:དོན་གྲུབ་རྒྱལ་གྱི་རྩོམ་རིག་བརྩམས་ཆོས་འགའ་ཉི་ཧོང་སྐད་དུ་བསྒྱུར་ནས་པར་སྐྲུན་འགྲེམས་སྤེལ།
  • དོ་སྣང་ཆེ་བའི་རྩོམ།