མཛའ་མོ།

རྡོ་སྦིས་རྡོ་རྗེ། (འགྱུར་མེད་རྡོ་རྗེས་བསྒྱུར)    རྡོ་སྦིས་རྡོ་རྗེ། (འགྱུར་མེད་རྡོ་རྗེས་བསྒྱུར)    2010-09-13

མཛའ་མོ།

མིག་ཟུང་གི་རྣམ་འགྱུར་ནི་དགའ་ཚལ་ཞིག
འགྲུལ་བཞུད་ཀྱི་ངལ་བ་དང་བཅས་ཕྱིར་ལོག་ཐེངས་རེར
ང་རང་ཁྱོད་ཀྱི་དགའ་ཚལ་དུ་དུས་ཆེན་ལ་རོལ
སླར་ཡང་ལམ་ལ་ཆས་སྐབས
སྒོ་འགྲམ་དུ་ཁེན་པའི་ཁྱོད་ཀྱིས
མགོ་བོ་སྨད་དེ་ཅི་ཡང་མི་སྨྲ་མོད
སེམས་ཀྱི་རི་མོ་ནི་བརྗོད་པའི་དགོས་པ་མེ་དེ
ཡ་ཆུང་གི་དཀྱིལ་ན    སྐྱོ་གདུང་གི་ཐིགས་པ་འཁྱིལ
           ༼སྙན་ངག་པའི་མཚན་མོ།༽
འདོད་ཧམ་གྱི་གྲོག་རོང་དང་རིང་དུ་བྲལ་ཏེ
ཕྱིར་ཡུན་རིང་གྱེས་པའི་བསམ་པའི་ཕ་ཡུལ་དུ་ལོག་ཅིང
གཅིག་པུ་དྭངས་གཙང་གི་མཚན་མོ་དང་མཉམ་དུ་སྡོད་དུས
ཕུལ་བྱུང་གི་སྙན་ངག་པ་ཞིག་གམ་དུ་འབྱོར་ན་སྙམ
ནམ་ཕྱེད་དུ    སྐམ་རིད་ཀྱི་སྙན་ངག་པ་ཞིག་གིས་སྦི་རག་ཁྱེར་ནས་ཐོན་བྱུང་ལ
མི་་མང་པོ་ཞིག་མ་གྲོས་གཅིག་ཏུ་སུན་སྣང་གི་གནས་མལ་འདིར་འཛོམས་པས
རྨས་ཕོག་པའི་སེམས་ཁོང་དུ་དྲོད་རྒྱུན་དལ་གྱིས་བབས་ཡོང
གཅེས་འོས་པའི་གླག་རྒོད་ཁྱུ་ཞིག་མཚན་མོའི་ལྷིང་འཇགས་ལ་རོལ་བཞིན
སྦི་རག་གི་དྲི་མ་དང་ཕ་སྐད་རྣལ་མ་འཕྱུར་བའི་ཁང་མིག་འདིར
རླབས་ཆེན་གྱི་ཚེ་སྲོག་ཐེངས་ཤིག་ཉམས་སུ་བཞེས་ཀྱི་མཆིས།
  • ལེ་ཚན་སྔོན་མ།: སྙིང་ཉེ་མ།
  • ལེ་ཚན་རྗེས་མ།:བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་དུས་རབས་གསར་པའི་ནང་ཐོན་པའི་ནུས་པ་དང་འཕེལ་ཕྱོགས།