བོད་རིགས་ཀྱི་དམངས་གཞས་ཐོར་བུ།

བསོད་ནམས་བསྟན་འཛིན་གྱིས་བསྡུས།    མི་རིགས་དུས་དེབ་ལས་དྲངས།    2010-09-15

བོད་རིགས་ཀྱི་དམངས་གཞས་ཐོར་བུ།

སེམས་པས་གཡས་བསྐོར་རྒྱོབ་ཤོག།ལུས་པོས་གཡོན་བསྐོར་རྒྱོབ་ཤོག།
གདན་ཆུང་གྲུ་བཞིའི་སྒང་ལ།།
འཛོམས་པའི་སྨོན་ལམ་རྒྱོབ་ཤོག།
ང་རང་གཉིས་པོའི་ལས་དེ།
ངང་པ་སེར་པོའི་ལས་འདྲ།
ཟ་རྒྱུ་འདམ་ལས་མེད་ཀྱང་།
མཉམ་ཟས་མཉམ་མཐུད་བྱེད་ཆོག།
སྙེམས་ཆུང་ལྡུམ་རའི་ནང་གི
པད་སྡོང་ཁ་འབྲས་མཚར་བ།
འཐོག་པར་ལག་པས་མི་སྙེག
འཇོག་པར་སེམས་ཀྱིས་མི་བཟོད།
དོན་གྲུབ་གླིང་གི་ལྕང་གླིང་།
འཇོལ་མོའི་འདུ་བའི་གནས་རེད།
འཇོལ་ཆུང་འཕུར་བ་དང་པོ།
དོན་གྲུབ་གླིང་ལ་འཕུལ་སོང་།
སྟར་ག་སྟར་རྡོ་གཅིག་ལ།
ཧར་སྒྲ་དེ་འདྲ་ཡོད་ན།
སྟར་སྡོང་སྒལ་པར་འཁུར་དུས།
ཧར་སྒྲ་གང་འདྲ་ཡོད་འགྲོ།
ཤྭ་བ་ལ་མོ་མ་རྒྱོབ།
ལ་མགོ་ཡར་ནས་ལོག་ཤོག
སྤང་ལ་སྐྱེས་པའི་རྩྭ་ཁ།
བློས་བཟོད་མཐོང་བ་འདུག་གམ།
ཆུ་མོ་ཆུ་རིས་ཤིག་ཤིག
རླུང་པོའི་ལྡང་ཕྱོགས་ཡིན་འགྲོ།
སེར་བྱ་ཐེ་ཚོམ་མ་གནང་།
མཚོ་མོའི་ཐང་དུ་བོབ་ཡོག
ཨ་མ་ལགས་ཀྱི་བཀའ་བཀྱོན།
དམར་པོའི་མེ་ལས་ཚ་བ།
བུ་མོ་ང་ཡི་ངང་རྒྱུད།
སྔོན་པོའི་ཆུ་ལས་རིང་བ།
རི་མགོ་མཐོ་བར་བལྟས་མེད།
རི་བྱད་བཟང་བར་བལྟས་ཡོད།
བུ་མོ་མཛེས་པར་བལྟས་མེད།
ངང་རྒྱུད་རིང་བར་བལྟས་ཡོད།
ཆུ་མོ་རྒྱུག་དང་རྒྱུག་དང་།
ཉིན་མཚན་མེད་པར་རྒྱུག་དང་།
ཉ་མོ་ང་ཡི་བློ་གཏད།
རྡོ་རྗེ་བྲག་ལ་བཅོལ་ཡོད།
རྟ་ཕོ་རྟ་ཆས་ཡག་པ།
རྒོད་མ་ངང་རྒྱུད་རིང་བ།
རྟ་ཆས་ཡག་པས་གང་ཡོང་།
ངང་རྒྱུད་རིང་བ་དགའ་དྲགས།
རྟ་ཕོ་རྟ་གསར་གཅིག་ལ།
བཅུ་དྲུག་ལིང་ཤང་གཡོགས་ཡོད།
རྟ་གོག་ངོ་ཚ་མེད་པ།
མི་མང་དཀྱིལ་ལ་གཡུགས་བྱུང་།
ཆུང་འདྲིས་བྱམས་པ་ཟེར་བ།
ཁྲམ་ལས་གཡོ་སྒྱུ་མཁས་པ།
རི་སྣ་རེ་རེའི་ས་ལ།
དབུ་སྣ་རེ་རེ་བཞེས་སོང་།
གནམ་དང་སྤྲིན་དཀར་བར་ལ།
སྤྲིན་ནག་ཕར་འཁྲིག་ཚུར་འཁྲིག
ང་དང་བྱམས་པའི་བར་ལ།
