གླིང་དཀར་མི་དབང་ཆོས་རྒྱལ་ཆེན་པོའི་རིགས་རུས་ཀྱི་ཁྱད་པར་དང་གདུང་རབས་བཅས་པ་མདོར་ཙམ་བརྗོད་པ།

དཀོན་མཆོག་རྡོ་རྗེ།        2012-10-09

གླིང་དཀར་མི་དབང་ཆོས་རྒྱལ་ཆེན་པོའི་རིགས་རུས་ཀྱི་ཁྱད་པར་དང་གདུང་རབས་བཅས་པ་མདོར་ཙམ་བརྗོད་པ།

རླངས་ཀྱི་པོ་ཏི་བསེ་རུ་ལས།འབངས་ཀྱི་མི་རབ་ལ་འབྱུང་བ་རྣམས་ལྔའི་སྙིང་པོ་ལ།སྒོ་ང་ཆེན་པོ་གཅིག་ཡོད་པ།ཕྱི་ཡི་སྒོང་ཤུན་ལ་ལྷ་བྲག་དཀར་པོ་ཆགས། ནང་གི་སྒོང་ཆུ་ལ་དུང་མཚོ་དཀར་མོ་འཁྱིལ། བར་གྱི་སྒོང་ནི་དར་ཆགས། རིགས་དྲུག་སེམས་ཅན་ཀུན་ཏུ་གྲོལ། སྒོང་འབྲུ་གསུམ་གྱི་བཅོ་བརྒྱད་ཆགས། སྒོ་ང་བཅོ་བརྒྱད་འབྲིང་པོ་དེ། དུང་སྒོང་གཅིག་ཏུ་ཡལ་ནས་བྱུང་ཞེས་བཤད་པ་བཞིན། དུང་སྒོང་དེ་ལ་དབང་པོ་དང་ཡན་ལག་རྣམས་སོ་སོར་ཡིད་ལ་སྨིན་པ་བཞིན་བྱུང་བ་ལ། སྲིད་པ་ཡེ་སྨོན་རྒྱལ་པོ་བཏགས། དེ་ལ་སྲས་འབྲུ་སྲས་དབང་ལྡན་འཁྲུངས།དེའི་སྲས་ཟོ་དྲས་སྐྱེས་གཅིགདེ་ལ་སྲས་མི་རབ་མཆེད་གསུམ་གྱི་ཆུང་བ་རྟག་ཚ་འམ་འོ་གྱི་སྲས་སུ་མགུར་ལྷ་མཆེད་བཞི་བྱུང་།དེ་བཞིའི་ཆུང་བ་སྲས་ཡབ་ལྷ་སྡེ་དྲུག་བྱུང་བའི་ཆུང་བ་འོད་དེ་གུང་རྒྱལ་ལ་སྲས། ལྷ་ཚ་མཆེད་དགུ། ཀླུ་ཚ་མཆེད་དགུ།  གཉན་ཚ་མཆེད་དགུ། ཀླུ་ཚ་མཆེད་བརྒྱད། དེ་སུམ་ཅུ་རྩ་ལྔ་བྱུང་བའི་ཆུང་བ་སྲིད་པ་སྣེ་ཁྲམ་ལག་ཁྲ། དེའི་སྲས་ལ་ལ་རྒྱལ་པོ། དེའི་སྲས་གསུམ་གྱི་ཆེ་བ་རྒྱལ་བུ་མཐིང་གེ། དེའི་སྲས་བོད་འཇོངས་ལ་སྲས། དེའི་སྲས་རྒྱ་ཁྲིམ་ལ་ཞང་། དེ་ལ་སྲས་ཆེ་ཆུང་གསུམ། བརྒྱུད་བརྒྱད་དུ་ཡོད་པ་ལས། ཆུང་བ་ལ་སྲས་གསུམ་བྱུང་བའི་ཐ་ཆུང་ཁྲི་རྗེ་གཉན་བྱང་གི་སྲས་དཔལ་ལྷ། དེའི་སྲས་ཨ་མེ་ལི་ཟི་ཁྲི་དོ་ཆེན་པོ་རྡོ། དེ་ལ་ཇོ་མ་གཉེན་བཟའ། རླུང་བཟའ། སྲིན་བཟའ་གསུམ་ལས། གཉེན་བཟའ་ཤ་མིག་མ་ལ་སྲས་གསུམ་གྱི་ཆེ་བ་སྨུག་པོ་གདོང་། དེ་འོག་སོ་ཆུང་སྦྲ། ཆུང་བ་ལ་ལྕགས་འབྲུ། རླུང་བཟའ་ལ་སྲས་གཅིག་བྱུང་བ་རླུང་ཚ་སྒ། སྲིན་བཟའ་ལ་སྲས་གཉིས་བྱུང་དབལ་ཟླ་གཉིས་ཏེ། བོད་མིའུ་གདོང་དྲུག་ཏུ་གྱིས་པའི་གཉེན་བཟའ་ཤ་མིག་མའམ་གཉེན་མོ་རག་དཀར་ཨ་མཚོའི་སྲས་སུ་གདོང་ཆོས་ལ་འཕེལ།དེ་ནས་རྒྱལ་རབས་སུམ་ཅུ་རྩ་བདུན་མཚམས་སུ་ཆོས་འཕེལ་ནག་པོ་འཁྲུངས་ཤིང་། དེ་ལ་གསེར་བཟའ། འམ་བཟའ། སྤྱང་བཟའ་གསུམ་ཁབ་ཏུ་བཞེས། སྲས་རིམ་བཞི། ལྷ་གཡག་དར་དཀར་ཁྲི་སྐྱོང་པར་རྒྱལ། དགྲ་རྒྱལ་འབུམ་མེ་གསུམ་འཁྲུངས་ཤིང་། དེ་དག་གི་བརྒྱུད་པར་ཆེ་འབྲིང་ཆུང་གསུམ་གྲགས་པ། གསེར་པ་མཆེད་བརྒྱད། འམ་བུ་ཚོ་དྲུག    མུ་སྐྱོང་སྡེ་བཞི་གྱིས་པའི་ཆུང་རྒྱུད་འབུམ་མེའི་སྲས་ཐོག་ལྷ་འབུམ། དེའི་སྲས་ཆོས་ལྷ་འབུམ། དེ་ལ་རང་བཟའ། སྒ་བཟའ། རྨུ་བཟའ་གསུམ་ཁབ་ཏུ་བཞེས་པས། རང་བཟའ་ལ་སྤྱི་དཔོན། རྨུ་བཟའ་ལ་སེང་བློང་། སྒ་བཟའ་ལ་གཡུལ་རྒྱལ་གསུམ་བྱུང་ཞིང་། དེ་ལས་སིང་བློན་གྱིས། རྒྱ་བཟའ། རོང་བཟའ། འགོགས་བཟའ་གསུམ་ཁབ་ཏུ་བཞེས་པས་སྲས་གསུམ་བྱུང་བ། རྒྱ་ཚ་ཞལ་དཀར། རོང་ཚ་དམར་ལེགས། འགོགས་ཚ་འཛམ་བུ་གླིང་གི་སྐྱེས་མཆོག་ནོར་བུ་དགྲ་འདུལ་ཞེས་མཚན་སྙན་པའི་འབྲུག་སྒྲ་འཇིག་རྟེན་གསུམ་ན་ཁྱབ་པ། སྐུ་གྲགས་པའི་དར་ཆེན་སྲིད་པ་གསུམ་ན་མཐོ་བ་གང་དེ་འཁྲུངས་ཤིང་།དེ་དག་གི་ནམ་མཁའ་ལ་ཉི་ཟླ་སྐར་གསུམ་ས་གཞི་ན་སེང་བློན་བུ་གསུམ་ཞེས་གྲགས་པའི་ཡ་གྱལ་རྒྱལ་ཚ་ཞལ་དཀར་གྱིས་རག་བཟའ་ཁབ་ཏུ་བཞེས་སྲས་དགྲ་ལྷ་རྩེ་རྒྱལ་ལམ་དགྲ་འདུལ་ལྷ་རྩེ།དེའི་སྲས་ཨ་གཉེན་རྒྱལ་བ་སྐྱབས། དེ་ལ་སྲས་གསུམ་བྱུང་བ། བདག་པོ་ཨ་ཡག་འབུམ་རྒྱལ། སྟག་སྡེ་གཡུང་དྲུང་སྐྱབས། གླིང་སྒོམ་པ་