ལེའུ་བདུན་པ། ཕག་གྲུའི་སྲིད་སྐྱོང་དུས་རབས།

ཐུབ་བསྟན་ཕུན་ཚོགས།        2010-09-08

ས་བཅད་གཉིས་པ།   ཕག་གྲུ་སྡེ་སྲིད་སྐབས་ཀྱི་ཁྲིམས་དང་སྒྲིག་གཞིའི་སྐོར། 
གཅིག རྩ་ཁྲིམས་གཏན་འབེབས་བྱས་པ། 
      དུས་རབས་གང་འདྲ་ཞིག་ཡིན་ཀྱང་རྩ་ཁྲིམས་ནི་དབང་སྒྱུར་གྲལ་རིམ་གྱིས་གཞན་ལ་དབང་སྒྱུར་བྱེད་པའི་ལག་ཆ་གལ་ཆེ་ཤོས་ཤིག་ཡིན་ལ།  རྩ་ཁྲིམས་ཀྱི་རྣམ་པ་ལ་བརྟེན་ནས་རྒྱལ་ཁབ་སོ་སོའམ་དབང་སྒྱུར་གྲལ་རིམ་དེའི་སྲིད་དབང་གི་ངོ་བོ་གང་འདྲ་ཞིག་ཡིན་པ་དང༌།  སྤྱི་ཚོགས་བདེ་འཇགས་ཀྱི་རྣམ་པ་གང་འདྲ་ཞིག་ཡིན་པ་མཚོན་ཐུབ།  ས་སྐྱ་པས་བོད་ཡོངས་ལ་དབང་སྒྱུར་བྱེད་པའི་སྲིད་དབང་ཐོར་ཞིག་ཏུ་ཕྱིན་ནས་སྡེ་སྲིད་ཕག་གྲུ་པས་བོད་ལ་དབང་སྒྱུར་བྱེད་པའི་སྲིད་དབང་དངོས་སུ་འགོ་ཚུགས་པ་དང༌།  ཏཱ་སི་བྱང་ཆུབ་རྒྱལ་མཚན་གྱིས་གཏན་འབེབས་གནང་བའི་བོད་ཀྱི་བཅའ་ཁྲིམས་《ཁྲིམས་ཡིན་ཞལ་ལྕེ་བཅོ་ལྔ་》ཞེས་པ་ནི།   《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་》ལས།   དེ་ཡང་དཔལ་ལྡན་ས་སྐྱ་པས་བོད་ཙམ་དུ་མ་ཟད་བོད་ཆེན་པོའི་རྒྱལ་ཁམས་ལ་མངའ་དབང་བསྒྱུར་ནའང༌།  གདུང་རྒྱུད་ཞལ་ངོ་རྣམས་ཐུགས་འདོད་ཀྱི་འཐེན་ཕྱོགས་སོ་སོར་སོང་ཞིང༌།  དཔོན་ཆེན་རྣམས་ཀྱང་ཏིག་མི་ཆགས་པར་སྤོ་ལེན་མང་བ་གོང་མའི་ཁྲིམས་ཀྱང་ཧོར་གྱི་ཤན་ཤོར་པའི་ཧང་ཟོམ་སོགས་ལ་བརྟེན།  ཐང་ལྷོད་དང་མཐོ་དམའ་ཅི་རིགས་པ་དང༌།   ཁྱད་པར་ཧོར་ཁྲིམས་ལ་མི་བསད་ན་སྲོག་ཚབ་ཏུ་སྲོག་གཏོང་བས་མཚོན་པའི་ཁྲིམས་རྣམས་སྡིག་པའི་ལས་ཤས་ཆེ་བར་བརྟེན།  བོད་ཆོས་རྒྱལ་གོང་མའི་ལུགས་སྲོལ་བཟང་པོ་དགེ་བ་བཅུས་གཞི་བཟུང་བ་འདི་ཉིད།  ཏཱའི་སི་ཏུས་གཙོ་བོར་མཛད་པར་བཞེད་དེ།   ཚུལ་དེ་ཉིད་སྒྲུབ་པར་བྱེད་པ་ལ་ཁས་ཞན་རྣམས་ཡལ་བར་དོར་ཅིང༌།  དྲེགས་པོ་རེངས་སུ་བཅུག་པ་མ་ཡིན་པའི་བདེན་རྫུན་ཐང་མར་བརྡལ་ནས།  དཀར་ནག་ཤན་འབྱེད་པའི་ཁྲིམས་ཀྱིས་རྒྱལ་ཁམས་རྒན་མོ་གསེར་ཁུར་ལྟ་བུར་བདེ་བའི་ཆེད་དུ།   དཔའ་བོ་སྟག་གི་ཞལ་ལྕེ།   སྡར་མ་ཝའི་ཞལ་ལྕེ།   སྣེ་མོ་ལས་འཛིན་གྱི་ཞལ་ལྕེ།   ཞུ་བཞེས་བདེན་རྫུན་གྱི་ཞལ་ལྕེ།  བཟུང་བཀྱིགས་ཁྲིམས་རའི་ཞལ་ལྕེ།   ནག་ཅན་ཁྲག་བཅོར་ སྦྱོར་ གྱི་ཞལ་ལྕེ།  དྲན་འཛིན་ཆད་ལས་ཀྱི་ཞལ་ལྕེ།   ཧོར་འདྲ་ཟ་རྐང་གི་ཞལ་ལྕེ།   བསད་པ་སྟོང་གི་ཞལ་ལྕེ།   རྨས་པ་ཁྲག་གི་ཞལ་ལྕེ།  བསྙོན་ཧམ་མནའ་བསྒག་གི་ཞལ་ལྕེ།  ꆡབརྐུས་པ་འཇལ་གྱི་ཞལ་ལྕེ།  ཉེ་འབྲེལ་འབྲལ་བཟླུམས་ཀྱི་ཞལ་ལྕེ།   བྱི་བྱས་བྱི་རིན་གྱི་ཞལ་ལྕེ། 
ནམ་ཕར་ཚུར་གྱི་ཞལ་ལྕེ་སྟེ་བཅོ་ལྔའི་སྒོ་ནས་གཏན་ལ་ཕབ།  དེ་ཡང་མི་སྲུན་ལོག་པར་འཁུ་བའི་དགྲ་སྡེ་ཚར་བཅད་ནས།  ཇུས་དོན་བཞེད་ཐོག་ཏུ་འཁྱོལ་བའི་ཐབས་སུ་དྲག་པོ་དཔུང་གི་སྦྱོར་བ་བཤམས་ཚུལ།  ཚུར་འགེབས་ལ་བཙན་པོའི་རྫོང་ལ་འཁྲ་འཕུར་བྱེད་ཚུལ། 
སྣེ་མོར་མངགས་སླེབས་རྣམས་ཀྱིས་རྣམ་དཀར་གྱི་ལས་ལ་སྤྱོད་ཅིང་ཉེ་འགྱངས་སྤངས་པའི་གཞུང་དོན་གཙོ་བོར་བྱེད་ཚུལ་མི་བསད་ལ་ལན་འཇལ་གྱི་གཉིས་ཕུང་སྡིག་ལས་བྱེད་དུ་མི་འཇུག་པར་སྟོང་སྤྲོད་ལེན་སོགས་ཕྲ་ཞིབ་མཛངས་པའི་བློས་ཁྲིམས་ཀྱི་འཇམ་དར་ཡུག་གཅིག་ཏུ་བརྐྱངས་པའི་འཛུམ་གྱིས་རྫོགས་ལྡན་གསར་པའི་མགྲོན་རིང་ནས་འགུགས་པར་མཛད་དོ།  །  ཞེས་ཁྲིམས་ཀྱི་རྣམ་གྲངས་ཙམ་འཁོད་ཡོད་པ་དང༌།   གཞན་ཡང་གཡུ་འབྲུག་སྒྲོག་པའི་ཞལ་ལྕེ་བཅོ་ལྔ་ཞེས་པ་འདི་ཡང་ངོ་བོ་ཕལ་ཆེར་《ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔ་》དང་འདྲ་བ།   ཕག་གྲུ་སྡེ་སྲིད་གང་རུང་ཞིག་གི་དུས་སུ་ཏཱ་སི་བྱང་ཆུབ་རྒྱལ་མཚན་གྱི་ཁྲིམས་ཡིག་ལ་གཞི་བཟུང་ནས་བཟོ་བཅོས་བྱས་པར་ངེས་པས་འདིར་དཔྱད་གཞིར་བཀོད་པའོ།  །  གཡུ་འབྲུག་སྒྲོག་པའི་ཞལ་ལྕེ་སོ་སོར་བཤད་པ་ལ།  བསད་པ་སྟོང་གི་ཞལ་ལྕེ།   རྨས་པ་ཁྲག་གི་ཞལ་ལྕེ།  རྐུས་པ་འཇལ་གྱི་ཞལ་ལྕེ།   བསྙོན་ཆེན་མནའ་བསྒགས་ཀྱི་ཞལ་ལྕེ།  བྱི་བྱས་བྱི་རིན་གྱི་ཞལ་ལྕེ།   བྱེ་བྲལ་མཐུན་སྡེབས་ཀྱི་ཞལ་ལྕེ།   འགྲོས་འདེད་བུ་ལོན་གྱི་ཞལ་ལྕེ།   དམའ་ཕག་ཡུས་ཀྱི་ཞལ་ལྕེ།    སྤུས་འདོད་ཚོང་གི་ཞལ་ལྕེ།    ལྷག་ཆད་རྩིས་ཀྱི་ཞལ་ལྕེ།    ལ་ལྟག་རྒྱབ་ཀྱི་ཞལ་ལྕེ།     ནམ་ཕར་ཚུར་གྱི་ཞལ་ལྕེ།      དཔའ་བོ་སྟག་གི་ཞལ་ལྕེ།     སྡར་མ་ཝའི་ཞལ་ལྕེ།   ཁྲིམས་འདེགས་བབས་སྙགས་གི་ཞལ་ལྕེ་དང་བཅོ་ལྔ་སྟེ།      རྒྱལ་བློན་གྱི་ཡི་གེ་ལ་ཚད་མ་བྱས་ན་དེ་ཁོ་ན་ལྟར་རོ།  ། 
  • ལེ་ཚན་སྔོན་མ།:བཞི། ཕག་གྲུའི་སྡེ་སྲིད་རིམ་བྱུང་གི་ལོ་རྒྱུས་མདོར་བསྡུས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།