གེ་སར་རྒྱལ་པོའི་རིགས་རུས་ཆོ་འབྲངས་དང་འཁྲུངས་འདས་སོགས་སྐོར་གྱི་དཔྱད་པ་དྲང་སྲོང་དགྱེས་པའི་བདེན་གཏམ

འཇུ་དགོན་སྤྲུལ་གྱིས།        2012-10-09

གེ་སར་རྒྱལ་པོའི་རིགས་རུས་ཆོ་འབྲངས་དང་འཁྲུངས་འདས་སོགས་སྐོར་གྱི་དཔྱད་པ་དྲང་སྲོང་དགྱེས་པའི་བདེན་གཏམ

སྤྱིར་བོད་ཡུལ་འདིར་བཙན་པོ་སྲོང་བཙན་ནས་བཟུང་ལྷ་སྲས་དར་མའི་བར་བཙན་པོ་དག་གི་ལོ་ཟླ་རེ་བཞིན་མཛད་པ་ཅི་གནང་གི་ལོ་རྒྱུས་གསལ་པོར་འབྲི་སྲོལ་ཡོད་པ་ནི་རྒྱུད་གང་གི་གཏེར་ཡིག་དང་སྒྲ་སྦྱོར་བམ་གཉིས་ཐང་ཡིག་སོགས་ཀྱི་དཔོག་ནུས་ལ། བོད་སིལ་བུའི་དུས་ནས་བཟུང་དམ་ཆོས་ཅི་ལྟར་འབྱུང་བའི་ཚུལ་དང་། བླ་མ་རྣམས་ཀྱི་རྣམ་ཐར་འབྲི་བ་ཙམ་ལ། སྲིད་དང་འགྲོ་བའི་ལོ་རྒྱུས་ཞིབ་མོར་བྲིས་པ་ཉིན་སྐར་ལྟར་དཀོན་ཕྱིར། གེ་སར་རྒྱལ་པོའང་ཆོས་རྒྱལ་ཡིན་མོད་མཛད་པ་གཙོ་བོ་སྲིད་ཕྱོགས་ལ་གཞོལ་སྟབས་ལོ་རྒྱུས་གསལ་པོར་ཞིག་མ་བྲིས་པའམ། གལ་ཏེ་ཡོད་ནའང་འཕེལ་རྒྱས་མ་བྱུང་བར་དུས་རིམ་རིང་བོའི་འགྱུར་ལྡོག་ཁྲོད་དམིགས་མེད་དུ་གྱུར་ཏེ་ད་ལྟ་མཐོང་ཡུལ་དུ་མེད་ལ། དམངས་ཁྲོད་ཀྱི་ངག་རྒྱུན་དུ་ཁྱབ་པའི་སྒྲུང་གླུ་དག་ནི་ཞལ་ནས་སྙན་དུ་བརྒྱུད་པའི་གཏམ་རྒྱུད་ཀྱི་ཆུ་ཀླུང་རིང་མོ་ཞིག་ཏུ་གྱུར་ཏེ་བོད་ཀྱི་ཁམས་པའི་གཞུང་ཚུགས་ཞིག་ཏུ་གྱུར། སྒྲུབ་ཚད་རྣམ་དཀར་དུ་རློམ་པའི་སེམས་ཤུགས་ཀྱི་བསྐུལ་ནས་དད་ལྡན་འགས་ཡི་གེར་བྲིས་པ་དང་། ཤིང་སྤར་དུ་བརྐོས་པ། སྐྱོན་སེལ་གྱི་སྲུང་བར་ཀློག་ཅིང་། ཁྱིམ་གྱི་ཕུགས་རྟེན་དུ་འཆང་བ་སོགས་ཀྱི་སྲོལ་ཀ་དར་བ་ལ། ལོ་རྒྱུས་ཀྱི་ཕྱོགས་ལ་ཕྱི་མིག་བལྟས་ནས་ཞུ་དག་དང་། གོང་འོག་གི་ལོ་ཚིགས་བསྒྲིགས་པ་དང་། དུས་རབས་ཀྱི་བསླད་པའི་རྙོག་མ་སེལ་བ་སོགས་ལ་སུས་ཀྱང་མཐོང་ཆེན་མ་བྱས་པར། དམངས་ཁྲོད་ཀྱི་ངག་རྒྱུན། རྒན་པོ་ལོ་རྒྱུས་ཀྱི་ཡོན་ཚད་ཆེར་མེད་པ་དག་གིས་ཡི་གེར་བྲིས་པའི་རྗེས་སུ་ཞུགས་ནས་གང་མཐོང་བདེན་པར་ཞེན་པ་དྲང་སྲོང་གི་གསུངས་ལྟ་བུར་མོས་ནའང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཡིད་བརྟན་ཕེར་བའི་རྒྱལ་རབས་སྨྲ་བ་ལ། སྔ་ཕྱིའི་དུས་བསྒྲིགས་པ་མེད་དུ་མི་རུང་ཞེས་གསུངས་པ་བཞིན་དུ་གླིང་རྗེ་གེ་སར་གྱི་ལོ་རྒྱུས་སྨྲ་བ་ལ། དགོས་ངེས་ཀྱི་གཞི་འཛིན་ས་རིགས་རུས་ཆོ་འབྲངས་གང་ལས་བྱུང་བ་དང་། འཁྲུངས་འདས་ཀྱི་ལོ་ཚིགས་འཁྲུལ་མེད་གཏན་ལ་འབེབས་པ་དང་། དུས་མཉམ་པའི་གདུལ་བྱ་ཐུན་མོང་གི་སྣང་ངོར་མཛད་ཕྲིན་ཅི་གནང་ཞིང་མངའ་ཐང་གི་རྒྱ་ཁྱོན་ཅི་ཙམ་ཡོད་པ་བཅས་ལ་ཞིབ་འཇུག་ཡེ་མི་བྱེད་པར། གཏེར་སྒྲུང་། བརྩམས་སྒྲུང་། པྲ་སྒྲུང་། བབས་སྒྲུང་བཅས་སུ་མིང་བཏགས་པའི་རིགས་པར་དུ་བཀོད་ཅི་ཐུབ་བྱེད་པ་ནི་རྩ་བ་མེད་པའི་ཡལ་ག་ཇེ་མང་དུ་བཏང་བ་ཙམ་ལས་ལོ་རྒྱུས་ལ་ཕན་པའི་དོན་ཆེར་ཡོད་པར་མ་མཐོང་ལ་དེང་དུས་ཀྱི་མཁས་དབང་ཐུབ་བསྟན་ཉི་མ་མཆོག་གི་ཐུགས་རེ་བཞིན། རྩོམ་ཡིག་གི་མེ་ཏོག་ཆར་དུ་བསྙིལ་ན། ལོ་རྒྱུས་ཀྱི་འབབ་སོ་གཅིག་ཏུ་འོང་ཡང་སྲིད་ཕྱིར་འདིར་ཡང་ཅུང་ཟད་དཔྱད་པའི་ལས་ལ་འཇུག་གོ 
དཔྱད་པ་དངོས་ལ་བཞི་ལས།
དང་པོ་རིགས་རུས་ཆོ་འབྲངས་གང་ལས་མཆེད་པ་ལ་རིགས་ཀྱི་ཡབ་ཏུ་གྱུར་པ་དངོས་ནི། གཉན་ཆེན་པོ་སྐུ་ལྷ་གེ་མཛོ་ཡིན་ཏེ། འཁྲུངས་གླིང་ཕལ་ཆེར་མཐུན་པར་འདི་ལྟར་གསུངས་ཏེ། ནག་ཟླའི་ཚེས་བརྒྱད་ཀྱི་ནུབ་མོར་ཡབ་སེང་བློན་དང་ལྷན་དུ་གཟིམས་སའི་རྨི་ལམ་དུ། མི་སེར་པོ་གསེར་གྱི་གོ་ཁྲབ་ཅན་མཛེས་ཤིང་ཡིད་དུ་འོང་བ་ཞིག་བྱུང་ཞིང་བརྩེ་དུངས་འབྲལ་མི་ཕོད་པ་ལྟ་བུ་དགའ་བདེ་བཅས་རང་དང་ལྷན་དུ་ཉལ་བར་རྨིས། ཐོ་རངས་ཁར་སྔ་བླ་མས་རང་གི་མགོ་ཐོག་ཏུ་འཇོག་རྒྱུའི་རྡོ་རྗེ་དེ་འདྲ་བ་གསེར་གྱི་རྡོ་རྗེ་རྩེ་ལྔ་བ་འོད་ཟེར་དང་། འཇའ་ཚོན། མེ་ཟིལ་བཅས་བལྟ་མི་བཟོད་པ་ཞིག་སྤྱི་བོ་ནས་ཐིམ་པས་ལུས་བདེ་དྲོད་ཆིལ་གྱི་སོང་བར་རྨིས་ཏེ་མནལ་སད་པ་དང་། ལུས་སེམས་སྔར་མེད་དགའ་བདེས་ཁྱབ་སྟེ་ཞག་དུ་མའི་བར་ཐ་མལ་གྱི་ཟས་གོས་ལ་ལྟོས་པ་མེད་པ་བྱུང་བར་གདའ་འོ། དེ་སྐབས་མི་གསེར་གྱི་གོ་ཁྲབ་ཅན་གཉན་གེ་མཛོ་དང་། སྐུ་མ་སངས་ནོར་བུ་དགྲ་འདུལ་དེ་ཉིད་དགྲ་ལྷ་ཝེར་མ་རྣམས་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་འབྲལ་བ་མེད་པར། ཀླུ་མོའི་ལྷུམ་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་ཏེ་ཟླ་དགུ་དང་ཞག་བརྒྱད་ཀྱི་བར་ལྷུན་གྲུབ་མཉམ་པ་ཆེན་པོའི་ཏིང་ངེ་འཛིན་གྱི་ཟག་མེད་ཀྱི་བདེ་བ་ལ་རོལ་ཏེ་བཞུགས་སོ། ཞེས་གསུངས་པ་དང་། ལྷ་སྲས་ཐོས་པ་དགའ་བའི་གླུ་ལས། བོད་མགོ་ནག་རུས་པས་མགོ་རྣ་འཚོ། ལྷོ་སྤྲིན་དོགས་ལ་མི་ལྷུང་སྟེ། རུས་རྒྱུ་ཅན་གྱི་ཕ་ཁྱིམ་ལ། ཕ་ཡབ་གཉན་ནས་ཆེད་ལེ་དགོས། ཞེས་གསུངས་པ་དང་། མཁས་པའི་དབང་ཕྱུག་སུམ་པ་པ󰭷་ཏའི་དྲིས་ལན་ལས། ཁ་ཅིག་གི་གཞི་བདག་ཞིག་གི་བུ་ཡིན་ཟེར་བ་སོགས་ཡོད་པ་དེ་གསུངས་པ་བཞིན་རྗེ་ཁོང་ནི་མི་མིན་སྡེ་བརྒྱད་ཀྱི་འཕྲུལ་སྲས་ཡིན་པར་ཐེ་ཚོམ་ཅི་ཡང་མེད་དོ། འོ་ན་དེ་ལྟ་བུས་འཛམ་གླིང་རྒྱལ་པོའི་ཕ་ཡབ་ཏུ་གྱུར་པའི་གཞི་བདག་དེའི་གནས་ཡུལ་ཅི་ལྟར་ཡོད་སྙམ་ན། ཧོར་འདུལ་ལས། གེ་མཛོའི་རི་དམར་དབང་ཞུ་དེ། ཕ་བླ་མས་པད་ཞྭ་མནབ་འདྲ་ལ། པད་ཞྭ་དར་གྱི་བརྒྱན་འདྲའི་རི། ཞེས་བཤད་པ་ལྟར། རི་དམར་པོ་དབང་མདོག་ལ་མདུན་ནས་བལྟས་ན་ཨོ་རྒྱན་པད་ཞྭའི་དབྱིབས་སུ་ཡོད་པའི་རྫ་རི་ལྷུན་ཆགས་པ་ཞིག་ཡོད་དེ། ཨོ་རྒྱན་མཆོག་གྱུར་གླིང་བའི་བཀའ་བསྡུས་དཔག་བསམ་ལྗོན་ཤིང་ལས་ཀྱང་དབང་ཞུ་དམར་པོར་ལྷ་བཙན་དམ་ལ་བཏགས་ཞེས་གསུངས། གླིང་རྗེའི་རྒྱལ་ས་བཞེས་རྗེས་ཙམ་ལ་རླངས་སྟོན་ཨ་མི་བྱང་ཆུབ་འདྲེ་བཀོལ་ཉིད་རྒྱ་ནག་ཏུ་བྱོན་ལམ་གེ་མཛོའི་རི་དམར་དབང་ཞུའི་མགུལ་གྱི་རི་ཁྲོད་དུ་བྱོན་ནས་གེ་སར་ལ་ཚེ་དབང་གནང་ཞིང་ལུང་བསྟན་གསུངས། གླིང་རྗེའི་སྲིན་བེལ་དང་། སྲིན་རལ། སྲིན་རྟ་སོགས་འབུལ་བ་ཕུལ། ཕྱིས་སུ་རི་བོའི་ཕོ་བྲང་རི་ཁྲོད་ཞེས་སྒྲུབ་སྡེ་ཆུང་ངུ་ཞིག་ཡོད་པར་ཕྱོགས་ཀྱི་སྐྱེས་ཆེན་དུ་མའང་ཕེབས་ཏེ་ཆོས་འཁོར་བསྐོར་ཡུལ་བྱས། ༡༩༥༩ལོར་སྒྲུབ་སྡེ་སྟེང་ཡོང་ད་རུང་ཤུལ་གསོར་ཡོད། གེ་སར་མ་འཁྲུངས་འགོག་གླིང་འཁྲུག་སྐབས་ཁྲོ་ཐུང་གི་འགོག་ལ་མདའ་ཡིག་འཕེན་ཡུལ་ཡང་རི་འདིའི་མགོར་ཡིན་པར་བཤད། རི་འདི་དང་ཤད་ཉེ་ཟེ་བར་མ་ནིའི་རྡོ་འབུམ་ཆེན་པོ་ཞིག་ཡོད་པའི་ལོ་རྒྱུས་རྡོ་ལ་བརྐོས་པར་ཡང་དང་པོ་ཨ་ཁུ་ཁྲོ་ཐུང་གི་བཞེངས་པར་བཤད་ལ། ད་ལྟ་ཡོངས་གྲགས་སུ་མ་ནི་དེ་ལ་གསང་གི་མ་ནི་ཞེས་འབོད། གཞི་བདག་འདིའི་སྐུ་མདོག་ཏུ་ཕྱག་མཚན་སོགས་ཅི་ལྟར་ཡོད་པའི་ཚུལ་ནི། མཁས་གྲུབ་མི་ཕམ་ཕྱོགས་ལས་རྣམ་པ་རྒྱལ་གྱི་རི་དམར་དབང་ཞུའི་བསང་མཆོད་བསམ་འགྲུབ་དབང་གི་ནོར་བུ་ལས་འདི་ལྟར་གསུངས་ཏེ། མདུན་དུ་བཀོད་ལེགས་ནོར་བུའི་ཕོ་བྲང་དབུས།། ཡེ་ཤེས་རང་སྣང་ལྷ་རྩེ་དགྱེས་པའི་གར།། བཞིན་ལེགས་འོད་འབར་ཉ་རྒྱས་ཟླ་ལྟར་འཚེར།། རྗེས་ཆགས་ཐུན་མཚམས་དམར་འོད་གཟོ་བྱིན་ངོམ།། ཕྱག་གཡས་འགུགས་བྱེད་རྡོ་རྗེའི་མདུང་དམར་ལ།། ལེབ་རྒན་དར་གྱི་ཅོད་པན་གློག་ལྟར་གཡོ།། གཡོན་པས་འདོད་འབྱུང་བསམ་འཕེལ་ནོར་བུ་དང་།། ཡིད་བཞིན་དབང་བསྒྱུར་ཞགས་པ་དམར་པོ་འཛིན།། ཕུན་ཚོགས་དྲི་བསུངས་འཕྲོ་བའི་མེ་ཏོག་དང་།། མངོན་དགའ་རིན་ཆེན་དོ་ཤལ་དུ་མས་མཛེས།། སྲབ་འཇམ་ལྷ་རྫས་ན་བཟའ་བརྩེགས་མར་གསོལ།། ཡིད་འོང་རྫུ་འཕྲུལ་རྟ་ཡི་སྟེང་ན་འགྱིངས།། ཞེས་གསུངས་པ་བཞིན་ནོ། གནས་རི་འདི་དང་འབྲེལ་བའི་རྗེས་ཤུལ་དག་ལ་གཟིགས་འདོད་ན་རྫ་ཆུ་ཁའི་འཇུ་སྙིང་ཤང་དུ་འོང་ན་མཇལ་ཐུབ་ལ། གནས་རི་ལ་ནི་གོང་གསལ་ཁྱད་ཆོས་དུ་མ་འཛོམས་པའི་དཔལ་གྱི་བརྗིད་ཅིང་ལྷུན་ཆགས་པར་ཡོད་དོ། རུས་ཡབ་ནི་སེང་བློན་ཡིན་ལ་དེའི་ཕ་མྱེས་ཀྱི་བྱུང་བ་ནི། ཨོ་རྒྱན་པད་མ་ཐེག་མཆོག་གི་ཕྱོགས་བསྒྲིགས་མཛད་པའི་འཁྲུངས་གླིང་པད་མ་དཀར་པོ་ཞེས་གནའ་བོས་དུས་ཀྱི་ཡིག་རྙིང་ཞིག་ཡོད་པ་ཁུངས་བཙན་པར་སྙམ་ནས་དེ་ལས་བྱུང་བ་ལྟར་འབྲི་བ་བྱས་སྟེ། བོད་མི་འུ་གདོང་དྲུག་ཏུ་གྲགས་པའི་ནང་ནས་ཨ་སྤོ་ལྡོང་། དེ་ལ་དཀར་པོ་ལྡོང་། ནག་པོ་ལྡོང་། ཁྲ་བོ་ལྡོང་། སྨུག་པོ་ལྡོང་བཅས་སུ་གྱེས་པའི་ནང་ནས་སྨུག་པོ་གདོང་གི་རྒྱུད་པ། ཡར་རྗེ་དོན་འགྲུབ་ཟེར་བ་དེ་ལས་ཀྱི་དབང་གིས་ཡུལ་སྡེ་དང་འཁོན་ནས་ཁོ་བྱང་ཡུལ་རྫ་ཆུའི་འབབ་རྒྱུད་དུ་འཁྱམས་ནས་ན་བ་གཡང་འཁྱིལ་ཟེར་བར་ཐོན་པ་ན། དེ་ན་ན་བ་ཕྱུག་པོ་ཚང་ཟེར་བའི་ཁྱིམ་ཚང་ཞིག་ཡོད་པ་དེར་བསྡད། ལོ་ཤས་ན་ཁྱིམ་ཚང་དེ་ལ་བཀྲ་ཤིས་གཡུང་དྲུང་མཚོ་བྱ་བའི་བུ་མོ་ཞིག་ཡོད་པ་དང་གཉེན་སྦྲེལ། བུ་ཞིག་སྐྱེས་པ་ལ་ར་ཁྲ་སྒམ་པོར་བཏགས། བུ་དེ་ནི་དཔའ་འཛངས་རྟུལ་ཕོད་སོགས་འགྲན་ཟླ་མེད་པ་ཞིག་བྱུང་ནས་ཉེ་སྐོར་གྱི་ཚོ་པ་འགའི་དཔོན་དུ་གྱུར། དེའི་རྒྱུད་པ་ལ། རུ་ཁྲ་སྒམ་པོ་ཟེར་བ་བྱུང་། དེའི་བུ་ལ་ར་ཚ་སྒམ་པོ་ཟེར། དེ་ལ་བུ་གསུམ་བྱུང་བའི་ཆེ་བ། ཆོས་ལ་འཕེན། འབྲིང་བ་བླ་མ་འཕེན། ཆུང་བ་ཆོས་འཕེན་ནག་པོ་གསུམ་བྱུང་བའི།

གེ་སར་རྒྱལ་པོའི་རིགས་རུས་ཆོ་འབྲངས་དང་འཁྲུངས་འདས་སོགས་སྐོར་གྱི་དཔྱད་པ་དྲང་སྲོང་དགྱེས་པའི་བདེན་གཏམ
 

ཆུང་བས་རྫ་རྡོ་རྗེ་འཕེན་ཕྱུག་གི་སྲས་མོ་གསུམ་འདུན་མ་བླངས་ཏེ་ཁྱིམ་དུ་ལོག་པའི་ལམ་བར་ནས་ལུང་པ་གསུམ་གྱི་མདོ་ནས་ཇ་བསྐོལ་ཏེ། བུ་གསུམ་ལ་ཁྱེད་གསུམ་ལ་མིང་རེ་འདོགས་དགོས་པས་ལུང་པ་གསུམ་ལ་སོ་སོར་སོང་ལ་ཅི་རྙེད་པ་ཁྱེར་ཤོག་དང་རྟེན་འབྲེལ་དང་མཐུན་པའི་མིང་རེ་འདོགས་སྨྲས་པ་བཞིན། བུ་ཆེ་བ་ལུང་པ་གོང་མར་སོང་བས་གསེར་གྱི་མཆོད་རྟེན་རྙེད་པ་ལ། བུ་མོར་གསེར་གཟའ་མ་བཏགས། ལུང་པ་ལ་གསེར་ལུང་བཏགས། བུ་མོ་འབྲིང་བས་འོ་བུ་ཆག་གཅིག་རྙེད་པ་ལ། འོད་གཟར་བཏགས། ས་ལ་འོད་གཞུང་བཏགས། བུ་མོ་ཆུང་བས་སྤྱང་ཀིའི་རྔ་མ་རྙེད་པས། སྤྱང་གཟའ་བཏགས། རྙེད་སའི་ལུང་པ་ལ་སྤྱང་ཚང་ཞེས་བཏགས། ཁོང་གསུམ་ལ་བུ་གསུམ་རེ་སྐྱེས་པ་ལ། གསེར་བུ་ལྷ་ཡག་དར་དཀར། འོམ་བུ་སྤྱང་ཁྲིད་དཔའ་རྒྱལ། སྤྱང་བུ་དགྲ་རྒྱལ་འབུམ་མོ་གསུམ་གྱི་རྒྱུད་ལ་གླིང་ཆེ་འབྲིང་ཆུང་གསུམ་གྱི་མི་རྒྱུད་ཆད། དེ་ལས་ཆུང་རྒྱུད་ནི་དགྲ་རྒྱལ་འབུམ་མོའི་སྲས། ཐོག་ལྷ་འབུམ། དེས་སྲས་ཆོས་ལ་འབུམ། དེས་རོང་གཟའ། སྒ་གཟའ། རྨུ་གཟའ་གསུམ་ཁབ་ཏུ་བཞེས་པའི་སྲས། རོང་གཟའ་ལ་སྤྱི་དཔོན། སྒ་གཟའ་ལ་གཡུལ་རྒྱལ་བྱུང་བ་ཧོར་ལ་ཤོར། རྨུ་གཟའི་བུ་ལ་སེང་བློན་དང་ཁྲོ་ཐུང་བཅས་བྱུང་བ་ལས། སེང་བློན་ནི་འཛམ་གླིང་རྒྱལ་པོའི་རུས