བོད་ཀྱི་དམར་བསང་གི་འབྱུང་ཁུངས་སྐོར་གླེང་བ།

གསང་བདག་སྐྱབས།        2012-12-21

གླེང་གཞི།
བོད་ཀྱི་དམར་བསང་གཏོང་བའི་ཡུལ་གོམས་གཤིས་ལུགས་འདིའི་ཁུངས་ལོ་ངོ་སྟོང་ཕྲག་གཅིག་གི་ཡར་སྔོན་ཏེ།བོད་རྒྱལ་ཐོག་མ་གཉའ་ཁྲི་མ་བྱོན་པའི་སྔོན་ནས་བྱུང་ཞིང་འཕེལ་བའི་གདོད་མའི་དམར་མཆོད་ཀྱི་ཆོ་ག་བྱེད་སྲོལ་དང་འབྲེལ་བ་དམ་པོ་ལྡན་ཡོད།ཕྱིས་སུ་ད་ལྟའི་བསང་གི་རིགས་ཐམས་ཅད་ཀྱི་མེས་པོ་ལྟ་བུ་གདོད་མའི་དམར་མཆོད་ཀྱི་རིགས་དེ་དག་ལོ་རྒྱུས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་རིག་གནས་གཞན་གྱི་རྒྱུན་དང་ཉམས་འདྲེས་བྱུང་ཞིང་།སྔོན་གྱི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གནས་ཀྱི་རྣམ་པའམ་བྲོ་བ་ལ་བསྒྱུར་བཅོས་དང་བླང་དོར་སྣ་ཚོགས་བྱས་པས་དམར་བསང་གཏོང་བའི་སྲོལ་འདི་བྱུང་པ་ཡིན་པར་ངེས་སོ།།དེ་ལ་འདིར་གདོད་མའི་དམར་མཆོད་ལས་རིམ་འགྱུར་བྱུང་བའི་དམར་བསང་གི་འབྱུང་ཁུངས་སྐོར་མདོ་ཙམ་བརྗོད་པ་ལ།
 དང་པོ།བསང་གི་གོ་དོན།
བསང་ཞེས་པའི་ཐ་སྙད་འདི་བསང་གི་རིགས་སུ་གྱུར་པ་ཐམས་ཅད་ཀྱི་སྤྱི་མིང་ཞིག་རེད།བསང་ཞེས་པའི་མིང་འདི་བྱེད་ནུས་ཀྱི་ཆ་ནས་བཏགས་པའི་རྗེས་གྲུབ་ཀྱི་མིང་ལ་གོ་ན་མི་འགྲིག་པ་མེད་དེ།འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོས་མཛད་པའི《མནོལ་བསང་ཉམས་གྲིབ་ཀུན་སེལ》ནང་རང་བཞིན་དག་པའི་བསང་མཆོད་འདིས།།མི་བསང་བ་ནི་གང་ཡང་མེད།།གདུག་པའི་དུག་དང་བཙོག་པའི་གྲིབ།།ཐམས་ཅད་མ་ལུས་སངས་གྱུར་ཅིག།ཅེས་པའི་སྐབས་སུ་བསང་ནི་མི་གཙང་པ་ཐམས་ཅད་གཙང་བར་བྱེད་པའི་ནུས་པ་ཅན་ཞིག་ཡིན་པ་ཤེས་ཐུབ་པ་དང་།སློབ་དཔོན་པདྨས་མཛད་པའི་《རྒྱགས་བརྔན་ལྷ་བསང》ནང་དུད་པ་གནམ་དུ་སོང་བ་ཡིས་བར་སྣང་གང་བའི་ལྷ་ཚོགས་བསང་མེ་གཞི་ས་གཞིའི་སྟེང་དུ་སྦར་ས་གཞི་གང་བའི་ལྷ་ཚོགས་བསང་སོགས་ཀྱི་སྐབས་སུ།བསང་གི་དག་གཙང་གི་ནུས་པས་ལྷ་ཚོགས་མཉེས་པར་བྱེད་པའམ་ཡང་ན་སྤྱན་འདྲེན་པའི་དོན་ཞིག་ཀྱང་གོ་རྒྱུ་ཡོད་པའི་ཞོར་དུ་རང་ཅག་གིས་དད་མོས་བྱེད་ཀྱིན་པའི་ལྷ་རྣམས་ནི་གཙང་སྦྲ་ལ་དང་དོད་ཆེ་བ་དང་བཙོག་གྲིབ་ཀྱི་རིགས་ལ་འཛེམ་དོགས་བྱེད་མཁན་གྱི་རིགས་ཤིག་ཡིན་པའང་ཤེས་ནུས།རིག་གནས་ཀྱི་རྒྱབ་ལྗོངས་འདི་འདྲ་ཞིག་ལ་བརྟེན་ནས་ང་ཚོའི་མེས་པོ་རྣམས་ཀྱིས་རི་མགོ་མཐོ་ལ་གཙང་བའི་ས་གནས་ཤིང་སྣ་སྨན་སྣ་མང་པོ་བསགས་ཏེ་མེ་ལ་སྦར་བའི་བསང་སྤྲིན་གྱིས་ལྷ་ལ་མཆོད་པ་དང་མཉམ་དུ་མཁའ་དབུགས་དག་གཙང་བྱེད་ཅིང་དེ་ལ་འབྱུང་གཞི་བདེ་ཐང་གི་ནུས་པའང་ཞོར་ལ་ཐོན་གྱི་ཡོད་པས་གནའ་རབས་བོད་མིའི་འཕྲོད་བསྟེན་གྱི་རིག་ཚན་ཞིག་ཏུའང་བརྩི་ཆོག་ན།བསང་ནི་མི་ཡུལ་གྱི་བཙོག་གྲིབ་སེལ་ནས་དད་ཡུལ་གྱི་ལྷ་སྤྱན་འདྲེན་པའི་གནའ་དུས་ནས་བྱུང་བའི་གོམས་སྲོལ་ཞིག་རེད་ཟེར་ན་མི་ཆོག་པ་མི་འདུག་སྙམ།ཡིན་ནའང་།བདག་ཅག་གི་སྤྱོད་ཡུལ་དུ་གྱུར་པའི་བསང་ངམ་ལྷ་བསང་གི་རིགས་དག་ནི་བན་བོན་གཉིས་གཅིག་ཏུ་འདྲེས་རྗེས་སུ་བྱུང་བའི་འཇིག་རྟེན་མི་ཆོས་ཀྱི་ལྟ་སྟངས་ཤིག་ཡིན་པས།ད་ལྟའི་བསང་ཞེས་པའི་གོ་དོན་འདིས་བསང་གི་བྱེ་བྲག་དཀར་བསང་གི་གོ་དོན་ཆ་ཚང་ཞིག་མཚོན་ནུས་པའི་དབང་དུ་བཏང་ནའང་དམར་བསང་གི་གོ་དོན་ཆ་ཚང་ཞིག་སྟོན་མི་ཐུབ་པའི་ཕྱིར།དམར་བསང་ཞེས་པའི་ཁུངས་ངེས་པ་ལ་གཤེན་བོན་མ་དར་གོང་གི་དམར་མཆོད་ཤིན་ཏུ་དར་བའི་གདོད་མའི་བོན་ཆོས་དག་དང་འབྲེལ་ནས་གླེང་དགོས་སོ།།
 གཉིས་པ།གདོད་མའི་དམར་མཆོད་ཀྱི་ཤན་ཤུགས།
དམར་མཆོད་ཀྱི་རིགས་ནི་འཛམ་གླིང་ཐོག་གི་མི་རིགས་ཕལ་ཆེར་ལ་བྱུང་མྱོང་ཡོད་པ་དང་།དེ་ནི་ཆེས་གདོད་མའི་ཆོས་ལུགས་ཀྱི་རྣམ་པ་ཞིག་རེད།བོད་དུ་དམར་མཆོད་རྒྱ་ཆེན་བྱེད་པའི་སྐབས་དེར་ལྷ་ཞེས་པའི་སྣང་བརྙན་དེ་ད་དུང་གཞི་གྲུབ་མི་འདུག་མོད།ད་ལྟ་བདག་ཅག་གིས་ཡུལ་ལྷ་གཞི་བདག་གི་རིགས་སོགས་ལ་དམར་བསང་གིས་བརྔན་པ་ནི་སྔོན་གྱི་དམར་མཆོད་ཀྱི་ཤན་ཤུགས་ཐེབས་པ་དང་དེའི་རྒྱུན་མ་ཉམས་པ་ཞིག་རེད།བོད་རིག་པ་མཁས་ཅན་མཁར་རྨེའུ་མ་ཉམས་པ་ཞིག་རེད།བོད་རིག་པ་མཁས་ཅན་མཁར་རྨེའུ་བསམ་གཏན་ལགས་ཀྱིས་ཀོང་པོའི་བྲག་བརྐོས་ཡི་གེའི་ཐོག་ཏུ་གྲི་གུམ་བཙན་པོའི་སྲས་གཉིས་ཀྱིས་སྐུ་བླ་གཉན་པོ་ལ་གསོལ་མཆོད་བྱས་ཚུལ་འཁོད་ཡོད།ཁོ་བོས་ལྟར་ན་དེ་ནི་ཡུལ་ལྷ་ལ་དད་མོས་བྱེད་པའི་སྲོལ་གྱི་