བོད་ཀྱི་གདན་ས་གསུམ་གྱི་གྲྭ་རྡོབ་ཀ་པ་ཞེས་པའི་སྐོར།

རིན་ཆེན་དཔལ་བཟང་གིས་བསྡུས།        2012-11-29

 གྲྭ་རྡོབ་ནི་གདན་ས་སོ་སོར་འདུས་ཚོགས་བྱུང་བ་ནས་ལྷན་དུ་དར་བ་ཞིག་ཡིན་འདུག གང་ལགས་ཤེ་ན།གྲྭ་པ་རབ་ཏུ་བྱུང་ནས་སྒྲིག་ཆོས་ར་བ་འགྲིམ་པ་ནས་བཟུང་རིམ་པས་རགས་རྩིས་ལྟར་ན་གྲྭ་པ་རབ་འབྲིང་གསུམ་དུ་གྱེས་འགྲོ་བཞིན་ཡོད།རབ་རྣམས་འདོན་ཁ་གྲལ་གྱི་སྟེང་དུ་གཞུང་བཀའ་པོད་ལྔ་དང་།གཞུང་ཆེན་བཅུ་གསུམ་སོགས་ལ་སྦྱང་པའི་དཔེ་ཆ་བ་སྟེ་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགེ་ལྡན་ཁྲི་པ་སོགས་བསྟན་པའི་བདག་པོར་འགྱུར་བ་དང་།འབྲིང་བ་རྣམས་འདོན་ཁ་གྲལ་གྱི་སྟེང་དུ་ཐིག་རྡོ་མཚོན་དང་།གཏོར་བཟོ་དཀར་རྒྱན་སོགས་ལ་སྦྱང་ནས་རྒྱུད་སྡེ་རྒྱ་མཚོའི་ཆོ་ག་ཕྱག་ལེན་ལ་བྱང་ཆུབ་ཅིང་ཞི་རྒྱས་དབང་གྲགས་ཆོས་ལུགས་ཀྱི་ལས་རབ་འབྱམས་ལ་མངའ་བརྙེས་པ་དང་།མཐའ་མ་འདོན་ཁ་གྲལ་བློ་འཛིན་སྐྱོར་སྦྱང་སོགས་ཕྱག་དཔེ་དེ་ཙམ་མེད་པ་རྣམས་ཀྱིས་ཤམ་ཐབས་གློད་དེ་གྲྭ་པ་རྡོབ་ཤར་བའི་གྲས་སུ་ཞུགས་པས་ཚོགས་ཆེན་གྱི་ལག་བདེ་བ(གསོལ་ཇ་བཞེས་ཐུག་འདྲེན་མཁན)དང་།རུང་ཁང་ཇ་མ།དུང་རྒྱ་གླིང་གཏོང་མཁན་སོགས་འོས་བབ་ཀྱིས་བྱེད་ཀྱིན་ཡོད།
    རབ་འབྲིང་དེ་གསུམ་ནི་ཡོན་ཏན་ཆེ་ཆུང་དབང་གིས་རང་བཞིན་དུ་གྱེས་པ་ཞིག་རེད་ལ།གྲྭ་པ་འགའ་ཞིག་ནི་ཆོས་ལུགས་ཐད་ལ་ཡོན་ཏན་ཆེན་པོ་ཡོད་ཀྱང་ཐབས་གློད་དེ་རྐུབ་སྲུལ་བསྡུ་རྒྱུར་དང་དོད་བྱེད་མཁན་ཁག་གཅིག་ཀྱང་ཡོད།གྲྭ་པ་རྡོབ་རྡོབ་ག་ཚོད་མང་བ་དེ་ཙམ་གྱིས་གདན་ས་དེ་དབང་ཐང་ཆེ་ལ་བརྗིད་ཉམས་ལྡན་པ་དང་།རང་རང་གི་གདན་སའི