་ཡབ་ཡིན་པར་ལོ་རྒྱུས་ཐམས་ཅད་ཞལ་མཐུན་པ། སྤྱི་དཔོན་ནི་བློ་རིག་དང་ཐབས་ཤེས་བྱམས་སྐྱོང་སོགས་གཞན་འགྲན་མེད་པའི་ཁྱད་ཆོས་ལྡན་ཕྱིར་རུས་ཆུང་རྒྱུད་དུ་གཏོགས་ཀྱང་གླིང་སྤྱི་ཡི་དཔོན་དུ་བསྐོས། རྨ་རྫ་གཉིས་ཀྱི་བར་སྒང་། ཁྲ་སྟོད་དུ་ས་བཟུང་། ཁྲ་མཁར་གནམ་རྫོང་ཕྱུག་མོ་ཞེས་པའི་ཕོ་བྲང་བརྩིགས། དོན་གལ་ཆེན་གྱི་གླིང་སྡེ་འདུལ་ར་བསྡུས་དགོས་ཚེ་ཡག་ཉེས་ཉི་ཟླ་ཁ་མདོར་འཛོམས་རྒྱུ་བྱས་པ་སོགས་སྒྲུང་དཔེ་ཚད་ལྡན་ཁག་ཏུ་གསལ་བར་མ་ཟད། ད་ལྟའང་ཁྲ་མཁར་གནམ་རྫོང་གི་ཤུལ་དང་། ཁྲ་རྒན་གྱི་སྡེ་ལྷག་ཡོད་པ་ལ་ཨ་མྱེ་ཚེ་བར་དང་མིང་མ་འགྱུར་བར་ཡོད་ལ་དེ་དང་མི་རིང་བའི་བ་རྟོད་དགོན་གྱི་ཉེ་འདབ་ཏུ་སྐྱ་ལོ་སྟོན་པའི་སྦྲ་ཤུལ་དང་། སྐྱ་ལོའི་སྒར་མ་ལུང་། རྭ་ལུང་། བོང་ཤུར། འབྲུག་མོའི་རྭ་རབ། མིག་མང་ལུང་བ་ཞེས་པར་གེ་སར་དང་འབྲུག་མོའི་རྩེ་མོ་རྩེ་ཡུལ་མིག་མང་རྡོ་ལ་བརྐོས་པ་བཅས་མངོན་སུམ་དུ་ཡོད་པ་བཅས་འདི་དག་ནི་ཁར་ལ་འོང་བའི་བདེན་དཔང་གསོན་པོ་ཞིག་ཡིན་ནོ། ཆོ་འབྲང་ནི་ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི་སྲས་མོ་སློབ་དཔོན་པད་མ་འབྱུང་གནས་ལ་ཕུལ་བ། འགོག་ར་ལོ་སྟོན་པ་རྒྱལ་མཚན་ལ་བཅོལ་བ། ལས་སྐལ་དུས་བབས་ཀྱི་གླིང་ལ་ལོན་པ་སེང་བློན་གྱི་མོ་ཡོན་དུ་ཐོབ་སྟེ་ཆུང་མར་བླངས། འོན་ཀྱང་ཆེན་མ་རྒྱལ་གཟའ་ལྷ་དཀར་དང་ཁྱིམ་གཅིག་ཏུ་མ་མཐུན་པར་ཁྱིམ་ཆུང་ཞིག་ཏུ་ཟུར་སྡོད་བྱས་ཡོད་ཚེ་གེ་སར་འཁྲུངས་པ་ཡིན་ལ། འགོག་ཡུལ་དེ་ད་ལྟ་གསལ་པོ་ཞིག་གར་ཡོད་མི་ཤེས་ཀྱང་། ཁྲོ་ཐུང་གི་མདའ་ཡིག་འཕེན་ཕྱོག་དང་རུ་འགྲོ་ཚེ་བྱང་ཕྱོགས་སུ་སོང་ན་ཧོར་གྱི་སྡེ་མཚམས་རྨ་ཤོད་དུ་ཞེས་པ་བཅས་ལ་དཔྱད་ན་ཕལ་ཆེར་དུ་སྙི་སྟོད་དམ་སྒོ་སྟོད་ཕྱོགས་སུ་ཡོད་དམ་སྙམ། འདི་ལྟ་བུ་མི་དང་མི་མིན་འབྲེལ་བའི་ལོ་རྒྱུས་དག་ལ་བློ་ཆུང་འགའ་རེས་རྫུན་གཏམ་ལྟ་བུར་བརྩི་མོད། སྔོན་དུས་སུ་འཕགས་བོད་རྒྱ་ནག་གི་ཡུལ་གྲུ་དུ་མར་དངོས་སུ་བྱུང་མྱོང་བ་མ་ཟད། ཉེ་དུས་སུ་ཡང་མང་དུ་ཡོད་པས་མིག་རྒྱ་བསྐྱེད་དེ་གུ་དོགས་ཀྱི་བསམ་བློ་འདོར་བར་རིགས་སོ།
གཉིས་པ་འཁྲུངས་འདས་ལ་ལོ་ཚིགས་འཁྲུལ་མེད་གཏན་ལ་འབེབས་པ་ལ་སྤྱིར་འདས་ཟིན་པའི་ལོ་རྒྱུས་དག་ལ་དཔྱོད་པ་ན། དུས་སྐབས་དེའམ་དེ་དང་ཉེ་བར་བྲིས་པའི་ལོ་རྒྱུས་དངོས་མ་དག་ཁུངས་སུ་ཆེ་བ་ལས། དེ་རིགས་མེད་ན་གཞན་འདས་ཟིན་པའི་བྱ་བ་དག་ཅི་ལྟར་མཁས་ཀྱང་ཤེས་པའི་ཐབས་མེད་ལ། དུས་སྐབས་དེར་འཚོ་བའི་མི་དག་གི་བྲིས་པ་ལ་ནི་མཁས་བླུན་སུས་བྲིས་ཀྱང་ཤིན་ཏུ་འཁྲུལ་མེད་དུ་འོང་སྟེ། དབང་པོའི་མངོན་སུམ་ཡིན་པའི་ཕྱིར་རོ། དེས་ན་གླིང་རྗེ་ཉིད་ཞལ་ཞུགས་ཀྱི་སྐབས་སུ་བྲིས་ངེས་པ་ཡིན་པའི་ལོ་རྒྱུས་ད་ལྟ་དངོས་སུ་བལྟ་རྒྱུ་ཡོད་པ་ནི་རླངས་ཀྱི་པོ་ཏི་བསེ་རུ་གཅིག་པུར་ངེས་ལ། དེ་ནི་ཁུངས་སུ་ཆེ་བའི་རྒྱུ་མཚན་ཡང་མང་དུ་མཐོང་སྟེ། ༡.རླངས་སྟོན་ཨ་མི་བྱང་ཆུང་འདྲེ་ཁོལ་དང་གེ་སར་གཉིས་དུས་ཚོད་གཅིག་གི་མི་ཡིན་པར་མ་ཟད་བླ་སློབ་ཀྱི་འབྲེལ་བ་དམ་པོར་ཡོད་པར་བཤད་པ་དང་། ༢.གཟུར་གནས་མཁས་པའི་དབང་པོ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་ཞལ་རྒྱུན་འབྲུག་ཁམས་སྤྲུལ་གྱི་ཟིན་བྲིས་བཏབ་པ་ལས། རླངས་སྟོན་གྱི་གཏེར་གྱི་ཁ་བྱང་ཡོད་པ་རྣམས་རྒྱལ་པོ་གེ་སར་ལ་སྤྲད་དེ། གེ་སར་གྱི་གཏེར་ནས་བཞེས་པའི་ཐུགས་དམ་པོ་ཏི་བསེ་རུ་ཉིད་སྣེ་གདོང་གོང་མ་རིམ་བྱོན་ཐུགས་དམ་མཛད་པ། ཕྱིས་སྣེ་གདོང་གོང་མ་རབ་ཆད་པའི་དུས་བདག་མེས་རྗེ་དྲུང་རིན་པོ་ཆེན་ལ་ཕུལ་བ་ད་ལྟ་གར་ཡོད་རྩད་མ་ཆོད་ཅེས་གསུངས་ཤིང་ཟླ་མེད་པའི་ལོ་རྒྱུས་ཀྱི་ཁུངས་སུ་བསྒྲངས་པ་དང་། ༣.རླངས་སྟོན་ཉིད་ཀྱི་རང་སྲས་མདོ་བ་ཞྭ་ནག་ཅན་ལ་བརྒྱ་འབུལ་བཅུ་གསུམ་གྱི་མགོར་པོ་ཏི་འདི་ཉིད་བྱིན་པ་དང་། ཁོང་གི་མཆེད་གཉིས་དང་བཅས་པས་འདིས་གཙོས་གཏེར་རྫས་རྣམས་རྟ་ཤོད་ལྷ་ཁང་ཆོས་རྟེན་ཐུགས་རྗེའི་གླིང་གི་ཀ་བ་ལ་ཁོལ་དུ་བྲིས་ནས་ནང་དུ་བཞག་ནས་ཡི་དམ་དུ་མཆོད་པ་ཕུལ་ཞིང་མི་རྒྱུད་རིམ་བྱོན་དག་གིས་ཀྱང་ཤིན་ཏུ་གཅེས་པར་བཟུང་སྟེ་གཞན་ལ་མིག་ཡོལ་བའི་དམ་བཅས་ཏེ་ལྟ་གཟིགས་མདོ་བའི་རྒྱུད་ཀྱི་ཁྱད་ནོར་ཞིག་ཏུ་བརྩིས་ནས་བཅོས་བསྒྱུར་མེད་པར་དང་བར་གནས་ཐུབ་པ་འདི་ལས་ཁུང་ཐུབ་ཅིང་གཞན་གང་དུའང་མེད་དོ།
  ད་ནི་དཔྱད་པ་དངོས་ལ་བཞུག་སྟེ། དེ་ལྟ་བུའི་དཔྱད་གཞིའི་རིན་ཐང་བླ་ན་མེད་པའི་ཡིག་ཆ་འདིར། གེ་སར་དང་འབྲེལ་བའི་ལོ་རྒྱུས་སྐོར་གསུམ་འབྱུང་བ་ལས།
  དང་པོ། དེ་ནས་ཁོང་ནི་ཤར་དུ་བྱོན། གེར་མཛོའི་མགུལ་དུ་བྱོན་པ་ལ། གླིང་རྗེ་གེ་སར་གྱིས། སྲིན་གྱི་ནོར་ནག་པོ་ཐོགས་དགས། སྲིལ་རལ་ཁྲ་བོ་སྲིན་རྟ་ནག་པོ་གསུམ་ཕུལ་ནས་མི་འཆིའི་ཚེ་དབང་ཞིག་ཞུས། ངས་འདུག་པའི་ལྷ་འདྲེ་འདུལ་བ་ལ། ཁྱེད་ཀྱིས་བདག་གི་ལུས་སྐྱོབ་མཛོད་ཟེར་ནས། ཁོང་གི་ཞལ་ནས། ཁྱེད་འཆི་བའི་དུས་ལ་བབ་པ་ལ།། རང་རེས་འབད་ཀྱང་ཅི་ལ་བརྟེན།། བདུད་ཀྱི་བར་ཆད་མི་འབྱུང་བ།། རྣ་འབྱོར་བདག་གིས་སྲུང་མ་བྱེད།། ལོ་ནི་བརྒྱད་ཅུ་རྩ་བརྒྱད་བར།། སྐྱེས་བུ་ཁྱེད་ཀྱི་ཚེ་ཚད་ཡིན།། དེར་ཁོང་ལ་སྦོལ་རའི་མགོ་བྱས་པའི་མདོ་ཁམས་ཀྱི་ལྷ་འདྲེ་ཐམས་ཅད་ཀྱིས་བསུ་བ་བྱས་ནས། རྒྱ་ནག་རི་བོ་རྩེ་ལྔར་བྱོན་ཞེས་གསོལ་བ་ཡིན་ལ། གེ་སར་དགུང་ལོ་བཅུ་གཉིས་པར་རྟ་རྒྱུག་གིས་གཏང་མ་བླངས་ཤིང་རྒྱལ་སར་བཞུགས་དུས་གེ་སར་ཞེས་མཚན་གསོལ་བ་ཡིན་ལ། དེ་ཡན་ཇོ་རུ་ཞེས་འབོད་པ་ལས་གེ་སར་མི་ཞུ་བས་ན་གླིང་རྗེས་རྒྱལ་སྲིད་ལ་དབང་བསྒྱུར་ནས་མི་འགྱངས་བའི་དུས་ཤིག་ཡིན་པས་རིག་པས་འགྲུབ་ལ། ཁོང་རྒྱ་ནག་ཏུ་ལོ་དུ་བཞུགས་གསལ་ཁ་མེད་མོད། ཁོང་རྒྱ་ནག་ནས་ཡར་ལ་གེ་སར་གྱིས་གདན་འདྲེན་ཞུས་ཚུལ་དུམ་བུ་གཉིས་པར་བཀོད་ཁྲོ་འོག་ཏུ་གསལ་ཞིང་། དེ་དུས་ཀྱི་དཔའ་ཐུལ་རྣམས་ཀྱི་འབུལ་ཐོའི་ནང་རྒྱ་ཚའི་མཚན་འཁོད་པར་གཞིགས་ན་ཧོར་གླིང་མ་འཁྲུག་སྐབས་དཀྲོང་བ་ལོ་རྒྱུས་ཐམས་ཅད་ཞལ་མཐུན་ཕྱིར། རླངས་སྟོན་ཐེངས་གཉིས་པ་བྱོན་སྐབས་བོད་ཀྱི་རབ་བྱུང་གོང་གི་དྲུག་ཅུ་སྐོར་དེས་ཆུ་གླང་སྤྱི་ལོ༡༠༡༣ཡས་མས་སུ་ཁེལ་ཞིང་རྒྱ་ནག་ནས་ལོ་གཅིག་གཉིས་ཙམ་ལས་ཡུན་རིང་མ་བཞུགས་པ་གསལ་ཕྱིར། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་རབ་བྱུང་བཅུ་བཞི་བའི་ཤིང་གླང་སྤྱི་ལོ༡༨༦༥ལ་བརྩམས་པའི་མདོ་སྨད་ཆོས་འབྱུང་ལས་གསུངས་པ་འདི་ལྟར། དེ་ཡང་སྔོན་རྨ་འགྲམ་སྟོད་ཀྱི་ས་ཐམས་ཅད་ལ་གླིང་གེ་སར་རྒྱལ་པོས་དབང་བསྒྱུར། དེ་ཉིད་ཀྱི་འཁྲུངས་ལོ་ལྕགས་བྱི་དང་ཆུ་སྦྲུལ་ལ་འདོད་མཁན་གཉིས་སྣང་བ་གང་ཡིན་ཡང་རབ་བྱུང་དང་པོ་ཚུགས་ཁ་མའི་དྲུག་ཅུ་སྐོར་དེར་གཏོགས་ལ། རླང་བྱང་ཆུང་འདྲེ་བཀོལ་དང་། སྨྲི་ཏི་ཛྙྰ་ན་ཀིརྟི་སྤྱན་དྲངས་ཏེ་ཆོས་ཞུས་པ་དང་། གཙུག་ལག་ཁང་བཞེངས་པར་བཤད་པས་ཀྱང་ཤེས་ནུས་ཞེས་སྒྲུབ་བྱེད་ནུས་ལྡན་བཀོད་པ། རིམ་ལྔ་གསལ་སྒྲོན་ལས། སྨྲི་ཏི་ནི་ན་རོ་པ་དང་ཡེ་ཤེས་སྙིང་པོ་གཉིས་ཀའི་སློབ་མ་ཡིན་པར་གསུངས་པ་དང་། དེབ་སྔོན་ལས། འབྲོམ་སྟོན་པས་སྨྲི་ཏི་ལས་ལོ་ཙ་བསླབ་པར་གསུངས་བ་བཅས་གུང་སྒྲིགས་ན་མདོ་སྨད་ཆོས་འབྱུང་ལས་གསུངས་པའི་ལོ་ཚིགས་ཕལ་ཆེར་རྣམ་དག་ཏུ་ཁས་བླངས་ཆོག་ལ། དེ་ལས་ཀྱང་རབ་བྱུང་མ་ཚུགས་གོང་གི་ལྕགས་བྱི་སྤྱི་ལོ༡༠༠༠ལ་འཁྲུངས་ཚུལ་དེ་ནི་ཆོས་སྙིང་མའི་སྒྲུང་དཔེ་ཧོར་གླིང་གཡུལ་འགྱེད་དང་བདུད་འདུལ་བཅས་ལ་ཤུགས་ཀྱིས་འགྲིགས་པ་སོགས་རྒྱུ་མཚན་དུ་མ་ཡོད་ལ་གཞན་ཡང་བསྟན་འགྱུར་གྱི་སྒྲ་རིག་པའི་སྡེ་ཚན་ནང་དུ་བཞུགས་པའི་དག་ཡིག་སྨྲ་སྒོ་མཚོན་ཆ་ལས། རྒྱ་གར་གྱི་པ󰭷་ཏ་ནོར་བཟང་གྲགས་པས་ཙན་དྲ་བྱ་ཀ་ར་ནའི་ཡན་ལག་རབ་ཏུ་བྱེད་པ་སྨྲ་སྒོ་མཚོན་ཆ་ཞིག་བརྩམས་པ་ལས་འདི་དང་དཔལ་ལྡན་ན་རོ་པ་གཉིས་ཀྱི་སློབ་མ་པཎྜི་ཏ་སྨྲི་ཏི་ཛྙྰ་ན་ཀི་རྟི་དྲན་པའི་ཡེ་ཤེས་གྲགས་པ་བོད་དུ་ཕེབས་ནས་འབྲོམ་སྟོན་པ་དང་། གླིང་གེ་སར་རྒྱལ་པོའི་སློབ་དཔོན་མཛད་པ་ཞེས་གསུངས་པ་དང་དེབ་སྔོན་ལས་བཤད་པ་མཚུངས་ལ། འབྲོམ་ཁམས་སུ་བཞུགས་དུས་ནི་རབ་བྱུང་གོང་གི་ལྕགས་སྤྲེལ་སྤྱི་ལོ༡༠༢༠དང་རབ་བྱུང་དང་པོའི་ས་ཡོས་སྤྱི་ལོ༡༠༣༩བར་ཡིན་ལ་དེ་དུས་གླིང་རྗེ་ཡང་དགུང་ལོ་གཞོན་དུས་ལ་ཁེལ་ཡོད་པས་ལོ་རྒྱུས་བདེན་པའི་ངོ་བོ་མཐོང་རྒྱུ་ཡོད་ལ། སློབ་དཔོན་ནི་རིག་གནས་སློབ་པ་པོའི་མིང་དུ་གོ་ནས་ཆོས་འབྲེལ་ཞུ་པའི་བླ་མ་དང་ཁྱད་པར་ཡོད་ལ་ཆོས་ཞུས་པར་ཡང་བཤད་ཕྱིར་དགེ་རྒན་དང་བླ་མ་གཉིས་ཀར་ཡང་འབྲེལ་ཡོད་པ་འདྲའོ། གཞན་མཁས་པའི་དབང་ཕྱུག་ཚེ་ཏན་ཞབས་དྲུང་མཆོག་གི་ཡང་བསྟན་རྩིས་ཀུན་བཏུས་ལས་འདི་ལྟར་གསུངས་ཏེ། རབ་བྱུང་དང་པོའི་གོང་གི་དྲུག་ཅུ་སྐོར་འདིས་དཀྱིལ་དང་པཎྜི་སྨྲི་ཏི་ཛྙྰ་ན་ཀིརྟི་རྒྱ་གར་ནས་བོད་དུ་ཕེབས་སྟེ་བཞུགས་པའི་སྐབས་སོ། ཞེས་གསུངས་པ་བཅས་ཀྱིས་ཀྱང་ལྕགས་བྱི་ལ་འཁྲུངས་ཚུལ་འདི་ཡང་དག་ཏུ་གྲུབ་པ་སྨོས་ཅི་དགོས། དེས་ན་ལོ་རྒྱུས་ཐམས་ཅད་གུང་འགྲིགས་པའི་དཔྱད་འབྲས་ནི་འདི་ལྟར་ཏེ། རབ་བྱུང་དང་པོ་མ་ཚུགས་གོང་གི་ལྕགས་བྱི་སྟེ་སྤྱི་ལོ༡༠༠༠ལ་འཁྲུངས་ཤིང་དགུང་ལོ་ལྔའི་བར་བྱིས་པའི་ཚུལ་གྱིས་འབྲི་ཟླའི་གཟུགས་མེད་ནག་ཕྱོགས་པ་ཀུན་དམ་ལ་བཏགས། དགུང་ལོ་དྲུག་བཞེས་པ་ཤིང་སྤྲུལ་སྤྱི་ལོ༡༠༠༥ལོར་གླིང་དཀར་པོའི་དད་པ་ལྡོག་པར་མཛད་དེ་སྤྲུལ་མགོའི་འདབས་སུ་བཞུགས། དགུང་ལོ་བདུན་བཞེས་པ་མེ་རྟ་ལོར་སྤྱི་ལོ༡༠༠༦ལོར་རྨ་ཁོག་ཏུ་བྱོན་ནས་ས་བཟུང་། རྒྱ་བོད་ཀྱི་ཚོང་མགོ་བླངས། པྲ་བའི་ཀླེག་ནས་སྟོང་པར་བྱས། དགུང་ལོ་བརྒྱད་བཞེས་པ་མེ་ལུག་ལོར་སྤྱི་ལོ༡༠༠༧ལོར་གླིང་པ་རྣམས་ཁ་བས་ཡུལ་ཕུད་དེ་རྨ་ཁོག་ཏུ་སྤོས་པ་ལ་ས་བགོས་མཛད། དགུང་ལོ་དགུ་བཞེས་པ་ས་སྤྲེལ་༡༠༠༨སྐྲེལ་འདན་ཡུལ་ནས་ནས་རྫོང་ཕབ། དགུང་ལོ་བཅུ་གཉིས་བཞེས་པ་ལྕགས་ཕག་སྤྱི་ལོ༡༠༡༡ལོར་རྟ་རྒྱུགས་མཛད་ནས་རྒྱལ་སར་བཞུགས་པའི་ལོ་དེའམ་བཅུ་གསུམ་བཞེས་པ་ཆུ་བྱི་སྤྱི་ལོ༡༠༡༢ཙམ་ལ་རླངས་སྟོན་རྒྱ་ནག་ཏུ་བྱོན་ལམ་མཇལ་འཛོམས་ཀྱི་ཆོས་ཞུས། དགུང་ལོ་བཅུ་བཞི་བཞེས་པ་ཆུ་གླང་སྤྱི་ལོ༡༠༡༣ལོའི་བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་ལ་འཛམ་གླིང་སྤྱི་བསང་ཕུད་རྗེས་དཔའ་བོ་རྒྱ་ཚ་གཙོས་པའི་དཔོན་གཡོག་བདུན་ཅུ་རྒྱ་ནག་ལ་བྱོན་པར་གསལ་བ། དེ་སྐབས་རྒྱ་ལ་བྱེས་རྟ་བསྐྱལ་ཞེས་པ་དེའི་དོན་ལ་བྱོན་པ་ཡིན་ནམ། ལོ་རྒྱུས་འགར་བྱོལ་རྟ་དང་། ཤོ་རྟ་བཅས་ཡི་གེ་འབྲི་ལུགས་མི་མཚུངས་ཤིང་། དོན་ཡང་ཅི་ཡིན་གསལ་ཁ་མེད་ཀྱང་། རྨོང་བའི་བན་རྒན་གེ་རྒྱན་བྱ་བ་སྤྱི་ལོ༡༩༥༩ལོའི་དུས་འཁྲུག་པ་མ་བྱུང་སྟོན་བྱང་རྟ་རྣ་དགོན་པར་མཇལ་དུ་སོང་སྐབས་ལྷ་ཁང་ནང་ན། སྟག་དང་གཟིག་གི་པགས་པས་གཡོགས་ཡོད་པའི་ཇ་སྒམ་མང་པོ་བརྩིགས་ཡོད་པར་ཁ་བྱང་ལ་གེ་སར་རྒྱ་ལ་བྱེས་རྟ་སྐྱེལ་སྐབས་བསྣམས་འོང་བ་ཡིན་ཞེས་བྲིས་འདུག་ཟེར་བས་རྒྱ་ཡུལ་ཇ་ཉོ་རུ་སོང་བ་མིན་ནམ་སྙམ། སྔོན་གྱི་དུས་སུ་རྒྱ་བོད་ཇ་རྟ་བརྗེ་བའི་ཚོང་ར་ནི་དར་རྩེ་མདོ་སོགས་ཡིན་ལ། ཇ་རྟ་ཉོ་ཁྲོམ་གྱི་གནས་ཞེས་ལོ་རྒྱུས་འགར་ཁོད་པ་ལྟ་བུའོ།
