ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་པེ་ཅིན་ནས་བསྡུས་པ།

    མཚོ་སྔོན་བོད་ཡིག་གསར་འགྱུར།    2012-12-25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཟླ12པའི་ཚེས15ཉིན་ནས་ཚེས16ཉིན་བར་པེ་ཅིན་ནས་བསྡུས།

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་ཀྲུང་གུང་ཀྲུང་དབྱང་གི་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕེན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུན་ལི་ཝུན་ཅ་པའོ།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལིས་ཁི་ཆིང་དང་ཀྲང་ཏི་ཅང་།ཡུས་ཀྲིན་ཧྲིན།ལིའུ་ཡུན་ཧྲན།ཝང་ཆི་ཧྲན།ཀྲང་ཀའོ་ལི་སོགས་གྲོས་ཚོགས་ནང་ཞུགས།

    ཞི་ཅིན་ཕེན་གྱིས་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གནངས་ཏེ། རྒྱལ་སྤྱི་དང་རྒྱལ་ནང་གི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་མཛད་པ་དང་།སང་ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་དང་ལས་འགན་གཙོ་བོ་བཏོན།ཝུན་ཅ་པའོ་ཡིས་གསུང་བཤད་ནང་ད་ལོའི་དཔལ་འབྱོར་བྱ་བར་ཕྱོགས་སྡོམ་དང་སང་ལོའི་དཔལ་འབྱོར་བྱ་བ་བཀོད་སྒྲིག་མཛད།ལིང་ཁི་ཆིང་གིས་གྲོས་ཚོགས་ལ་མགོ་འཛིན་མཛད་ཅིང་གྲོས་ཚོགས་མཇུག་གྲོལ་དུས་ཕྱོགས་སྡོམ་གསུང་བཤད་གནངས།

    གྲོས་ཚོགས་སྟེང་བསྟན་དོན། ད་ལོའི་ཚུན་དུ།ཉིན་རེ་ལས་རྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་དཔལ་འབྱོར་གནས་བབ་དང་རྒྱལ་ནང་གི་བཅོས་བསྒྱུར་དང་འཕེལ་རྒྱས་བརྟན་བརླིང་ཡིན་པའི་ལས་འགན་ལྗིད་མོར་དམིགས་ནས།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དེ་བརྗོད་བྱ་གཙོ་བོ་བྱེད་པ་དང་དཔལ་འབྱོར་འཕེལ་སྟངས་མགྱོགས་མྱུར་ངང་བསྒྱུར་བ་གཙོ་བོ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ།བརྟན་བརླིང་ངང་གོང་དུ་སྤེལ་བ་རྒྱུན་འཁྱོངས་བྱེད་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་ལྟར།དུས་ཐོག་ཏུ་སྤྱི་ཁོག་ཚོད་འཛིན་ལ་ཤུགས་བསྣན་པ་དང་ལེགས་བཅོས་བྱས་པར་མ་ཟད།བརྟན་བརླིང་ངང་འཕར་སྣོན་འབྱུང་བ་དེ་སྔར་ལས་གལ་ཆེ་བའི་གོ་གནས་སུ་བཞག་ནས།དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བའི་ཐད་བརྟན་བརླིང་ངང་གོང་དུ་འཕེལ་བའི་གནས་བབ་བཟང་པོ་བྱུང་བ་དང་།སྤྱི་ཡོངས་ནས་བལྟས་ན་དཔལ་འབྱོར་འཁོར་རྒྱུག་བརྟན་བརླིང་ཡིན་པ་དང་དངོས་གོང་འཕར་ཚད་བརྟན་བརླིང་ངང་ཇེ་དམའ་རུ་སོང་བ།ཞིང་ལས་ཀྱི་རྨང་གཞིའི་གོ་གནས་སྔར་བས་ཇེ་བརྟན་དུ་གྱུར་པ།སྤྱི་ཚོགས་ཀྱི་ཁྱོན་ཡོངས་གཏན་འཇགས་ཡིན་པ།དཔལ་འབྱོར་འཕེལ་སྟངས་བསྒྱུར་བའི་ཐད་འཕེལ་ཚད་གསར་བ་བྱུང་བ།ཚན་རྩལ་གསར་སྐྲུན་བྱེད་པའི་ཐད་གྲུབ་འབྲས་གསར་བ་བླངས་པ།བཅོས་བསྒྱུར་སྒོ་འབྱེད་བྱེད་པའི་ཐད་འགག་སྒྲོལ་གསར་བ་བསྐྲུན་པ།དམངས་འཚོ་ལེགས་བཅོས་བྱེད་པའི་ཐད་ཕན་འབྲས་གསར་བ་བཅས་བྱུང་།

    གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།མིག་སྔར།ང་ཚོ་སྔར་ལས་མཐོ་བའི་མགོ་ཚུགས་སར་ལངས་ཡོད།ཕྱོགས་བསྡུས་སྒོས་དབྱེ་འབྱེད་བྱས་པ་ལྟར་ན།རང་རྒྱལ་གྱི་འཕེལ་རྒྱས་ལ་སྔར་བཞིན་ཐོབ་དཀའ་བའི་གོ་སྐབས་དང་ཕན་ཐོགས་པའི་ཆ་རྐྱེན་ཡོད་ལ།དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བའི་གཞི་རྩའི་གནས་ཚུལ་ཡུན་རིང་བོར་ཇེ་བཟང་དུ་གྱུར་པ།རྒྱལ་ནང་གི་ཚོང་རའི་སྦས་ཤུགས་ཆེ་བ་དང་།སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱི་རྨང་གཞི་བརྟན་པོ་ཡིན་པ།ཚན་རྩལ་གསར་སྐྲུན་གྱི་ནུས་པ་ཇེ་དྲག་ཏུ་གྱུར་པ།མི་ཤུགས་ཐོན་ཁུངས་ཕུན་སུམ་ཚོགས་པ། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོའི་ཕྱོགས་བསྡུས་ལེགས་ཆ་དོད་པོ་ཡིན་པ།སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་དང་ནང་རྐྱེན་བསྟུད་མར་འཐུས་ཚང་དུ་བཏང་།དུས་མཚུངས་སུ།རང་རྒྱལ་གྱི་འཕེལ་རྒྱས་ཐད་སྔར་བཞིན་ཉེན་ཁ་དང་འགྲན་སློང་མི་ཉུང་བ་ཞིག་གནས་ཡོད་པས།ཆ་སྙོམས་མིན་པ་དང་མཐུན་སྦྱོར་མིན་པ།བསྟུད་མར་འཕེལ་མི་འཐུས་པ་བཅས་ཀྱི་གནད་དོན་སྔར་བཞིན་མངོན་གསལ་ཡིན་པ།དཔལ་འབྱོར་འཕར་བའི་གཤམ་སྤྱོད་གནོན་ཤུགས་དང་ཐོན་ནུས་ལྟོས་བཅས་ཀྱིས་ལྷག་དྲགས་པའི་འགལ་བ་ཅུང་དྲག་པོ་ཡིན་པ་དང་།ཁེ་ལས་ཀྱི་ཐོན་སྐྱེད་དང་ཚོང་གཉེར་མ་གནས་ཇེ་མཐོ་རུ་སོང་བ་དང་གསར་སྐྲུན་ནུས་པ་མི་འདང་བའི་གནད་དོན་མཉམ་དུ་གནས་པ།དངུལ་རྩའི་ཁྱབ་ཁོངས་སུ་མི་མངོན་པའི་ཉེན་ཁ་ཡོད་པ།དཔལ་འབྱོར་འཕེལ་རྒྱས་དང་ཐོན་ཁུངས་ཁོར་ཡུག་བར་གྱི་འགལ་བ་སྔར་བཞིན་འབུར་དུ་ཐོན་པ་གསལ་བོར་མཐོང་དགོས་པས།ངེས་པར་ཀླད་པ་གསལ་བོ་རྒྱུན་སྲུང་བྱ་དགོས་པ་དང་སེམས་ཁྲལ་དང་སྡུག་བསྔལ་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས།གནད་དོན་འབྱུང་བའི་རྒྱུ་རྐྱེན་ལ་གཏིང་ཟབ་སྒོས་དབྱེ་ཞིབ་དང་།ནུས་པ་ལྡན་པའི་བྱེད་ཐབས་སྤྱད་དེ་ཐག་གཅོད་བྱ་དགོས།

    གྲོས་ཚོགས་སྟེང་བལྟས་ན།སང་ལོའི་རྒྱལ་སྤྱིའི་དཔལ་འབྱོར་གནས་བབ་སྔར་བཞིན་སྣེ་མང་རྙོག་འཛིང་དང་འགྱུར་ལྡོག་ཆེ་ལ།འཛམ་གླིང་དཔལ་འབྱོར་ཇེ་དམའ་རུ་འཕར་བའི་གནས་ཚུལ་སྔར་བཞིན་རྒྱུན་མཐུད་དུ་གྱུར་པ། རྣམ་པ་མང་པོའི་སྲུང་སྐྱོང་རིང་ལུགས་སྣ་ཚོགས་་ཇེ་མང་དུ་གྱུར་པ།མི་མངོན་པའི་དངུལ་ལོར་འགྲེམ་ཐལ་ཤོར་བ་དང་རྒྱུ་ནོར་ལྦུ་སོབ་ཀྱི་གནོན་ཤུགས་ཇེ་ཆེར་གྱུར་པ། འཛམ་གླིང་དཔལ་འབྱོར་དེ་ཉེན་ཁ་མ་བྱུང་སྔོན་གྱི་མགྱོགས་མྱུར་དུས་སྐབས་ནས་གཏིང་ཟབ་ཏུ་བསྒྱུར་བའི་རིགས་ཀྱི་ལེགས་སྒྲིག་དུས་སྐབས་སུ་ཞུགས་ཡོད།

    གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།སང་ལོ་ནི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པའི་མགོ་རྩོམ་པའི་ལོ་ཞིག་ཡིན་པ་དང་། “ལྔ·བཅུ་གཉིས”འཆར་འགོད་ལག་བསྟར་བྱེད་པའི་སྔ་མཐུད་ཕྱི་སྐྱོང་གི་གནད་འགག་ཆེ་བའི་ལོ་ཞིག་ཡིན་ལ།འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་འདིང་བའི་གལ་ཆེ་བའི་ལོ་ཞིག་ཀྱང་ཡིན།སང་ལོའི་དཔལ་འབྱོར་བྱ་བ་ལེགས་འགྲུབ་བྱ་དགོས་ན།ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་དང་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་རྒྱུན་འཁྱོངས་བྱེད་པ།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བས་མཛུབ་སྟོན་བྱེད་པ་དང་།བརྗོད་བྱ་གཙོ་བོར་

    དམིགས་ནས།དཔལ་འབྱོར་འཕར་བའི་སྤུས་ཀ་དང་ཕན་འབྲས་ཇེ་མཐོར་གཏོང་བ་ལྟེ་གནས་སུ་བྱས་ཏེ།བརྟན་བརླིང་ངང་གོང་དུ་འཕེལ་བ་རྒྱུན་འཁྱོངས་དང་གསར་གཏོད་གསར་སྐྲུན།ཏན་ཏན་ཏིག་ཏིག་སྒོས་བྱ་བ་བསྒྲུབས་ཏེ།བཅོས་བསྒྱུར་སྒོ་འབྱེད་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་གསར་སྐྲུན་དང་འདེད་སྐུལ་ལ་སྔར་བས་ཤུགས་སྣོན་པ། སྤྱི་ཁོག་ཚོད་འཛིན་བྱེད་པར་ཤུགས་སྣོན་པ་དང་ལེགས་བཅོས་བྱེད་པ།ཧུར་ཐག་གིས་རྒྱལ་ནང་གི་དགོས་མཁོ་རྒྱ་བསྐྱེད་དུ་བཏང་ནས།དཔལ་འབྱོར་སྒྲིག་གཞི་དང་འཐབ་ཇུས་རང་བཞིན་ལེགས་སྒྲིག་བྱེད་ཤུགས་ཇེ་ཆེ་རུ་གཏོང་དགོས།གཙོ་བོར་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱས་ཏེ།དཔལ་འབྱོར་འཕེལ་རྒྱས་ནང་ཁུལ་གྱི་སྐྱེ་སྟོབས་དང་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ།དངོས་གོང་གི་སྤྱིའི་ཆུ་ཚད་ཕལ་ཆེར་བརྟན་བརླིང་ཡོང་བ་རྒྱུན་སྲུང་བྱས་ནས།དཔལ་འབྱོར་རྒྱུན་མཐུན་དང་སྐྱོན་བྲལ་ངང་གོང་དུ་འཕེལ་བ་དང་སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ཡོང་བ་མངོན་འགྱུར་བྱ་དགོས།

    གྲོས་ཚོགས་སྟེང་བལྟས་ན།སང་ལོའི་དཔལ་འབྱོར་བྱ་བ་ལེགས་འགྲུབ་བྱ་དགོས་ན།བསྟུད་མར་བརྟན་བརླིང་ངང་གོང་དུ་འཕེལ་བ་རྒྱུན་འཁྱོངས་བྱེད་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་ཡིད་ལ་དམ་པོར་འཛིན་པ་དང་ཁྱོན་ཡོངས་ལ་རྐང་འཛུགས་པ་དང་གནད་ཆེ་ས་འབུར་ཐོན་དུ་བཏང་ནས། ཏན་ཏན་ཏིག་ཏིག་སྒོས་བྱ་བའི་བྱེད་མགོ་ལེགས་པོར་བརྩོམས་དགོས།

    གྲོས་ཚོགས་སྟེང་སང་ལོའི་དཔལ་འབྱོར་བྱ་བའི་ལས་འགན་གཙོ་བོ་བཏོན།

    གཅིག་ནི།སྤྱི་ཁོག་ཚོད་འཛིན་ལ་ཤུགས་སྣོན་པ་དང་ལེགས་བཅོས་བྱེད་པ་དང་དཔལ་འབྱོར་བསྟུད་མར་དང་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་དགོས།ངེས་པར་འཕེལ་རྒྱས་ནི་ཟློག་ཐབས་མེད་པའི་གནས་ལུགས་ཡིན་པའི་འཐབ་ཇུས་བསམ་བློ་རྒྱུན་འཁྱོངས་བྱེད་དགོས་པ་ལས།གཡོ་འགུལ་ཙམ་ཡང་བྱེད་མི་རུང་།ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་དཔལ་འབྱོར་མུ་མཐུད་དང་སྐྱོན་བྲལ་ངང་གོང་དུ་འཕེལ་བར་སྐུལ་འདེད་བྱ་དགོས་པ་ནན་གྱིས་བསྟན་ཏེ། དཔལ་འབྱོར་གྱི་ཆོས་ཉིད་ལ་བརྩི་བཀུར་དང་སྤུས་ཀ་དང་ཕན་འབྲས་ཡོད་པའི་སྒོ་ནས་བསྟུད་མར་འཕེལ་འཐུས་པའི་མྱུར་ཚད་ཡོད་དགོས་པའི་བླང་བྱ་བཏོན་ལ།དཔལ་འབྱོར་འཕེལ་སྟངས་བསྟུད་མར་བསྒྱུར་བ་དང་དཔལ་འབྱོར་སྒྲིག་གཞིའི་ནང་འཕར་བ་མུ་མཐུད་དུ་མངོན་འགྱུར་བྱ་དགོས་པའི་བླང་བྱའང་བཏོན།ནང་མཁོ་རྒྱ་བསྐྱེད་དུ་གཏོང་བའི་འཐབ་ཇུས་ཀྱི་བྱེད་ཕྱོགས་འདི་ཡིད་ལ་དམ་པོར་བཟུང་ནས།སྒུལ་ཤུགས་དྲག་པོའི་འཛད་སྤྱོད་འཕར་ཚད་སྐོར་ཞིག་གསོ་སྐྱོང་བྱེད་པ་དང་།དཔལ་འབྱོར་འཕར་བའི་ཁྲོད་ཀྱི་འཛད་སྤྱོད་ཀྱི་རྨང་གཞིའི་ནུས་པ་ཇེ་དྲག་ཏུ་གཏོང་བ།དཔལ་འབྱོར་འཕར་བའི་ཁྲོད་ཀྱི་དངུལ་གཏོང་གི་གནད་འགག་ཆེ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།དམངས་ཁྲོད་ཀྱི་མ་དངུལ་གཏོང་བ་འཕར་སྣོན་དང་སྣེ་ཁྲིད་བཟང་པོ་བྱ་དགོས་པའི་དུས་མཚུངས་སུ་རྨང་གཞི་འདིང་བ་དང་ཡུན་རིང་ལ་ཕན་པ།དམངས་འཚོ་ལ་ཕན་ཐོགས་པ་བཅས་དང་། བསྐྱར་སྐྲུན་བྱ་མི་དགོས་པའི་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་ཀྱི་སྤྱི་པའི་མ་དངུལ་གཏོང་ཤུགས་ཇེ་མང་དུ་གཏོང་དགོས་པར་མ་ཟད།མུ་མཐུད་དུ་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་བརྟན་བརླིང་ཡིན་པའི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱས་ཏེ། ལྡོག་པའི་དུས་འཁོར་ལེགས་སྒྲིག་དང་སྒྲིག་གཞི་