མི་ངན་ཕར་རྒྱུག་ཚར་རྒྱུག
རྟ་དང་རྟ་སྒའི་བར་ལ།
འཇམ་པའི་རྟ་སྟན་བརྒྱབ་ཡོད།
ང་དང་བྱམས་པའི་བར་ལ།
ཡིག་ཆུང་དཀར་པོ་བཞག་ཡོད།
ཆུང་འདྲིས་མར་གྱིས་བཞེངས་ཡོད།
མར་གྱི་འབྲས་བུས་བཞེས་ཡོད།
དེ་ལ་དྲིན་ཅན་ཉི་མའི།
བར་ཆད་གཏོང་བ་མ་གནང་།
སྔོན་ཆད་རྡོ་བཀྱག་རི་བོ།
མ་མཛེགས་ཟེར་རྒྱུ་མི་འདུག
ད་ལྟ་ཤིང་ཏོག་ཨ་མྲ།
ཞེན་པ་གཏིང་ནས་ལོག་སོང་།
ཆུ་མོ་ཁ་ནས་བཅུས་པས།
རྙོག་མ་གཏིང་ནས་ལངས་སོང་།
དེ་འདྲའི་ཆུ་མོའི་ཁ་གཏིང་།
ཡོད་འགྲོ་བསམ་པ་མ་བྱུང་།
སྤང་དང་ཤྭ་བ་ལས་རེད།
ཤི་ཁྱི་གཏོང་བ་མ་གནང་།
ཤ་ཁྱི་ངར་མའི་གསུང་ལ།
རྣ་བ་སུ་ཡིས་གཏོད་པ།
ཤྭ་མོ་སྤང་རྩྭ་བཞིག་ནས།
སྤེན་པའི་རི་ལ་འཁྱུད་སོང་།
འཁྱུད་ཀྱང་འགྱོད་པའི་མི་འདུག།
སྤང་རྩྭས་ལྟད་མོ་བལྟས་ཆོག
ཕ་རིའི་སྤང་ལ་མ་གཏོགས།
སྤང་རྩྭ་མེད་པ་མ་རེད།
ལ་མོ་གཅིག་བརྒྱབ་གཉིས་བརྒྱབ།
སྤང་རྩྭ་རེ་རེ་རྙེད་ཡོང་།
བུ་མོ་དམན་ཡར་ཡིན་ཟེར།
འགྲོ་ལུགས་དེ་ལ་གཟིགས་དང་།
ལྕང་མ་ལྕང་གསར་ཡིན་ཟེར།
སྐྱེ་ལུགས་དེ་ལ་གཟིགས་དང་།
དབྱར་དུས་ལོང་ཁའི་དཀྱིལ་ལ།
སྐྱེས་དང་མང་པོ་སྐྱེས་ཡོང་།
སྐྱེས་ཚད་ཞལ་ལ་མཆོད་ན།
མཐའ་མ་དུག་དང་འཕྲད་ཡོང་།
དབྱར་ཁ་འོང་ཁའི་དཀྱིལ་གྱི།
མཛེས་པོ་སྲན་མའི་མེ་ཏོག།
སད་དང་སེར་བ་མ་ཐོངས།
མཛེ་པོ་ལས་ཀྱིས་ཡོང་ངོ་།
གྲུ་ཤན་ཕར་ལ་བཏང་བས།
རྟ་ཕོས་ཕྱི་ལྟས་སློག་བྱུང་།
རྒྱུད་དག་མེད་པའི་བྱམས་པས།
ཕྱི་ལྟས་སློག་གི་མི་འདུག
བུ་མོ་ང་ལ་དགའ་མདོག
སེམས་ནས་དགའ་གི་ཡོད་ན།
མཆོད་ཆང་ཞལ་དཀར་གང་འདི།
གཙང་བཞེས་གནང་རོགས་གནང་དང་།
བྱ་ཞིག་ཡིན་ན་བསམ་བྱུང་།
བྱིའུ་ཞིག་ཡིན་ན་བསམ་བྱུང་།
ཕ་ཡུལ་ས་ཐག་རིང་པོར།
ལྡིང་ཐབས་ཡོད་ན་བསམ་བྱུང་།
ཉ་མོ་ལྡེམ་ཞིང་འཁྱུག་པ།
ཆུ་མོ་གཡུ་ལས་སྔོ་བ།
ཆུ་དང་ཉ་མོ་བཞིན་དུ།
སེམས་པ་གཅིག་ཏུ་མཐུན་སོང་།
 
 

  • ལེ་ཚན་སྔོན་མ།:དམངས་གླུ།
  • ལེ་ཚན་རྗེས་མ།:བོད་རིགས་ཀྱི་གནའ་བོའི་གླུ་གཞས།