བོད་རིག་པའི་མཁས་པ་དང་རབ་འབྱམས་པའི་མཛུབ་སྟོན་སློབ་དཔོན་བན་གོ

    མཚོ་སྔོན་པོ་དྲ་བ།    2012-12-19

བོད་རིག་པའི་མཁས་པ་དང་རབ་འབྱམས་པའི་མཛུབ་སྟོན་སློབ་དཔོན་བན་གོ

    སློབ་དཔོན་ཆེན་མོ་བན་གོ་ལགས་ནི། སྤྱི་ལོ་༡༩༦༢ལོར་མཚོ་སྔོན་ཁྲི་ཀར་སྐྱེས་ཤིང་།   སྤྱི་ལོ་༡༩༧༩ལོར་མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་མ་ཐག་དེ་གར་དགེ་རྒན་གྱི་ལས་ཀ་གཉེར།༡༩༨༡ལོར་ནུབ་བྱང་མི་རིགས་སློབ་ཆེན་འགྲིམས།༡༩༨༨ལོར་གནའ་རབས་བོད་ཀྱི་ཞིབ་འཇུག་འཛིན་གྲྭར་མཐར་ཕྱིན་རྗེས།ཀན་ལྷོ་ཁུལ་རྩོམ་སྒྱུར་ཁང་དུ་བོད་རྒྱའི་ལོ་ཙཱ་དང་གནའ་དཔེ་བསྡུ་སྒྲིག་གི་ལས་སུ་ཞུགས།སྔ་རྗེས་སུ་རྒན་དོར་ཞི་ལགས་དང་།དགེ་བའི་བཤེས་གཉེན་ཆེན་མོ་དགེ་འདུན་རྒྱ་མཚོ།པཎ་ཆེན་ཡོངས་འཛིན་འཇམ་དབྱངས་རྒྱ་མཚོ།རིགས་པ་འཛིན་པ་དཔལ་ལྡན་རྒྱ་མཚོ་སོགས་ཚུལ་བཞིན་དུ་བསྟེན་ཏེ།དབུ་ཕར་ཚད་གསུམ་དང་།ས་ལམ་གྲུབ་མཐའ་བཅས་ལ་ཧུར་བརྩོན་རྡོ་རུས་ཐུག་པ་མཛད།
    ༡༩༩༣ལོར་ལྷོ་ནུབ་མི་རིགས་སློབ་ཆེན་དུ་ཕེབས་ཤིང་།ད་ལྟ་སློབ་གྲྭ་དེའི་བོད་རིག་པའི་སློབ་གླིང་གི་འགོ་གཙོ་དང་།རབ་འབྱམས་ཆེན་མོའི་ཞིབ་འཇུག་པའི་མཛུབ་སྟོན་སློབ་དཔོན།  སི་ཁྲོན་ཞིང་ཆེན་གྱི་རིག་གཞུང་ཉམས་ཞིབ་པའི་སྣེ་ཁྲིད་ཀྱི་གཙོ་འགན་བཞེས་ཏེ།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་གནངས་དངུལ་ཕོག་ལོངས་སུ་སྤྱོད་ཅིང་མཆིས་ལ།སི་ཁྲོན་ཞིང་ཆེན་ཁམས་ཁུལ་རིག་གཞུང་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་།བོད་ལྗོངས་སློབ་ཆེན་གྱི་གདན་ཞུའི་སློབ་དཔོན་ཆེན་མོ།ཀྲུང་གོ་མི་རིགས་རིག་པའི་ལྷན་ཚོགས་ཀྱི་ལས་འཛིན་པ་སོགས་ཀྱིས་མཚོན་པའི་འགན་འགའ་ཡང་གཅིག་ལྕོགས་སུ་བཞེས་ཡོད།