་ཕྱི་ནང་སྲུང་སྐྱོབ་བྱེད་པར་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་རེད།དཔེར་ན་འབྲས་སྤུངས་ཀྱི་ཚོགས་ཆེན་ཞལ་ངོ་ནས་འབྲས་སྤུངས་དགེ་འདུན་བདུན་སྟོང་བདུན་བརྒྱའི་སྟེང་ལོ་ལྟར་སྨོན་ཚོགས་གཉིས་ལ་སེ་འབྲས་དགའ་གསུམ་དང་བཅས་པའི་དགེ་འདུན་ཁྲི་ལྷག་ཙམ་ལ་སྒྲིག་ཁྲིམས་གནོན་སྡོམ་བྱེད་དགོས་པ་ལ་དཔུང་རོགས་སུ་དཔའ་ཆས་ལུས་ལ་བརྒྱན་པའི་དགེ་གཡོག་ཅེས་པ་གྲྭ་རྡོབ་འབྲོང་གཞོན་འདྲ་བ་བཅུ་དགུ་བསྐོ་གཞག་བྱས་ཏེ་སེར་སྐྱ་མི་དམངས་ཁྲི་མང་པོར་སྒྲིག་ཁྲིམས་གནོན་ཐུབ་ཀྱི་ཡོད།
    དེ་མིན་གྲུབ་མཐའ་ཕན་ཚུན་འགལ་བ་བྱུང་སྐབས་ཀྱང་གྲྭ་རྡོབ་བེད་སྤྱོད་བྱེད་ཀྱི་ཡོད་པ་དཔེར་ན།རབ་བྱུང་བརྒྱད་པའི་སྐབས་ཀརྨ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོར་རྒྱལ་བ་བྱམས་པས་བསྟན་པ་སྤྱི་རིམ་ལ་ལུང་བསྟན་ཐེངས་གསུམ་བྱུང་བ་ལྟར་ལྷ་སར་ཇོ་བོའི་ཉེ་འགྲམ་ས་ནག་ཅེས་པར་ཐུབ་བསྟན་ཆོས་འཁོར་གླིང་ཞེས་པའི་དགོན་པ་ཕྱག་བཏབ་གནང་མཛད་པར(དེང་སང་ཀརྨ་དགོན་གསར་ཟེར་བའི་ས་ཆ་དེ་ཡིན)སེ་འབྲས་ཀྱི་ཁ་གནོན་རེད་ཅེས་དོགས་པའི་དབང་གིས་བླ་མ་ཀརྨ་བ་ཇོ་བོ་མཇལ་སྐབས།ཕེབས་རྗེས་སུ་སེ་འབྲས་གཉིས་ནས་གྲྭ་རྡོབ་ལྔ་བཅུ་ཙམ་ལ་ཁྲབ་རྨོག་སོགས་དྲག་ཆས་སྤྲད་དེ་བཏང་བ་དང་ཁྱམས་རར་དམག་འཛིང་བྱུང་བའི་ཤོད་སྲོལ་དེའི་ཐོག་ནས་གྲྭ་རྡོབ་ནི་གདན་ས་སོ་སོའི་རྒོལ་སྲུང་གི་ལག་ཆ་ཞིག་ཀྱང་ཡིན་པ་རེད། གདན་སའི་གྲྭ་རྡོབ་ནང་ནས་སེ་རའི་གྲྭ་རྡོབ་ནང་ནས་སེ་རའི་གྲྭ་རྡོབ་ནི་དཔའ་ངར་ཆེ་བར་གྲགས།དཔེར་ན་སེ་རའི་རྡོབ་རྡོབ་ཀ་པར་ཆ་མཚོན་ན།ཤམ་ཐབས་གློད་མཁན་ཡིན་ཕྱིན་ཐོག་མར་དུང་རྒྱ་གླིང་གི་ལྟོ་ཚང་སྐྱིད་སྡུག་ལ་ཞུགས་ཏེ་ལོ་བཅུ་གཉིས་ཙམ་དུང་རྒྱ་གླིང་ལ་སྦྱང་བརྩོན་དང་།རྣམ་ཀུན་མཆོང་རྒྱུ་སོགས་ཕོ་རྩལ་སྣ་དགུའི་དྲག་རྩལ་ལ་སྦྱོང་བརྡར་བྱེད་རྒྱུ།གཙུག་ལག་ཁང་ཁྱམས་རའི་ནང་དུ་སྟོང་མཆོད་བཞེངས་མཁན་བཅས་བྱེད་དགོས།གྲྭ་པ་རྡོབ་རྡོབ་ཀྱི་ལྟོ་ཚང་སྐྱིད་སྡུག་དེའི་ནང་ནས་རྩལ་སྣ་ཁག་ལ་སྦྱང་འབྲས་ཡག་པོ་ཐོབ་པའི་གྲགས་ཅན་རྡོབ་རྡོབ་ཀ་པ་མང་པོ་ཐོན་མཚམས་སུ་སེར་འབྲས་གྲྭ་ཚང་ཕན་ཚུན་ཁ་གཏད་བྱས་ཏེ་པ་རི་ཁུག་ལྷ་ལུང་ཞེས་པར་སློབ་དཔོན་གུ་རུ་པདྨའི་རང་བྱོན་དང་།བུ་མོ་སྤུན་གསུམ་ཞེས་པའི་རང་བྱོན་ཡོད་སར་འབྲས་སྤུངས་ཆབ་རིལ་ཞིག་གིས་རྡོ་ལ་དབྱུགས་པ་ཞུས་པའི་ཤུལ་རྡོ་ལ་ཉག་ཁ་ཡོད་སར་སེར་འབྲས་གཉིས་ཀའི་ཞལ་ངོ་དང་ནང་ཆབ་ལྷན་འཛོམས་ཐོག་འགྲན་བསྡུར་མཆོང་ར་གང་དུ་བྱེད་མིན་སྐོར་ཁ་གཏད་ཕན་ཚུན་ཤོ་བརྒྱབ་སྟེ་ཐག་གཅོད་དགོས།ཤོ་རྒྱན་སུ་ལ་ཐོབ་ཀྱང་དེར་མཆོང་ར་གང་ཁྲིད་ཀྱི་དབང་ཆ་ཡོད།དཔེར་ན་སེར་རར་ཐོབ་ན་མཆོང་ར་འབྲོམ་སྟོད་དང་།འཕན་པོ།སྟག་རྩེ་ཆུ་མདའ་སོགས་ལ་འགྲོ་དགོས།འབྲས་སྤུངས་ལ་ཐོབ་ན་མཆོང་ར་སྟོད་ལུང་སླེ་ཐང་དང་།ཡབ་མདའ།ཆུ་ཤུར་སྙེ་ཐང་སོགས་ལ་འགྲོ་དགོས།མཆོང་ར་གཏན་འཁེལ་བྱུང་རྗེས་ཙེ་ཡིག་ཚང་རྒྱུད་སྲིད་གཞུང་ལ་སྙན་ཞུ་འབུལ་དགོས་པ་དང་།རྡོབ་རྡོབ་སྐྱིད་སྡུག་སོ་སོའི་སྦྱིན་བདག་ལ་ཡང་སྙན་སེང་ཞུ་དགོས།སྲིད་གཞུང་ནས་དེ་དོན་ཆོག་མཆན་ཕེབས་རྗེས་མཆོང་རྒྱག་བཀོད་འདོམས་པར་སྐྱ་སེར་དཔོན་རིགས་ཕྱག་སྦྲེལ་དང་།སྦྱིན་བདག་ཆེ་ཁག་བཅས་ཕེབས་ཏེ་རྒྱལ་ཕམ་དཔང་པོ་གནང་རྒྱུ།འཛིང་རྩོད་ལབ་གླེང་རིགས་མི་འབྱུང་བའི་ཁག་ཐེག་དོ་བརྟན་གྱིས་འབའ་གན་འཇོག་དགོས་པ་དང་།ལྟོ་ཚང་སོ་སོའི་ནང་ནས་མཆོང་རྒྱུག་པ་སུ་དང་སུ་འདོན་དགོས་མིན་བསྟན་སྲུང་ལ་མིང་བྱུང་གཟན་རྟགས་ཕུལ་ནས་གཏན་འཁེལ་བྱེད་དགོས། དེ་ནས་གཏན་འཁེལ་ཟིན་པའི་མཆོང་ར་ཡོད་སར་ཁ་གཏད་ཕྱོགས་གཉིས་དང་།སྦྱིན་བདག་ཕྱོགས་གཉིས།ཞལ་ངོ་ནང་ཆུབ་སྐུ་འཁོར་བཅས་བཞུགས་སའི་དབུ་གུར་རྒྱག་དགོས། ཁ་གཏད་ཕྱོགས་གཉིས་ཀྱི་གཅིག་ནི་སེར་ར་བྱེས་གྲྭ་ཚང་དང་སེར་ར་སྨད་པ།སེར་ར་སྔགས་པ་བཅས་དང་།གཅིག་ནི་འབྲས་སྤུངས་བློ་གསལ་གླིང་དང་།འབྲས་སྤུངས་སྒོ་མང་གྲྭ་ཚང་།འབྲས་སྤུངས་བདེ་ཡང་གྲྭ་ཚང་བཅས་ལམ་གཏོར་རྒྱག་སྐབས་གསེར་ཕྲེང་དར་ཆ་ཁུར་མཁན་གྱིས་ཁ་གཏད་དུ་བཅར་དགོས།དེ་མིན་རྡོབ་རྡོབ་ཀ་པ་ཚོས་ཤེད་རྩལ་གང་ཡོད་ངོམ་དགོས་པའི་གོམས་སྲོལ་ཡོད། མཆོང་རའི་སྐོར་ཞུས་ན།མཆོང་རའི་འོབས་དོང་གཏིང་ཚད་ཀུང་ཁྲེ་གཉིས་ཙམ་དང་།རིང་ཐུང་སྨིས་བཅུ་བཞི་ཙམ།རྒྱུག་ལམ་རྨིས་བཞི་བཅུ་ཙམ་ཡོད་པ།སྨྱང་རིང་ནས་མཆོང་རའི་ཁ་བཀྱག་བར་སིག་འགྲོས་ཀྱིས་གྱེན་དུ་འགྲོ་དགོས་པ།མཆོང་རའི་ནང་མཆོང་རྒྱུག་པ་མི་གསུམ་ཆབས་ཅིག་ཏུ་རྒྱུག་ཆོག འགྲན་བསྡུར་རྣམ་གྲངས་ལ།འཕུར་མཆོང་།བསྐོར་མཆོང་།འདྲིལ་མཆོང་།མདུན་མཆོང་།རྒྱབ་མཆོང་།མཆོང་ཐག་རིང་ཤོས་དང་།ཁུག་ཁུག་དང་།ལ་རྩེ་ཟེར་བ་སོགས་ཡོད།འགྲན་རྩལ་ནང་དུ་ད་དུང་རྡོ་རྩལ་ཡོད་པ་སྟེ།རྐྱང་རྡོ་དང་།རྐུབ་རྡོ།རྒྱབ་རྡོ།འདྲིལ་རྡོལ་སོགས་རྡོ་གཞུ་སྟངས་མི་འདྲ་བ་སྣ་ཁ་བཅུ་གསུམ་ཙམ་ཡོད། འགྲན་རྩལ་ལ་རྒྱལ་ཁ་ཐོབ་མཁན་ཚོར་སྲིད་གཞུང་དང་།གྲྭ་ཚང་།ཁང་མཚན།ལྟོ་ཚང་གི་སྦྱིན་བདག་བཅས་ནས་གཟབ་འཕྱོར་གྱོ ན་ཆས་དང་།རྟེན་འབྲེལ་ཁ་བཏགས་ལ་སོགས་ལེགས་འབུལ་བྱེད་པ།ཤོར་མཁན་རྣམས་ལ་གྲྭ་ཚང་སོ་སོས་ཉེས་ཆད་གཏོང་བ་དང་།མཐའ་མ་རྣམས་ལྟོ་ཚང་ནས་ཕྱིར་ཕུད་བྱེད་པ།འགྲན་རྩལ་གྱི་རྣམ་གྲངས་ཚང་མ་ཤོར་མཁན་ཚོར“ཤ་ལྤགས་གཡོགས་པ”ཞེས་ཐོབ་མཁན་ཚོས་དཔའ་གཏམ་གཏོང་བ་དང་།ཤོར་མཁན་རྣམས་མགོ་བོ་དུད་པའི་ངང་མཆོང་ར་ནས་རང་སར་ལོག་དགོས་པ་བཅས་གཏམ་དོན་གཉིས་མེད་ལ་རྩིས་ཀྱི་ཡོད།
    འགྲན་རྩལ་རྩེར་སོན་པ་རྣམས་ཀྱིས་མཇུག་ཏུ་བཀྲ་ཤིས་ཕྱོགས་རྒྱག་ཅེས་ཁ་གཏད་ཕན་ཚུན་སྤྲོ་བོའི་ངང་ནས་ཕོ་རྩལ་གྱི་རྩེད་སྣ་སྣ་ཚོགས་འགྲན་བསྡུར་བྱས་ཏེ་ཐོབ་ཤོར་དང་རྩོད་གླེང་མེད་པར་མཇུག་སྒྲིལ་གྱི་ཡོད།མཆོང་རྒྱག་དེའི་མིང་ལ་བཀྲ་ཤིས་ཕྱོགས་རྒྱག་ཟེར་བ་དང་།སྲིད་གཞུང་དང་།མང་ཚོགས།གྲྭ་ཚང་།བླ་མ་ཆེ་ཁག་ལས་སྣེ།སྦྱིན་བདག་བཅས་ཀྱིས་བཀྲ་ཤིས་ཕྱོགས་རྒྱག་ཅེས་པ་རྩེད་རྒྱུར་རེ་བ་ནན་གྱིས་འདོན་གྱི་ཡོད།
    གྲྭ་པ་རྡོབ་རྡོབ་ཀྱི་ཆ་ལུགས་ནི།རྣམ་ཀུན་ཤམ་ཐབས་ཐོག་སྣུམ་ཞག་སོགས་ཆེད་དུ་བསྐུས་ནས་དྲེག་པ་ཆགས་ཐབས་བྱེད་པ་དང་ཤམ་ཐབས་ཀྱི་ལྕགས་རི་ཡས་མས་མཉམ་པར་གློད་པ།རྒྱབ་མདུན་སྲུལ་གྱིས་ཁེངས་པར་བྱས།རྣ་བ་གཉིས་ཀྱི་རྒྱབ་ཏུ་ཨམ་སྐྲ་ཟེར་བ་སྐྲ་རིང་པོ་བཞག གདོང་གི་དཔྲལ་བ་དང་།མིག་འོག་འགྲམ་པ་བཅས་ལ་ཀྲེ་ནག་བྱུགས།ལག་གཡས་ཀྱི་དཔུང་འོག་མཚམས་སུ་དར་མཚོན་དམར་པོའི་རྩྭ་སྡོམ་འཛར་ཅན་བཅིངས།ངོ་ནག་འཇིགས་རྔམ་དང་ལྡན་པའི་བཞིན་བསྡུས།སྣ་ལ་ཇ་ཞགས་འོད་དང་ལྡན་པ་བྱུགས།ལག་གཡས་དང་རྐུབ་སྲུལ་མཉམ་དུ་གཡུག་ཅིང་མིག་ལོག་སྐར་མདའ་རྒྱུག་པ་ལྟར་འཕེན་བཞིན་འགྲོ་བ།ཅ་དངོས་མེད་ཀྱང་འབོགས་སྟེང་ཞིག་ཕྲག་པ་གཡོན་པར་འཁུར།