གང་ལྟར་རླངས་སྟོན་རྒྱ་ནས་ཡར་གདན་དྲངས་པའི་ཚུན་ནས་པོ་ཏི་བསེ་རུས་གེ་སར་དང་འབྲེལ་བའི་ལོ་རྒྱུས་དུམ་བུ་གཉིས་པར་འདི་ལྟར།    གེ་སར་རྒྱ་ལ་བྱོལ་རྟ་བསྐྱལ་ནས་ཁྱེད་གདན་དྲངས་ལ་ཡོང་བས།  གྲུབ་པ་ཐོབ་པའི་རྣལ་འབྱོར་བ།  བོད་ཀྱི་ཡུལ་དུ་བྱོན་པར་ཞུ།   བདག་ལ་ཁྲིམས་ཀྱི་དངུལ་མདུང་ཉོ་རྒྱུ།  ཁྲིམས་ཀྱི་རྔ་བོ་ཆེ་ཟིལ་གནོན་དང་།  ཁྲིམས་དར་ནག་པོ་རྒྱུ་ནོར་བསམ་གྱིས་མི་ཁྱབ་པ་འབུལ་རྒྱུ་ཡོད་ཟེར་ནས་ཞུས།   དེར་གྲུབ་ཐོབ་ཆེན་པོ་ལ་མཁའ་འགྲོ་མའི་ལུང་བསྟན་བྱུང་ནས་སྟོད་ནུབ་ཕྱོགས་ཨོ་རྒྱན་བྱང་ངོས།  སྲིན་པོ་ཕོ་མོ་འདུལ་བ་དང་།  ཐང་ཡིག་རིན་ཆེན་སྒྲོལ་མེ་དང་།   བསྟན་པ་འགྱོ གས་པའི་གླང་པོ་དང་།   རྣལ་འབྱོར་ཁྱོད་ལ་མཁོ་བ་ཡི།  རླངས་ཀྱི་པོ་ཏི་བསེ་རུ་དང་།   བཀའ་དང་བསྟན་བཅོས་གཏེར་དུ་ཡོད།  རྣལ་འབྱོར་བཀའ་དང་གླིང་ཕྲུག་ཐོངས།  གཏེར་ཁ་ཆེན་པོ་ཐོབ་པར་ཡོད་ཟེར་བའི་མཁའ་འགྲོའི་ལུང་བསྟན་བྱུང་ནས།   དེ་ནས་ཁོང་གིས་གླིང་རྗེ་གེ་སར་ལ་བཀའ་གནང་ནས་ནུབ་ཕྱོགས་ཨོ་རྒྱན་བྱང་ངོས་ལ།   སྲིན་པོ་ཕོ་མོ་འདུལ་བ་དང་།   བྱང་ཕྱོགས་གཡའ་ར་དམ་པོའི་ཞོལ།  ཕ་བོང་སྔོན་མོ་སྦལ་བ་འདྲ་བ་ཞིག་གི་འོག་ཏུ་གཏེར་ཁ་ཆེན་པོ་བཀའི་བསྟན་བཅོས་མང་དུ་ཡོད་པ་ཁྱོད་ཀྱིས་ཐོན་པ་ཡོང་བ་ཡོད་པས་དེ་ཐོན་པ་དང་ང་ཡང་བོད་དུ་ཡོང་གསུངས་ནས།   ཁོང་ལ་སློབ་དཔོན་པད་མའི་སྐུ་གཅིག་དང་།   སྒྲིབས་ཤིང་སྲུང་བ་གཅིག་བཏགས་སོང་།   དེ་ནས་ཁོང་སོང་ནས་སྲིན་པོ་ཕོ་མོ་བཏུལ།  གཏེར་ཁ་ཆེ་པོ་བཏོན།   དེ་ནས་ཁོང་གི་ཚ་བོ་དཔལ་བཟང་མིག་བམ་འབབ་ཀྱིས་ཡང་བྱོན་པར་བསྐུལ་བ་བཞིན་ཚ་བོ་གཉན་བཟང་ལྷ་སྟོན་གདན་ས་ཐེལ་ཆུར་བཞག་ནས།   ཨ་རོག་སྟོན་པས་ཕུལ་བའི་རྔ་གྲམ་པ་གཞུང་རྒྱལ་ལ་ཆིབས་ནས་གླིང་ཡུལ་གོར་མདོར་བྱོན་པ་དང་།   གླིང་གི་རྒྱལ་པོ་གེ་སར་དེས།   ཡོལ་གྱི་སྟོན་དུ་ཕྱགས་ཕབ་དང་གླིང་གི་མི་ཚོར་དེར་འབུལ་བ་བྱེད་དུ་བྱུང་།   ཁོང་གི་ཐང་ཡིག་རིན་པོ་ཆེའི་སྒྲོན་མ།   བསྟན་པ་འགྱོ གས་པའི་གླང་པོ།  རླངས་ཀྱི་པོ་ཏི་བསེ་རུ།  ཁྲིམས་ཀྱི་རྔ་བོ་ཆེ་ཟིལ་གནོན།   ཁྲིམས་ཀྱི་དངུལ་མདུང་ཉོ་རྒྱུ།  ཁྲིམས་དར་ནག་དགྲ་འདུལ།  སློབ་དཔོན་པད་མའི་ཆོས་སྐོར།   དབུ་ཞྭ་ན་བཟའ།  ཁྲིམས་ཀྱི་ཆག་འུ་དང་བཅས་པས།   ཆིབས་པ་ཕ་བོང་ག་ས་རྟ་འདྲ་ཕུལ་ནས་ཞུ་བ་བྱས་པ་ལ།   ཁྱོད་གྲུབ་པ་ཐོབ་པའི་རྣལ་འབྱོར་བ།།  སངས་རྒྱས་ཀྱི་བསྟན་པ་འཛིན་པ་དང་།།  གདུགས་པའི་ལྷ་འདྲེ་འདུལ་བ་དང་།།   གླིང་གི་མི་ནོར་འཕེལ་བ་དང་།།   མི་ནད་ཕྱུགས་ནད་གཅོད་པ་དང་།།   བོད་ཁམས་བདེ་བས་ཐུགས་ལ་ཐོགས།།  གྲུབ་ཐོབ་བཞུགས་པའི་སྐུ་རིང་ལ།།  རྒྱུན་ཆད་མེད་པར་མཇལ་བར་ཞུས།།   མི་རྟག་འདའ་བའི་ཚུལ་བསྟན་ན།   བདེ་བའི་གནས་སུ་བདག་ཀྱང་ཁྲིད།   ད་རེས་འབུལ་བའི་རྔ་མར་ཞུ།།   ཟེར་ནས་ཞུས་སོང་།   སེང་བློན་གྱིས་ཁྲ་བོ་གཡང་ལུགས།   ཁྲ་རྒན་གྱི་ཐོག་རྒྱུགས་དཀར་པོ།   ཁྲོ་ཐུང་གི་ཤང་ལང་ནག་པོ།   ལྡོམ་བུའི་ཁྲག་མེར་རུབ་གདུགས།   ཞྭ་དཀར་གྱི་གངས་དཀར་ལྷ་རྩེ།   བན་དེས་གཡུལ་དམར་འོད་གསལ།   ཤེལ་རིས་གསེར་གྱི་མཆོད་རྟེན་ཕུལ།   གླིང་གི་གཙོ་བོ་སུམ་ཅུ།  ཐུལ་པ་སུམ་ཅུ།   སྟག་ཤར་སུམ་ཅུ།  བླ་མཆོད་སུམ་ཅུ།   མོ་བཙུན་སུམ་ཅུ་རྣམས་ཀྱིས་མི་རེས་འབུལ་བ་རེ་ཞུ་བ་རེ་བྱས་ཞེས་གསུངས་པ་འདིས་ཅི་ཞིག་བསྟན་ན།   ཁོང་གླིང་ཡུལ་དུ་བྱོན་སྐབས་གེ་སར་བདུད་འདུལ་བར་མ་བྱོན་གོང་ཡིན་པ་དང་།   རྒྱ་ཚ་ཞལ་བཞུགས་ཡོད་པ་གསལ་བར་བསྟན་པས་འདི་དག་གེ་སར་དགུང་ལོ་བཅུ་བཞི་བཞེས་པ་ཆུ་གླང་སྤྱི་ལོ1013ཡིན་པ་གསལ་པོར་གྲུབ་པ་ཡིན་ནོ།།   དགུང་ལོ་བཅོ་ལྔ་བཞེས་པ་ཤིང་སྟག་སྤྱི་ལོ1014ལོའི་དབྱར་སྟོད་བདུད་ཡུལ་དུ་བྱོན་ཞིང་ལོ་དགུ་འགོར་ཤུལ་དུ།  མེ་འབྲུག་ལོར་ཧོར་གུར་དཀར་གྱི་ཁྲི་དམག་བརྒྱ་དང་སུམ་ཅུ་ཙམ་བསྡུས་ནས།  གླིང་ལ་འཁྲུགས་པ་ལོ་ངོ་མཐོང་གསུམ་ལ་བརྒྱབ།  ས་ཕོ་རྟ་ཡི་ལོའི་དཔྱིད་ཐ་མའི་ཚེས་བཅུ་དྲུག་ལ་རྒྱ་ཚ་བཀྲོངས།   ཚེས་བཅུ་བདུན་ལ་འཁྲུག་མཚམས་བཞག   གེ་སར་དགུང་ལོ་ཉེར་གསུམ་བཞེས་པ་ཆུ་ཁྱི་སྤྱི་ལོ1022ལོ་འགོར་བདུད་ཡུལ་ནས་བྱོན་ཞིང་ལོ་དེའི་རྨིན་ཟླའི་ཚེས་བཅོ་ལྔ་ལ་ཧོར་འདུལ་བར་བྱོན་པ་བཅས་ཚད་ལྡན་ཡི་སྒྲུང་དཔེ་དག་མཚུངས་ལ།   དེའི་རྗེས་སུ་འཇང་དང་ཚྭ་ཁ་རྩོད་ནས་འཁྲུག་པ་དང་།   མོན་གླིང་འཁྲུག་པ་སོགས་ཚད་ལྡན་ཡིན་མོད།  ད་ལྟ་མི་རེས་བྲིས་པའི་སྒྲུང་དེབ་བརྒྱ་ལྷག་རེ་ཡོད་པར་སྨྲ་བ་སོགས་ལ་བལྟས་ན།   རྒྱལ་པོ་སྤྲུལ་པའི་སེམས་དཔའ་སྙིང་ནས་ཡིད་ཆེས་པ་དག་གི་བློ་ལ་འགལ་འདུ་མི་འོང་བ་ཙམ་ལ།  