    ༡༩༩༨ལོ་ནས་བཟུང་སྟེ་སྔ་རྗེས་སུ་ཀྲུང་གོ་མི་དམངས་སློབ་ཆེན་དང་།ཨོ་སི་ཁྲེ་རེ་ཡའི་ཞི་ཉེ་སློབ་ཆེན་དང་ཨ་ཏཱིག་སློབ་ཆེན།ཟེའར་ལན་ཏི་གསར་བའི་དཔལ་ཁཱ་སློབ་ཆེན།ཡོ་རོབ་གླིང་གི་རྒྱལ་ཁབ་གང་མང་དུ་ཕེབས་ཏེ་སློབ་སྦྱོང་དང་ཉམས་ཞིབ་མཛད།
    བོད་ལྗོངས་ཞིབ་འཇུག་དང་མི་རིགས་གནའ་དཔེ་གཉིས་ཀྱིས་མཚོན་པའི་དུས་དེབ་ཁག་ཏུ།བོད་ཀྱི་བསྟན་བཅོས་ལས་མིང་གདགས་སྟངས་ལ་དཔྱད་པ།བོད་ཀྱི་ལོ་རྒྱུས་ལོ་ཙཱ་དང་རིག་གནས་སྣང་ཚུལ་གླེང་བ།ཚད་མའི་བསྟན་བཅོས་ཀྱི་ལོ་ཙཱ་དང་ཉམས་ཞིབ་ལ་དཔྱད་པ་སོགས་བོད་རྒྱ་ཡིག་རིགས་ཟུང་གི་དཔྱད་རྩོམ་༣༠ལྷག་སྤེལ།རྟགས་རིགས་ཀྱི་གོ་དོན་གཟུར་གནས་དགྱེས་པའི་མཆོད་སྤྲིན་དང་།ནཱ་རོ་ཆོས་དྲུག།ཉི་ཟླ་ཁ་སྦྱོར།ཀློང་ཆེན་མཛོད་བདུན་ལས་ཐེག་མཆོག་མཛོད་སྟོད་སྨད་གཉིས།མན་ངག་མཛོད།ཚིག་དོན་མཛོད།ཆོས་དབྱིངས་མཛོད་བཅས་དང་།ཤཱཀྱ་ཤཱྀའི་རྣམ་ཐར།བོད་རྒྱུད་ནང་བསྟན་བསྟན་བཅོས་ཉིང་བསྡུས་རྒྱ་འགྱུར་མ།དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ།ལེགས་སྦྱར་སྐད་ལ་འཇུག་པའི་སྒོ།བསྡུས་གྲྭའི་རིགས་ལམ་གྱི་ཟབ་གནད་ལེགས་བཤད་ཀུན་འདུས་བཅས་བརྩམས་འགྱུར་སྒྲིག་གསུམ་དཀྱུས་གཅིག་ཏུ་པོད་༡༨བཞུགས་ཤིང་།དེ་དག་ལས་ན་རོ་ཆོས་དྲུག་དང་ཀློང་ཆེན་མཛོད་ཀྱི་རྒྱ་འགྱུར་ལ་མིག་རྒྱ་སྲིང་ལ་ཡིད་རྒྱ་བསྐྱེད་པའི་གཟུར་གནས་ཚོགས་ཀྱིས་དང་བ་ལྷག་ཏུ་འཕེལ།
    ནཱ་རོ་ཆོས་དྲུག་དང་བོད་དར་ཚད་མ་རིག་པའི་རྒྱ་འགྱུར་དེབ་ཕྲེང་ཞེས་པའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཁང་གི་ལས་གཞི་གཉིས་ལེགས་པར་གྲུབ་ཅིང་།ཚད་མ་རིག་པ་དང་ནུབ་ཕྱོགས་གཏན་ཚོགས་ཀྱི་ཞིབ་བསྡུར།བོད་སྐད་ཡིག་རྩོམ་ཡིག་ཆེད་ལས་ཀྱི་ལེགས་བཅོས་ཉམས་ཞིབ།བོད་ཀྱི་ལོ་རྒྱུས་བསྡུས་པ་བསྐྱར་སྒྲིག་བཅས་ཞིང་ཆེན་རིམ་པའི་ལས་གཞི་དྲུག་གི་འགོ་བཟུང་ཡོད།གྲུབ་འབྲས་ལ་རྒྱལ་ཁབ་རིམ་པའི་དཔེ་བཟང་དཔྱད་འདེམ་གྱི་གྲས་སུ་ཚུད་པ་དང་།སི་ཁྲོན་ཞིང་ཆེན་གྱི་སྤྱི་ཚོགས་ཚན་རིག་གི་གྲུབ་འབྲས་ཨང་གསུམ་པ་དང་ཕུལ་བྱུང་བྱ་དགའ་སོགས་རྟགས་མ་མང་དུ་རེག
    ཁོང་གིས་སློབ་ཁྲིད་དང་ཉམས་ཞིབ་སྟག་སེང་ཁ་སྤྲོད་ཀྱིས།ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་རིག་པའི་སློབ་གླིང་གི་བོད་སྐད་ཡིག་རྩོམ་རིག་དང་།ཚད་མ་རིག་པའི་ཆེད་སྦྱོང་གཙོ་བྱས་པའི་མི་རིགས་ཉམས་ཞིབ་སློབ་གླིང་གི་ཆོས་ལུགས་རིག་པའི་ཆེད་སྦྱོང་།ཆབ་སྲིད་དང་སྤྱི་ཚོགས་ཚན་རིག་སློབ་གླིང་གི་ཀྲུང་གོའི་མཚན་ཉིད་རིག་པའི་ཆེད་སྦྱོང་གི་དངོས་གཞི་སློབ་མ་དང་།རབ་འབྱམས་འོག་མ་དང་རབ་འབྱམས་གོང་མའི་ཞིབ་འཇུག་སློབ་མར།བོད་རྒྱའི་སྐད་རིགས་འཁོས་བསྟུན་གྱིས།བསྡུས་གྲྭ་དང་།ཚད་མའི་ཉམས་ཞིབ།ཕར་ཕྱིན་ཉམས་ཞིབ།དབུ་མའི་ཉམས་ཞིབ།བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་ཉམས་ཞིབ།བཀའ་པོད་ལྔའི་སྤྱི་བཤད།ཚད་མའི་འཇུག་སྒོ་སོགས་གང་ལ་གང་མཐུན་གྱི་སློབ་ཁྲིད་ཆག་མེད་དུ་གནངས་པ་ལས།ཚད་མའི་ཉམས་ཞིབ་ཅེས་པའི་བསླབ་ཚན་སི་ཁྲོན་ཞིང་ཆེན་གྱི་རྨད་བྱུང་བསླབ་ཚན་དུ་བདམས།ད་ལྟ་ཁོང་གིས་ཡོངས་སུ་རྗེས་བཟུང་བའི་རབ་འབྱམས་ཆུང་བ་༣༠ལྷག་མཐར་ཕྱིན་ཅིང་།རབ་འབྱམས་ཆུང་བ་༩དང་རབ་འབྱམས་ཆེན་མོ་༨ཀྱིས་གསུང་གི་སྦྲང་ཆར་དུས་སུ་མྱོང་ཞིང་མཆིས།མདོར་ན།ཁོང་གིས་དད་བརྩོན་མཇིངས་བསྣོལ་གྱི་གོ་ཆ་ལུས་ལ་བགོས་ཤིང་།དུས་ཀྱི་ཆོ་བབ་ལ་གཞིགས་ཏེ་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་མི་རིགས་སློབ་གསོ་གོང་ནས་གོང་དུ་སྤེལ་བའི་ལས་ལ་འབད་བཞིན་ཡོད་དོ།

  • ལེ་ཚན་སྔོན་མ།:བོད་ཀྱི་སློབ་གསོ་རིག་པའི་རབ་འབྱམས་པའི་སློབ་དཔོན་ཐོག་མ་དཔལ་ལྡན་ཉི་མ།
  • ལེ་ཚན་རྗེས་མ།:དགེ་རྒན་དཔའ་རིས་བློ་གྲོས་མཆོག་ངོ་སྤྲོད་མདོར་བསྡུས།
  • དོ་སྣང་ཆེ་བའི་རྩོམ།