    རྡོབ་རྡོབ་ཀྱི་ལག་ཆ་གཙོ་བོ་ནི།སྒོ་ལྕགས་མེད་པའི་ལྡེ་རྫུས་ལག་པ་ལས་ཆེ་བ་ཞིག་སྐེད་པར་བཏགས།གཞན་ཡང་ཁྱེ་བོ་དང་།མཇིང་གྲི་ཉ་གྲི་རྩེ་ནག་སོགས་རྣོ་ངར་དང་ལྡན་པ་འཁུར་རྒྱུར་དང་དོད་ཤིན་ཏུ་ཆེ།
    རྡོབ་རྡོབ་ཀ་པའི་དྲག་རྒྱན་རྒྱས་ཤོས་ནི་སྨོན་ལམ་ཚོགས་གཉིས་སྐབས་ཞལ་ངོའི་དགེ་གཡོག་རྡོབ་རྡོབ་ཀྱིས་སྤྲོས་པ་སྟེ།ཨམ་སྐྲ་རིང་པོ་རྣ་བ་གཉིས་ཀྱི་རྒྱབ་ཏུ་གློད་པའམ།རྣ་བ་གཉིས་ལ་ལུག་ར་ལྟར་བསྐོར་ནས་འཇོག་པ།སྐེད་གྲི་རིང་པའི་ཤུབས་ལ་གསེར་དངུལ་གྱི་ཚགས་དཀྲོལ་དང་།ཕྲུ་གུའི་ཁུར་ཚུར་ཙམ་གྱི་རིན་ཆེན་བྱུ་རུའི་ཁྲ་རྒྱན་ལྔ་ནས་བདུན་བར་བརྒྱབ་པ།འབར་ཤམ་ཞེས་པའི་ཤམ་ཐབས་ཁ་ནག་གོང་པར་ལྕགས་རི་མེད་པ་ཤིན་ཏུ་ཆེ་བ་སྲུལ་ལྡན་དང་།ཕྲེང་ཐོད་ཅེས་པ་རྡོ་ནག་གི་ཕྲེང་བ་དངུལ་གྱི་བཅུ་ཤད་ཡོད་པ།མདུན་འཛིན་བ་སོའི་ཐོད་སྐམ་ཡོད་པ་སྐེ་ལ་བཏགས།
    མདུན་ཕྱོགས་ཀྱི་སྐེད་པར་འཚོ་གསུམ་དུ་བཀྲམ་པའི་གྲའུ་རྩེ་དམར་སེར་གྱི་སྐེད་རག་སྣེ་འཛར་ཅན།སྟོད་འགག་གི་སེང་གེའི་དཔུང་པ་ཅུང་བརྒྱངས་ཏེ་མཐོ་ཏུ་གཏོང་བ།ལག་ངར་དར་མཚོན་གྱིས་བསྡམས།ཆབ་བསླུག་གི་སྣེ་མོ་ཤམ་ཐབས་ཀྱི་ལྕགས་རི་དང་མཉམ་པ་གཞོགས་གཡོན་དུ་གློད།བ་སོ་དང་རྫུལ་སོགས་ཀྱི་ཐེབ་སྐྲས་དང་བྱུ་རུའི་ཕྲེང་བ་སོགས་གྱོ ན།གདོང་ལ་དྲེག་ནག་བྱུགས་པ།རྣམ་འགྱུར་དྲག་ལ་འཇིགས་ཉམས་ལྡན་པ་ཡོད།།
  • ལེ་ཚན་སྔོན་མ།:སྟོན་པ་གཤེན་རབ་བོད་ཡུལ་དུ་བྱོན་ཚུལ།
  • ལེ་ཚན་རྗེས་མ།:སངས་རྒྱས་ཆོས་ལུགས་སོག་པོའི་ཡུལ་དུ་དར་པའི་ལོ་རྒྱུས་མདོར་བསྡུས།
  • དོ་སྣང་ཆེ་བའི་རྩོམ།