སྒྲུབ་དེབ་ཁག་ཏུ་འཁོད་པ་ལྟར་གྱི་ལོ་གྲངས་བསྡོམས་ན་ནི་སུམ་བརྒྱ་བཞི་བརྒྱ་འགྲོ་བར་ངེས་ཕྱིན་འགྲིགས་ཐབས་བྲལ་ལ།  ཚད་ལྡན་གྱི་ལོ་རྒྱུས་ཁག་ཏུ་འཁོད་པ་བཞིན་དཔའ་བོ་ཁོང་གི་དགུང་ལོ་བརྒྱད་ཅུའང་གྱ་བརྒྱད་ཙམ་དུ་མདོ་ཁམས་ཀྱི་ཕྱོགས་སུ་བཞུགས་ནས་འགྲོ་དོན་མོད་ཚུལ་དང་བསྒྲིགས་ན་ལོ་རེ་མ་དགོས་ཟླ་རེར་རྫོང་རེ་ཕབ་པའི་དབང་དུ་བྱས་ཀྱང་མི་འདང་བའི་ཆེད་དུ་འགྱུར་བས།  ལོ་ཚིགས་མེད་པའི་ལོ་རྒྱུས་ལ་ལོ་རྒྱུས་ཀྱི་རིན་ཐང་ཡང་དེ་ཙམ་ལས་མ་འདས་ཕྱིར་ཕྱིན་ཆད་ས་སྒྲུང་བབས་པའམ་རྩོམ་པ་གང་ཞིག་མོད་པ་རྣམས་ཀྱི་རྩ་བར་བརྟེན་ནས་ཡལ་ག་འབྲི་བ་དང་།   སྔོན་བྱུང་གི་སྒྲུང་དཔེ་རྣམས་ལའང་ཞིབ་བརྟག་བྱས་ནས་སྙིགས་དོར་བཅུད་ལེན་བྱ་རྒྱུ་ལས་གང་མཐོང་ལ་འཇུག་པ་ནི་མ་མོད་ན་ལེགས་སོ།།   སྤྱིར་སྔོན་གྱི་ལོ་རྒྱུས་རྣམས་ཕན་ཚུན་བཤུ་འབྲི་བྱས་པ་མང་ཕྱིར་ལོ་རྒྱུས་འགའ་རེ་མཚུངས་བ་ཙམ་གྱིས་རྣམ་དག་ཡིན་པར་རློམ་ནས་ཤ་གཟུག་ཟ་རྐྱང་བྱེད་པའང་མི་འོས་ལ།   ཧྲིལ་གྱིས་འདོར་བའང་མི་བྱེད་པར་རྣམ་དཔྱོད་ལྡན་པ་དག་གིས་ཞིབ་མོའི་བློས་འཇུག་པ་ནི་གནད་ཡིན་ནོ།།   གེ་སར་དང་འབྲེལ་བའི་ལོ་རྒྱུས་དུམ་བུ་གསུམ་པ་འདི་ལྟར།  ཁོང་ཡང་མ་ཕམ་གཡུ་མཚོའི་འགྲམ།  ཆུ་བོ་བཞི་འདུས་པའི་མགོ་བོ།   སངས་རྒྱས་ཀྱི་ཞབས་ཀྱིས་བཅགས་སའི་སར་སྒྲུབ་ཁང་མོད།   མཁའ་འགྲོ་དང་ཡི་དམ་གྱིས་མཆོག་དང་ཐུན་མོང་གི་དངོས་གྲུབ་དྲངས།   དགུང་ལོ་བདུན་ཅུ་རྩ་གསུམ་ལོན་པ་ལ།   གླིང་རྗེ་གེ་སར་གྱིས།  སྔར་འབུལ་བྱས་པ་དང་།   དེའི་འབུལ་བ་སྐྱེལ་བ་ལ་ཡོང་བས།   བདག་ལ་རིགས་ཀྱི་རྒྱུད་ཀྱང་མེད།  བདག་ཀྱང་ཁྱེད་ལ་དངོས་གྲུབ་ཞུ།   ལུས་ངལ་དུབ་མེད་པའི་དངོས་གྲུབ་ཞུ།   སེམས་མཉམ་བཞག་མི་སྡུག་པའི་དངོས་གྲུབ་ཞུ།  ཁ་ཡི་སྐོམ་བདུད་རྩིའི་དངོས་གྲུབ་ཞུ།  མཚོན་གྱིས་མི་ཆོད་པའི་དངོས་གྲུབ་ཞུ།  ཞུས་པས།  མཚན་ལྡན་གྱི་བླ་མ་ལ་ལྟག་སྤྲོད་ཟད་མེད་བཅུད་ལེན་གྱི་གདམས་པ།   སྐམ་མེད་ཆུའི་བདུད་རྩི་ཆད་མེད།  ཆོད་མེད་ལུགས་བསྟན་པ།   རྟ་མེད་རྒྱུད་འཇང་གི་རྩོལ་བ།   གདམས་ངག་དང་དངོས་གྲུབ་དྲག་ཅི་ཡོད་པ་གནང་ནས་གེ་སར་སོང་ཞེས་པའི་ལོ་རྒྱུས་ཀྱི་དུམ་བུ་འདི་ལས་སྔར་བཤད་པ་ལྟར་འཁྲུངས་ལོ་ཆུ་བྱི་ཡིན་པ་ལྟར་ན་གེ་སར་དགོང་ལོ་ཞེ་གཅིག་བཞེས་དུས་ཡིན་པས།   ཁོང་གི་ཐུགས་ལ་རྒྱལ་རྒྱུད་འཛིན་པའི་སྲསཤིག་མ་འཁྲུངས་པའི་ཞེ་ཐག་ཆོད་དེ་བདག་ལ་རིགས་རྒྱུད་ཀྱང་མེད་ཅེས་ཐུགས་དམ་གྱི་གསུངས་བྱུང་བ་དང་།   ད་དུང་དགྲ་འདུལ་རྒྱུ་འདུས་ཡོད་སྟབས་མཚོན་གྱིས་མི་ཆོད་པའི་དངོས་གྲུབ་ཞུས་པ་དང་།  གསུང་གི་བབ་ལ་བལྟས་ན་དགུང་ལོ་བཞི་བཅུའི་ནང་ཕེབས་ཡོད་པ་བདེན་དཔང་བྱེད་ཐུབ་ལ།   དེ་ལས་ཀྱང་གལ་ཆེ་བ་ནི་ཨ་མི་དགུང་ལོ་དོན་གསུམ་བཞེས་དུས་ནི་བོད་ཀྱི་རབ་བྱུང་དང་པོའི་ལྕགས་འབྲུག་སྤྱི་ལོ1040ལ་ཁེལ་བས་རྒྱའི་ལོ་རྒྱུས་གེ་སར་ཨར་སོགས་ལས་གེ་སར་རབ་བྱུང་དང་པོའི་ས་སྟག་སྤྱི་ལོ1032ལ་གེ་སར་འཁྲུངས་ཟེར་བའི་རྫུན་ཕུགས་དྲུང་ནས་ཕྱུང་བ་ཡིན་པ་སྟེ།   ཁོང་ཅག་གི་འདོད་པ་ལྟར་ན་དེ་དུས་གེ་སར་འཁྲུངས་ནས་ལོ་ངོ་གསུམ་ལས་མ་ལོན་པའི་བྱིས་པ་ཞིག་ཡིན་པས་མདོ་ཁམས་ནས་མངས་རིས་བར་འབུལ་སྐྱེལ་དུ་ཅི་ལྟར་བསྒྲིགས་བསམ་བློ་ཐོངས་ཤིག   གཞན་ཡང་འདི་ནི་རླངས་སྟོན་དང་མཇལ་ཐེངས་ཐ་མ་ཡིན་པར་ལོ་རྒྱུས་འདི་ལས་གསལ་བོར་བཤད་ཕྱིར་མང་དུ་སྨྲ་མི་དགོས་ལས་ཞིབ་ཏུ་བསམས་ན་འདི་དག་གི་ས་སྟག་ལ་འཁྲུངས་པར་བཤད་པ་ནི་ཁམས་ཁུལ་དུ་བུ་སྟག་ལོར་སྐྱེས་པ་ལོ་རིས་བཟང་པོར་རྩི་བའི་སྲོལ་གྱི་ཤན་ཞུགས་ཤིང་ཕྱིས་ཀྱི་སྒྲུང་མཁན་དག་གི་བཅོས་བསྒྱུར་བྱས་པའི་རྗེས་སུ་འབྲངས་བ་ཡིན་པས་དཔྱད་མི་བཟོད་ལགས།   དེ་ལྟའི་ལོ་རྒྱུས་དག་ནི་སྔོན་གྱི་བཤད་སྲོལ་ལ་ཕྱིས་ཀྱི་བྱུང་བ་བསྲེས་པ་དཔེར་ན།   སྤྱི་ལོ1361ནས1485བར་བྱོན་པའི་གྲུབ་ཆེན་ཐང་སྟོང་བའི་རྣམ་ཐར་བསྲོས་པ་མཁས་མདོག་གི་མཚང་ལྟད་ལ་ནུད་སྟོད་སངས་རྒྱས་ཁམས་བཅོ་བརྒྱད་མ་ཤེས་པར་ཀརྨ་པའི་མཚན་བསྣད་པའི་ལོ་རྒྱུས་བཞིན་ཡིན་ལ།  ཁོང་རྣམས་ཀྱི་འཁྲུངས་ལོ་ལོ་རྒྱུས་རླངས་ཀྱི་པོ་ཏི་བསེ་རུ་མ་མཇལ་བའི་སྐྱོན་ཡང་ཡིན་ནོ།།  བདུད་འཇོམས་ཆོས་འབྱུང་དངོས་མ་མཇལ་མོད།   མཚོ་སྔོན་མང་ཚོགས་སྒྱུ་རྩལ་སྤྱི་ལོ1484ལོའི་དེབ་གསུམ་པ་དབང་ཆེན་སྟོབས་རྒྱལ་གྱིས་བཀོད་པ་ལས།  རབ་བྱུང་དང་པོ་ཚུགས་ཁ་མའི་ས་སྟག་ལ་འཁྲུངས་བ་དང་།  བློ་བཟང་རྒྱ་མཚོའི་བྲིས་པའི་ལོ་རྒྱུས་སུ་ལུང་དྲངས་བ་ལས།   རབ་བྱུང་དང་པོའི་ས་སྟག་ལ་འཁྲུངས་བ་དང་།   ཚེ་ཏན་ཞབས་དྲུང་གི་བསྟན་རྩིས་དང་སྡེ་དགེའི་ལོ་རྒྱུས་ལས།   རབ་བྱུང་གཉིས་པའི་ས་སྟག་ལ་འཁྲུངས་པར་འཁོད་པ་བཅས་ལོ་དྲུག་ཅུ་སྐོར་རེས་མི་མཚུངས་མོད།   སྔ་མ་ལྟར་དུ་རླངས་སྟོན་དགུང་ལོ་བརྒྱ་དང་གཉིས་བཞེས་པ་རབ་བྱུང་དང་པོའི་ས་བྱ་ལོ1069ལོར་བུ་སློབ་རྣམས་ལ་ཞལ་གདམས་གསུངས་སྐབས་འདི་ལྟར།   དཀར་ནག་རྒྱ་དང་བར་ཁམས་ན།།  ཡོན་བདག་ཉིས་བརྒྱ་རེ་བདུན་ཡོད།།   དད་པ་ཅན་ལ་ཉིས་བརྒྱ་ཡོད།།  ཁྱད་དུ་འཕགས་པའི་གླིང་རྗེ་ཡོད།།  ཅེས་དེ་དུས་གེ་སར་ཞལ་བཞུགས་པར་གསུངས་ན།   