འབྱུང་ཁུངས་ལྟ་བུ་ཞིག་ཡིན་པར་སེམས་ཞེས་གསུངས་པ་ལ་གཞིགས་ན།བོད་དུ་ལྷར་མཆོད་པ་དང་ལྷའི་སྣང་བརྙན་གཞི་གྲུབ་པའི་དུས་ནི་སྐབས་འདི་ཙམ་ནས་བྱུང་ཡོད་ཚོད་རེད།ཡིན་ནའང་སྐབས་འདིར་བོད་དུ་དར་བའི་བོན་ནི་གཤེན་བོན་ནམ་གཡུང་དྲུང་བོན་ཡིན་པས་ཆོས་ལུགས་འདི་བོད་ཀྱི་ལོ་རྒྱུས་སྟེང་དམར་མཆོད་རྒྱ་ཆེན་བྱས་མྱོང་བའི་ཆོས་ལུགས་སྔ་མ་དག་དང་བསྡུར་ན་ལོ་བརྒྱ་ཕྲག་དུ་མའི་རྗེས་སུ་བྱུང་བ་རེད།
དེ་ཡང་ཐོག་མའི་དུས་སུ་དམར་བསང་དང་དམར་མཆོད་ཅེས་པའི་ཐ་སྙད་ཀྱི་འཇུག་ཡུལ་ལ་ཁྱད་པར་ཡོད་དེ།བོད་དུ་སངས་རྒྱས་ཆོས་ལུགས་མ་བྱུང་བའི་གོང་དུ།ཆོ་ག་འདྲ་མི་འདྲ་གཏོང་མཁན་དང་།སྔགས་འདྲ་མི་འདྲ་རྒྱག་མཁན་སོགས་མཐུ་དང་ནུས་པའི་ལས་སྤྱོད་པ་བྱེད་མཁན་ཐམས་ཅད་ལ་བོན་པོ་དང་།དེ་དག་གི་བྱ་བ་དེ་ལ་བོན་ཟེར་གྱི་ཡོད་ཅིང་ཁུངས་གཅིག་ཏུ་གཏུག་ཡག་ཡོག་མ་རེད།བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་འཇིག་རྟེན་དུ་བྱོན་དུས།བདུད་ལ་བརྟེན་མཁན་གྱི་མདུད་བོན་ཟེར་བ་དང་།བཙན་ལ་བརྟེན་མཁན་གྱི་བཙན་བོན་ཟེར་བའི་བོན་པོའི་རིགས་མི་འདྲ་བ་འགའ་ཞིག་ནི་དེ་དུས་ནས་ཡོད་པ་དང་།དེ་ཚོས་སེམས་ཅན་གཞན་དག་གི་ལུས་སྲོག་ལ་འཚེ་བའི་དམར་མཆོད་བྱེད་སྲོལ་ཡོད་པ་ལ།སྟོན་པ་གཤེན་རབ་མི་བོ་ཆེས་དགག་པ་མཛད་ཅིང་།དམར་མཆོད་ཀྱི་དོད་དུ་སེམས་ཅན་གྱི་གཟུགས་བརྙན་སོགས་ཀྱིས་འཐུས་པར་གནང་བའི་མདོས་དང་ཡས་སོགས་ཀྱི་སྲོལ་གསར་དུ་བཏོད་ཅེས་པ་ལས།དམར་མཆོད་བྱེད་པ་ནི་གཤེན་བོན་མ་དར་གོང་ནས་བྱུང་བའི་གདོད་མའི་ཆོས་ལུགས་ཤིག་ཡིན་ཚུལ་རྟོགས་ཐུབ་པ་མ་ཟད་ངོ་བོའི་ཐད་ནས་དམར་བསང་དང་ཁྱད་པར་ཡོད་པའང་ཤེས་ཐུབ།དེས་ན་བདུད་བོན་དང་བཙན་བོན་གྱི་རིགས་དེ་ཚོ་སྟོན་པ་གཤེན་རབ་མ་བྱོན་གོང་གི་ལོ་བརྒྱ་ཕྲག་གི་དུས་ནས་བྱུང་ཡོད་པ་ཞིག་རེད་ལ།དེ་ཚོས་དམར་མཆོད་བྱེད་པའི་ཤན་ཤུགས་ཀྱིས་དམར་བསང་ཞེས་ཁུངས་གཤེན་བོན་ལ་ཐུག་པའི་ཆོ་གའི་རིགས་འདི་བྱུང་བ་རེད།ཡིན་ནའང་།དམར་མཆོད་དང་དམར་བསང་གཉིས་སེམས་ཅན་གཞན་གྱི་ཤ་ཁྲག་མཆོད་པ་འདྲ་ནའང་ཤུགས་ཆེ་ཆུང་དང་གྲངས་འབོར་མང་ཉུང་།སྐབས་ཐོག་གི་དམིགས་ཡུལ་མི་འདྲ་བ་མ་ཟད།དམར་མཆོད་ནི་གཙོ་བོ་གཞན་གྱི་སྲོག་བཅད་པའི་ཤ་ཁྲག་རློན་པ་འབུལ་ལ།ད་ལྟའི་དམར་བསང་སྔོན་གྱི་དམར་མཆོད་ལས་འཕེལ་རྒྱས་བྱུང་བའི་མཚོན་རྟགས་གཙོ་བོ་ཞིག་ནི་དམར་གྱི་རིགས་མེ་ལ་དྲངས་ནས་དྲི་ལ་བརྟེན་པའི་དྲི་ཟའི་རིགས་སུ་གྱུར་པའི་ལྷ་ཚིམ་པར་བྱེད་པ་བཅས་ཤེས་ཐུབ།དམར་བསང་ཕུལ་བའི་ཁུངས་བོན་ལ་ཐུག་ཡོད་ཀྱང་དེ་ནི་སྟོན་པ་གཤེན་རབ་ཀྱིས་གསར་གཏོད་གནང་བའི་གཡུང་དྲུང་བོན་ཆོས་ནས་གསར་དུ་བྱུང་བ་ཞིག་ལ་གོ་མི་རུང་པར།དེའི་ཡར་སྔོན་དུ་བོད་ལ་དར་བའི་གདོད་མའི་བདུད་བོན་དང་བཙན་བོན་གྱིས་དམར་མཆོད་བྱེད་པའི་ཆོས་ལུགས་དེའི་ཁྲག་རྒྱུན་ལྟ་བུ་ཞིག་ལ་གོ་དགོས།  གཞན་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་དུའང་གནའ་རབས་ཀྱི་བཙན་གསོལ་བའི་དམར་མཆོད་ཀྱི་ཡུལ་སྲོལ་དེ་རིགས་རྩ་བའི་ཆ་ནས་མེད་པར་གྱུར་ཟིན་རུང་།ཀོང་པོ་རྒྱ་ལ་གྲོང་ཚོ་དང་སྤོ་བོ་ཐང་སྨད་ཁུལ་སོགས་སུ་བཅིངས་འགྲོལ་མ་ཐོབ་གོང་སྲོལ་རྙིང་དེ་ད་དུང་གནས་ཡོད་འདུག་ཅེས་པ་ལས་གཅིག་ནས་དམར་མཆོད་ཀྱི་ལུགས་དེ་བོད་ཀྱི་ས་ཆ་ཁ་ཤས་སུ་ད་དུང་གནས་ཡོད་པ་དང་།གཉིས་ནས་དམར་མཆོད་ཀྱི་ཡུལ་གཙོ་བོ་བཙན་ཡིན་པས་ལྷར་མཆོད་པའི་དཀར་བསང་དང་ད་ལྟའི་དམར་བསང་སོགས་དང་ཁྱད་པར་ཡོད་ངེས་པའང་རྟོགས་ཐུབ་པ་བཞིན་བདུད་བོན་ཡིན་ན་བདུད་ལ་མཆོད་པ་དང་།བཙན་བོན་ཡིན་ན་བཙན་ལ་མཆོད་པ།གཤེན་བོན་གྱིས་སྐུ་བླ་གཉན་པོ་ལ་གསོལ་མཆོད་བྱེད་པ་(གྲི་གུམ་གྱི་སྲས་གཉིས་ཀྱིས་གསོལ་མཆོད་བྱས་པ་ལས་ཤེས་ཐུབ)གང་ཡིན་རུང་ཕྱིས་སུ་ཆབ་སྲིད་སོགས་ཀྱི་དགོས་མཁོ་དང་རིག་གནས་མང་པོ་མཉམ་འདྲེས་བྱུང་བའི་ཤན་ཤུགས་ལ་བརྟེན་ནས་དམར་མཆོད་ཀྱི་ཡུལ་གཙོ་བོ་ཉི་ཟླ་སྐར་གསུམ་དང་ལྷ་ཡི་ངོ་བོའི་སྟེང་འཕེལ་འགྱུར་བྱུང་འདུག་པ་རྟོགས་ཐུབ།

 བོད་ཀྱི་དམར་བསང་གི་འབྱུང་ཁུངས་སྐོར་གླེང་བ།

 གསུམ་པ།དམར་མཆོད་ཀྱི་སྤྱོད་སྒོ།
  • ལེ་ཚན་སྔོན་མ།:འབྲོག་མིའི་རྟ་ནོར་ལུག་གསུམ་གྱི་མིང་འདོགས་ཚུལ་སྐོར་རོབ་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:འབའ་ཡི་དར་བཤད་ཐོས་པ་ཀུན་དགའ།