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། དཔལ་འབྱོར་བྱ་བར་མགོ་ཁྲིད་བྱེད་པའི་རྐང་འཛུགས་ས་དེ་སྤུས་ཀ་དང་ཕན་འབྲས་ཇེ་མཐོར་དང་གོང་དུ་སྤེལ་བའི་ཐད་བསྒྱུར་དགོས་ལ།དཔལ་འབྱོར་འཕེལ་སྟངས་གསར་བ་མགྱོགས་མྱུར་ངང་ཆགས་སུ་འཇུག་དགོས།མགོ་ཁྲིད་ལས་བྱེད་པའི་ནུས་པའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། དཔལ་འབྱོར་བྱ་བར་མགོ་ཁྲིད་བྱེད་པའི་ཚན་རིག་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་གནད་དོན་གལ་ཆེན་ལ་དམིགས་ནས།སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་བྱེད་པར་ཤུགས་སྣོན་དགོས།ཚོང་རའི་དཔལ་འབྱོར་གྱི་ཆོས་ཉིད་དང་རང་བྱུང་ཆོས་ཉིད།སྤྱི་ཚོགས་གོང་དུ་སྤེལ་བའི་ཆོས་ཉིད་ཁོང་དུ་ཆུད་པ་དང་བེད་སྤྱོད་བྱེད་པའི་ནུས་པ་ཇེ་མཐོར་གཏོང་བ་དང་།ཚན་རིག་གིས་ཇུས་འགོད་བྱེད་པ་དང་དམངས་གཙོ་ཡིས་ཇུས་འགོད་བྱེད་པའི་ནུས་པ་ཇེ་མཐོར་གཏོང་དགོས་པར་མ་ཟད།སའི་གོ་ལ་ཧྲིལ་བོའི་བསམ་གཞིག་དང་འཐབ་ཇུས་བསམ་གཞིག་གི་ནུས་པ་ཇེ་དྲག་ཏུ་བཏང་ནས།མང་བསགས་ཉུང་གཏོང་བྱ་དགོས།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་ཕན་ཐོགས་པའི་དམིགས་འབེན་མ་ལག་དང་དཔྱད་ཞིབ་བྱེད་ཐབས།བྱ་དགའ་སྟེར་བའམ་ཆད་པ་གཅོད་པའི་ནང་རྐྱེན་མྱུར་དུ་འཛུགས་དགོས།སྤྱོད་ཚུལ་བསྒྱུར་བ་དང་ནན་འཛིན་དངོས་སྒྲུབ་བྱས་ཏེ།ཏང་དང་སྲིད་གཞུང་གི་སྤྱི་རྟོན་ནུས་ཤུགས་ཇེ་དྲག་ཏུ་གཏོང་དགོས།དངོས་སྒྲུབ་བྱས་ན་རྒྱལ་ཁབ་དར་བ་དང་སྟོང་བཤད་བྱས་ན་རྒྱལ་ཁབ་ལ་གནོད་ངེས།སྐད་ཆ་དྲང་མོ་བཤད་པ་དང་དོན་དངོས་སྒྲུབ་པ།ག་རེ་བྱེད་པ་དང་ལས་འགན་འཁུར་ཕོད་པ།གང་བཤད་དོན་འཁེལ་དང་གང་བྱས་མཐའ་འཁྱོལ་བྱ་དགོས།དཀའ་སྤྱད་འབད་བརྩོན་དང་ཧུར་བརྩོན་གྲོན་ཆུང་གི་བསམ་བློ་བཙུགས་ནས།ལག་ལེན་དུ་ཞུགས་པ་དང་གཞི་རིམ་དུ་འགྲོ་བ།མང་ཚོགས་ཀྱི་ཁྲོད་དུ་འགྲོ་བ།བག་མེད་ཆུད་ཟོས་ཀྱི་སྤྱོད་ཚུལ་སེལ་བ་དང་བློ་ཐག་རྦད་ཆོད་ཀྱིས་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱས་ཏེ།བྱ་སྤྱོད་དངོས་ཀྱིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་འབེན་ལག་བསྟར་བྱ་དགོས།།

  • ལེ་ཚན་སྔོན་མ།:2012ལོའི་མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར122ལ་བསླེབས་པ།
  • ལེ་ཚན་རྗེས་མ།:ཨོ་པཱ་མཱ་ཡིས་ཟླ་རྗེས་མར་མེ་མདའ་ལ་ཚོད་འཛིན་བྱེད་པའི་ཐབས་ཇུས་འདོན་རྒྱུ་ཁས་ལེན་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།