གེ་སར་དགུང་ལོ་གྱ་གཅིག་གྱ་གཉིས་གྱ་བརྒྱད་གང་གི་དབང་དུ་བྱས་ཀྱང་འདས་ཚར་བའི་སྐྱོན་ཟློག་ཏུ་མེད་ལ།   བར་བ་ལྟར་ན་གོང་གི་རྒྱའི་ལོ་རྒྱུས་དང་མཚུངས་པར་འབབ་ཤིང་།   ཕྱི་མ་ལྟར་ན་རླངས་སྟོན་འདས་རྗེས་ཀྱི་ལོ་ཉེར་གཉིས་ལ་ཁེལ་བས་བླ་སློབ་ཡིན་པར་བཤད་པའི་ཚད་ལྡན་གྱི་ལོ་རྒྱུས་ཁག་དང་འགལ་ལ།  མ་ཟད་ཚེ་ཏན་ཞབས་དྲུང་གིས་སྨི་ཏིའི་སློབ་མར་མི་འགྲིག་ཚུལ་གྱི་སྐྱོན་ཡང་ཐོག་ཏུ་འབབ་པ་ཡིན་ནོ།།   མཁྱེན་བརྩེའི་རྣམ་ཐར་དུ་ཀཿདམ་པ་ད་གེ་སར་དུས་མཉམ་པ་གསུང་བ་ནི་མ་དག་གི་གཏམ་ཏེ།   གེ་སར་ཆུ་བྱི་ལ་འཁྲུངས་པར་འདོད་ན་འདས་རྗེས་ཀྱི་ལོ་སོ་ལྔ་དང་།   ས་སྟག་ལ་འཁྲུངས་བར་འདོད་ཀྱང་གེ་སར་འདས་ནས་ལོ་གསུམ་པ་རབ་བྱུང་གཉིས་པའི་ཆུ་སྟག་ལ་ཀཿདམ་པ་འཁྲུངས་བར་དགེ་པཎ་དང་།   བདུད་འཇོམས།   འཇམ་དབྱངས་རྒྱལ་མཚན་གྱི་ཀཿཐོག་ཆོས་འབྱུང་བཅས་ལས་གསུངས་པ་དང་མི་འགྲིག་པའི་སྐྱོན་ཡོད་ལ་རྣམ་ཐར་རང་དུ་གེ་སར་རབ་བྱུང་གཉིས་པའི་ཆུ་སྦྲུལ་ལ་འདས་པར་བཤད་པ་དང་ཡང་ལོ་བཅུས་མི་འགྲིག་པའི་རང་ཚིག་སྔ་ཕྱི་འགལ་བའི་སྐྱོན་ཡོད་པའི་མ་བརྟག་བྱུང་རྒྱལ་སྨྲ་བའི་གཏམ་ནི་དེ་འདྲའོ།།   ཀཿཐོག་གདན་རབས་སོགས་ལས་ཀཿདམ་པ་དགུང་ལོ་སོ་དགུ་བཞེས་པ་རབ་བྱུང་གསུམ་པའི་ལྕགས་འབྲུག་སྤྱི་ལོ1160ལ་གླིང་ཡུལ་དུ་བྱོན།   ལྷ་སྲས་དགྲ་ལྷ་འདས་པར་འཕོ་འདས་བྱས་ཞེས་བཤད་པ་ནི་མ་དག་སྟེ།   ཧོར་གླིང་འཁྲུག་ནས་རྒྱ་ས་དཀྲོག་སྐབས་དགུང་ལོ་བཅུ་གཅིག་ཡིན་པར་བཤད་པས་རབ་བྱུང་དང་པོའི་སྔོན་གྱི་དྲུག་ཅུ་སྐོར་དེས་ས་སྤྲེལ་ལོ་སྤྱི་ལོ1008ལ་འཁྲུངས་དགོས་པ་རིགས་པས་གྲུབ་ཕྱིར།   ཀཿདམ་པ་གླིང་ཡུལ་དུ་བྱོན་དུས་འཁྲུངས་ནས་ལོ་བརྒྱ་དང་ང་གསུམ་ཡིན་པས་ཚེ་ཚད་རིང་དྲགས་པའི་སྐྱོན་འབྱུང་ལ།   ཞིབ་ཏུ་དཔྱད་ན་འདི་ལྟར་ཡིན་ལ།   སྡེ་དགེའི་ལོ་རྒྱུས་དངུལ་དཀར་མེ་ལོང་ལས།   རྒྱ་ཚའི་ཡང་ཚ་གཤེགས་པའི་བསྔོ་ཞུས་ཀྱི་ཡི་གེ་ཤོག་དྲིལ་དངོས་ཀཿཐོག་དང་ལྕང་རྭ་ཨེ་ཝམ་དགོན་གཉིས་ལ་སྤྱི་ལོ1459དུས་འཁྲུག་མ་བྱུང་སྔོན་ཡོད་པར་བཤད་པས་རྒྱ་ཚའི་ཡང་ཚ་གྲོངས་སྐབས་ཀཿདམ་པ་ལ་འཕོ་བ་ཞུས་པར་གྲི་ཡ་ཟི་དང་ཁྲབ་ལྷ་བཟང་སོགས་ཕུལ་བ་ཡིན་ན་ལོ་ཚིགས་གུང་འགྲིག་ལ།   རྒྱ་ཚའི་ཡང་ཚ་ནི།  བདག་པོ་ཨ་ཡག་འབུམ་རྒྱལ་སྤུན་གསུམ་གང་རུང་ཞིག་ཡིན་ནོ།།   གཞན་སྡེ་དགེའི་ལོ་རྒྱུས་དེར་ལུང་དྲངས་བ་ལས།   རྒྱའི་མཁས་པ་ཝིན་ཐིན་ཕྲིན་གྱིས་བྲིས་པའི་དེབ་ནང་སྤྱི་ལོ་1048ནས1049བར་རྒྱ་བོད་གཉིས་ལན་གྲུ་ཕྱོགས་སུ་དམག་འཁྲུག་བྱུང་སྟེ།  རྒྱའི་དམག་དཔོན་ཧྲོའོ་ཅིང་ཟེར་བས་སྔ་རྗེས་བསྡོམས་པས་བོད་མི་ཁྲི་དྲུག་བསད།   དམག་དཔོན་རང་ཡང་དམག་ས་དེ་རང་ལ་གྲོངས་སོ།།  ཞེས་པ་ལ་འགྲེལ་བཤད་ཀྱི་ཚུལ་དུ།   སྐབས་དེར་དབུས་གཙང་ཕྱོགས་ཀྱི་མིན་ངེས་པས་གེ་སར་རྒྱལ་པོར་ཚོད་དཔག་བྱེད་ཅེས་ལོང་བསྙད་བྱེད་མི་དགོས་ཏེ།   མཁས་པའི་ཁྱུ་མཆོག་དམུ་དགེ་བསམ་གཏན་རྒྱ་མཚོས་ལོ་རྒྱུས་ཀུན་དགའི་མེ་ལོང་ལས།   ཙོང་ཁའི་རྒྱལ་པོ་དང་འཐབ་པ་ཡིན་ངེས་ཏེ།  སྤྱི་ལོ་དང་སྦྲགས་པ་ཡང་དག་ཡིན་ན།  རབ་བྱུང་དང་པོའི་ས་བྱི་ནས་རབ་བྱུང་གཉིས་པའི་ས་སྦྲུལ་བར་འཁེལ་ཡོད།   དེ་དུས་དབུས་གཙང་སིལ་བུར་འཐོར་ཏེ།  ལུང་པར་རེ་ལ་སྡེ་དཔོན་རེ་སྡེ་དཔོན་རེ་ལ་བཙན་རྫོང་རེ།   རང་སྡེ་སྲུང་བའི་དམག་ཉུང་ཤས་རེ་བསྒྲིགས་ནས་ཡོད་པའི་སྐབས་རེད།   ཙོང་ཁའི་རྒྱལ་པོ་འདིས་ཀན་སུའུ་དང་ཧྲན་ཞི་ཡི་ས་ཆ་འགའ་ཞིག་བཅས་ལ་དབང་བསྒྱུར།   ཤར་ཕྱོགས་ཀྱི་རྒྱ་དང་བྱང་ཕྱོགས་ཀྱི་མི་ཉག་ལའང་གཡུལ་འགྱེད་དུ་མ་བྱས།   དེས་ན་ཁྲི་ལྡེ་ཙོང་ཁའི་རྒྱལ་པོར་གྱུར་ནས་སོ་མཚམས་བརྟན་སྲུང་བྱས་པའི་ལག་རྗེས་ཆེ་ཞེས་གསུངས་པས་གྲུབ་པར་མ་ཟད།   གེ་སར་ས་སྟག་ལ་འཁྲུངས་པའི་དབང་དུ་བྱས་ཀྱང་།   རབ་བྱུང་དང་པོའི་ས་བྱི་ལོར་གེ་སར་དགུང་ལོ་བཅུ་དྲུག་ལས་མ་ལོན་པས།   ཡོངས་གྲགས་ལོ་རྒྱུས་རྣམས་སུ་དགུང་ལོ་བཅུ་གཉིས་པར་རྒྱལ་སར་བཞུགས་པར་གསུངས་པ་ལས་རྒྱལ་སར་མ་བཞུགས་གོང་དམག་འཁྲུག་བྱས་པའི་ལོ་རྒྱུས་མེད་ལ།   ཁྱད་པར་དུ་སྐུ་ཚེ་གང་བོར་རྒྱ་ནག་ལ་འཁྲུག་པའི་ལོ་རྒྱུས་ཡེ་མེད་པས་རྨོངས་ཚོད་ལ་ཡིད་བསྟན་མེད་དོ།། 
  གཞན་ཆོས་རྒྱལ་འཕགས་པའི་རྣམ་ཐར་དང་།   སྟག་ལུང་སངས་རྒྱས་ཡར་བྱོན་གྱི་རྣམ་ཐར།   ལོ་རྒྱུས་གསལ་བའི་སྒྲོན་མེ།  ཀཿཐོག་དབུ་འོད་པ་ཡེ་ཤེས་འབུམ་གྱི་རྣམ་ཐར་སོགས་སུ་ཧོར་གླིང་འཁྲུལ་ཚུལ་བཀོད་པ་བཅས་ནི་རབ་བྱུང་བཞི་པའི་ནང་བྱུང་བའི་ལོ་རྒྱུས་ཡིན་པས།  གེ་སར་འདས་ནས་ལོ་བརྒྱ་འདས་ཟིན་པས་སྡེ་དགེའི་ལོ་རྒྱུས་ལས་བཀོད་པ་ལྟར་གླིང་གི་གདུང་རྒྱུད་ཕྱི་མ་དག་གི་དུས་སླར་ཡང་འཁྲུག་པ་ཞིག་ཡིན་ནོ།།  ལོ་རྒྱུས་མཁན་པོ་གཞན་གྱིས་གེ་སར་ནི་བྱང་ཕྱོགས་མི་རིགས་གཞན་ཞིག་ཡིན་པ་སྨྲ་བ་དང་།  ཁྲི་སྲོང་ལྡེ་བཙན་རེད་ཟེར་བ་དང་།   དུས་ཚོད་ཀྱང་སྲོང་བཙན་གྱི་སྔོན་དང་དེ་དུས་ཨེ་ཡིན་བསམ་ཟེར་བ་དང་།  འདི་ནི་ལྷ་སྒྲུང་ལས་དོན་དངོས་མིན་ཟེར་བ་སོགས་ལོ་རྒྱུས་མི་ཤེས་པའི་ལོག་སྨྲ་མཐའ་ཡས་མོད།  མཁས་དབང་དམུ་དགེ་བསམ་གཏན་རྒྱ་མཚོས་གླིང་སེང་ཆེན་བྱུང་བ་མདོར་བསྡུས་ཞེས་པར་ལན་ལེགས་པར་བཏབ་འདུག་པའི་ཕྱིར་ཤི་ཟིན་པར་མཚོན་བསྣུན་པའི་ངལ་བ་མ་བྱས་སོ།།  གླིང་རྗེའི་འདས་ལོ་ལ་མང་དུ་ཡོད་ཀྱང་འཁྲུངས་ལོ་མ་དག་པའི་འདས་ལོ་དག་ནི་དེ་དག་འགོག་པའི་ཞོར་ཁེགས་པས་སྨྲ་མ་དགོས་ལ་རླངས་སྟོན་གྱི་ལུང་བསྟན་ས་ཐོག་ཏུ་ཞོལ་ཡོད་ན་ནི།   གྱ་བརྒྱད་ཞེས་པ་རབ་བྱུང་གཉིས་པའི་མེ་ཡོས་སྤྱི་ལོ་1087ལོར་འདས་པ་དང་།  སྡེ་དགེའི་ལོ་རྒྱུས་སུ་གྱ་གཉིས་དང་།  གཞན་དུ་གྱ་གཅིག་བཞེས་པར་བཤད་པའི་ཁུངས་མ་བསྟན་ཕྱིར་དཔྱད་གཞི་མེད་དོ།།
      གསུམ་པ་དེས་མངའ་ཐང་གི་རྒྱ་ཁྱོན་ལ་ཅུང་ཟད་དཔྱད་པར་བྱས་ཏེ།  གེ་སར་མ་འཁྲུངས་གོང་གླིང་ཁྲི་གོང་འོག་བར་གསུམ་ཞེས་འབོད་ལ།   དེ་ནི་མི་སྡེ་ཁྲི་རེའང་དམག་དཔུང་ཁྲི་རེའི་བདག་པོ་ཡིན་པའི་ཆ་ནས་བཏགས་པར་མི་བུ་གདོང་དྲུག་གི་རྒྱུས་མཛོད་པད་དཀར་སྐྱོད་ཚལ་ལས་བཤད་ལ།   གེ་སར་གྱིས་རྒྱལ་ས་བཟུང་ནས་མི་འགྱངས་པའི་དུས་སུ་དམག་དཔུང་ཡང་དེ་དང་ཕྱོགས་མཚུངས་ཧོར་གླིང་འཁྲུག་སྐབས་དམག་ཞིག་བསྡུས་བྱས་པ་ལ་ཉིས་ཁྲི་བདུན་སྟོང་ཡོད་པ་གོང་བཤད་ལོ་རྒྱུས་དང་འགྲིག་ལ་ཁད་འདུག་ལ།   དེ་ནས་བདུད་རྒྱལ་བཏུལ་ནས་བདུད་སྡེ་དབང་དུ་བྱས་པ་དང་།   ཧོར་འདུལ་བྱས་ནས་ཧོར་དང་།  འཇང་བ་སྟག་གཟིག་བཅས་ལ་གཡུལ་འགྱེད་བྱས་ནས་དེ་དག་དབང་དུ་བསྡུས་པ་དང་།   འདི་དག་ས་ཆ་གར་ཡོད་བཅས་ལ་མཁས་དབང་དམུ་དགེ་བསམ་གཏན་གྱིས་གེ་སར་ ལོ་རྒྱུས་མདོར་བསྡུར་ལས་གསུངས་པ་ལྟར་ཡིན་ལ། མོན་པ་ནི་མཚོ་སྣའི་འགྲམ་གྱི་སྤོ་ལ་ཟེར་བ་ནས་འགོ་ཚུགས་ཏེ་ཧོན་ནུའི་ཨ་སམ་གྱི་ས་མཚམས་བར་ཡིན་ལ། དེའི་རིང་ཚད་ལ་རྟ་བའི་ཉིན་ལམ་བཅོ་བརྒྱད་ཙམ་གྱི་ལམ་ཐག་ཡོད་པ་དང་། ཞིང་ཚད་ལ་རྟ་བའི་ཉིན་ལམ་གསུམ་ཙམ་ཡོད་པ་ལ་མོན་ཤར་ནུབ་ཕྱོགས་གཉིས་སུ་ཡོད་པར་བཤད་པ་འདི་ཡིན་པར་འཁྲུལ་བ་མེད་དོ། །གཞན་ཕྱོགས་བཞིའི་ས་མཚམས་འདིའོ་ཞེས་གསལ་བར་ངོས་མི་ཟིན་མོད། ཕལ་ཆེར་ཞིག་ནི་བོད་བཙན་པོའི་མངའ་ཁུལ་འཐོར་ཞིག་ཏུ་སོང་དུས་ཀྱི་རྒྱལ་ཕྲན་ཁག་གཅིག་དབང་དུ་བསྡུས་པའི་དམག་འཁྲུག་ཡིན་ལ། སྔར་ཡབ་མེས་དུས་ཀྱི་རྨ་འབྲི་རྫ་གསུམ་འབབ་ཡུལ་གྱི་སྟེང་དུ་སྐུ་ཚེ་སྟོད་ལ་རྨ་ཡུལ་གྱི་སུམ་ཆ་གཅིག་ཙམ་བཟུང་ཞིང་རྗེས་སུ་རྒྱལ་ཁམས་སུ་དབང་དུ་བསྡུས་པས་མངའ་ཐང་ཆེར་གྱུར་མོད། གླིང་ཡུལ་དངོས་གཞི་ནི་རྫ་འབྲི་རྨ་སྨར་བཅས་ཀྱི་འབབ་རྒྱུད་གཙོ་བོར་ཡིན་ལ། དབང་དུ་བསྡུས་པ་རྣམས་རྒྱལ་ཕྲན་གྱི་ཚུལ་དུ་བྱས་ནས་སྡོད་པ་ཡིན་ནོ། །གཞན་རྒྱལ་སྲས་ཁྲི་ལྡེའི་མངའ་ཁུལ་གྱི་ཟི་ལིང་དང་། ཙོང་ཁ་ཕྱོགས་སུ་དམག་འཁྲུག་མ་བྱས་མངོན་ལ། ཕྱོགས་གཞན་དུ་གཡུལ་ཆེན་བཅོ་བརྒྱད་ལེགས་པར་བྱས་ནས་མདོ་ཁམས་ཡོངས་ལ་དབང་དུ་སྒྱུར་ཞིང་། བོད་ཡུལ་ཕལ་ཆེར་ལ་ལུང་འབེབས་པ་བྱུང་ངོ་ཞེས་མཁས་དབང་མུ་དགེ་བསམ་གཏན་མཆོག་གིས་གསུངས་པ་ནི་སྡོམ་ཚིག་ཡང་དག་པ་ཡིན་ནོ། །
    བཞི་པ་གེ་སར་གྱི་ལོ་རྒྱུས་དང་སྒྲུང་རྣམས་སུ་གཏམ་གལ་ཆེན་རྣམས་ཚིགས་བཅད་ཀྱི་གླུ་རུ་བླངས་ནས་ཤོད་པའི་ཆོད་ལ་དཔྱད་པས། དེ་ཡང་གནའ་བོའི་དུས་སུ་བོད་ཀྱི་རྒྱལ་བློན་དག་གི་ཆབ་སྲིད་ཀྱི་གྲོས་མོལ་བྱེད་ཚེ་དོན་ཆེན་རྣམས་མགུར་རམ་གླུ་རུ་ལེན་པའི་སྲོལ་ཡོད་པ་གྲི་གུམ་གྱི་སྲས་སེས། འདབ་ཉི་ཉེ་བས་ཉིད་བྱ་རེ་རེ་ནང་མདུང་གི་རྩེ་རང་ནིག ཡོས་རེ་རེ་ནང་ལྷམ་གྱི་གོང་ར་ནིག ལྷ་ཡུལ་དང་ཕྱིས་སུ་རིམ་གྱིས་འཕེལ་རྒྱས་བྱུང་སྟེ་བོད་ལུས་བྲོང་གི་དུས་སྐབས་སུ་དགུང་སྔོན་ནི་རིམ་བདུན་གྱི། ལྷ་ཡུལ་ནི་དགུང་སྔོན་དང་ནས། ལྷ་སྲས་ནི་མྱིའི་མགོ་རུ། མྱི་ཡུལ་ནི་ཐམས་ཅད་དང་མྱི་མཚུངས་ནི་མྱི་འདྲ་སྟེ། ལྷ་ཡུལ་དང་སྲོང་བཙན་དུས་རྒྱལ་བློན་དག་གི་གསུང་པ་རྒྱལ་བློན་བཅུ་གསུམ་དང་ནོན་ཉའི་ནི་སྟག་མཆིག་པ། སྟག་བཀུམ་ནི་ཟུ་ཙེས་བཀུམ། ལྷ་ཡུལ་དང་ཁྲི་སྲོང་གི་སྐབས་སུ་བསམ་ཡས་འཛོམས་སྐབས་རྗེ་བློན་བླ་མཆོད་བཅས་པས་གླུ་མང་པོ་བླངས་བ་རྒྱུད། ཁྱད་པར་དུ་བོད་སིལ་བུའི་དུས་སུ་སྲོལ་དེ་དར་བའི་རྩེར་སོན་ཏེ་མཆོག་དམན་ཀུན་གྱི་གཏམ་གལ་ཆེ་བ་ཐམས་ཅད་ཚིག་བཅད་ཀྱི་གླུར་ལེན་པའི་སྲོལ་ཡོད་པ་ཕྱོགས་མང་པོ་ནས་མཐོང་ཐུབ་སྟེ། གེ་སར་དང་ཕལ་ཆེར་དུས་མཚུངས་པའི་ལྷོ་བྲག་མར་པའི་གསུང་མགུར་དང་། དམ་པ་སངས་རྒྱས། མི་ལ་རས་པ། མ་ཅིག་ལབ་སྒྲོན་སོགས་ཀྱི་གདུལ་བྱ་རྣམས་ལ་གསུང་མགུར་ཐད་ཀར་ལེན་པའི་ཚུལ་དང་ཇོ་བོ་རྗེ་བོད་དུ་ཕེབས་སྐབས་ལྷ་བཙན་པའི་བསུ་པ་མི་དྲུག་གི་གཙོ་བོ་སྲུང་བྱ་བས་ཇ་འདྲེན་གྱི་ཚིག་དང་། རླངས་སྟོན་གྱི་ཞུ་བ་ཞུས་ལན། གེ་སར་སྒྲུང་རྙིང་རྣམས་ཀྱི་གླུ་ཚིག་བཅས་ལ་བལྟས་ཀྱང་ཤེས་ནུས་ལ། རྗེས་སུ་རིམ་གྱིས་སྲོལ་དེ་མེད་པར་གྱུར་ཀྱང་། ད་དུང་བླ་མ་རྣམས་ཀྱི་ཞལ་གདམ་གསུང་མགུར་ལེན་པ་དང་། སྦྲ་ནག་སོགས་ཡུལ་གྲུ་ཁ་ཤས་སུ་ལ་ཤགས་ཞེས་ཕན་ཚུན་གླུ་བླངས་ནས་སྐད་ཆ་ཤོད་རེས་བྱེད་པ་ཡོད་པ་ནི་སྔོན་སྲོལ་དེ་མ་ནུབ་པའི་རྗེས་ཤུལ་གསོན་པོ་མངོན་སུམ་ཞིག་ཡིན་ནོ། །

  • ལེ་ཚན་སྔོན་མ།:གླིང་དཀར་མི་དབང་ཆོས་རྒྱལ་ཆེན་པོའི་རིགས་རུས་ཀྱི་ཁྱད་པར་དང་གདུང་རབས་བཅས་པ་མདོར་ཙམ་བརྗོད་པ།
  • ལེ་ཚན་རྗེས་མ།:གླིང་སེང་ཆེན་རྒྱལ་པོའི་རྟོགས་པ་བརྗོད་པ་ལས་གཡུ་རོང་བསེ་རྫོང་ཕབ་པའི་ལོ་རྒྱུས་མདོར་བསྡུས་དང་ས་མིང་ངོ་སྤ
  • དོ་སྣང་ཆེ་བའི་རྩོམ།