གྲུབ་ཐོབ་དཔལ་གྱི་སེངྒེ་གསུམ། ཨ་ཡག་འབུམ་རྒྱལ་གྱི་སྲས་རིན་ཆེན་རྡོ་རྗེ། དེའི་སྲས་ཁྲམ་འཕེན་དང་རིན་ཆེན་སྐྱབས་གཉིས། ཁྲམ་འཕེན་གྱི་སྲས་དགེ་འཕེན་རྟག་དར། དྲུང་ཤཀྱ་རིན་ཆེན་གཉིས། སྔ་མའི་སྲས་དུ་སི་སངས་རྒྱས་རྒྱལ་མཚན། དེའི་སྲས་དུ་སི་སེངྒེ་རྒྱལ་མཚན། འདི་ལ་སྲས་དུ་སི་བསྟན་འཛིན་ཡེ་ཤེས།ཆེན་པོ་བདག་དྲུང་།ཙན་ཤིགགང་ཝང་ཐར་པ་རྒྱལ་མཚན།ཁྲི་དཔོན་འོད་ཟེར་རྒྱལ་མཚན་ཏེ་བཞི་བཞུགས།དུ་སི་བསྟན་འཛིན་ཡེ་ཤེས་སྲས།དུ་སི་ཀརྨ་རྒྱལ་མཚན།དེའི་སྲས་དུ་སི་ཚེ་རིང་བཀྲ་ཤིས།དེའི་སྲས་བདག་ཆེན་བསོད་ནམས་བཟང་པོའམ་བིང་ཐུར་ནོར་ཡོན།དེའི་སྲས་མགོན་པོ་རིན་ཆེན། དེའི་སྲས་མགོན་པོ་ལྷུན་གྲུབ་ལ་སྲས་མཆེད་གཉིས་ཏེ།ཆེ་བ་སི་ཏུ་དགུང་ལོ་བཅོ་བརྒྱད་ལ་གྲོངས། དེའི་གཅུང་རྡོ་རྗེ་བཟང་པོའི་སྲས་མགོན་པོ་རྣམ་རྒྱལ་ལ་སྲས་མེད་དེ་མཆེད་དྲུང་པ་ཨོ་རྒྱན་ཚེ་རིང་གིས་སྲིད་སྐྱོང་བའི་སྲས་ཆེ་བ་ཀུན་དགའ་བསོད་ནམས་སམ་གར་དབང་འགྲོ་འདུལ་རྩལ་དང་།འབྲིང་བ་མགོན་པོ་དར་རྒྱས།དེའོག་སྲས་ཆུང་ངུ་གཤེགས།ཅུང་མགོན་པོ་དགྲ་འདུལ་ཏེ་བཞི་ལས་ཆུང་བའི་སྲས་སུ་འཇམ་དཔལ་དང་།མཆེད་གཅིག་ཆུང་ངུ་དུས་གྲོངས། འཇམ་དཔལ་གྱི་སྲས་ཡབ་རྗེ་དབོན་ཆོས་སྐྱོང་། དེའི་སྲས་ད་ལྟ་ལྷ་སྲས་ཡིད་བཞིན་དབང་རྒྱལ་བར་གདུང་རབ་དྲུག་བཅུ་རྩ་གཉིས་བར་བྱོན་པ་འདི་རྣམས་ཀྱི་སྐུ་རིང་ལ།བླ་པ་སྟོན་བྱང་ཆུབ་འདྲེ་ཁོལ། བདེ་གཤེགས་ཕག་མོ་གྲུབ་པ། ཀཿདམ་པ་བདེ་གཤེགས། ཀརྨ་པ་རང་བྱུང་རྡོ་རྗེ། གྲུབ་ཐོབ་མ་ཎི་རིན་ཆེན། འབྲི་གུང་བྱང་ཆུབ་གླིང་པ། ས་པཎྜིཏ་ཀུན་དགའ་རྒྱལ་མཚན། འགྲོ་མགོན་ཆོས་རྒྱལ་འཕགས་པ། གྲུབ་ཆེན་སངས་རྒྱས་ཡེར་པ། ཆོས་རྗེ་ཀརྨ་པ་དེ་བཞིན་གཤེགས་པ། བདུན་པ་ཆོས་གྲགས་རྒྱ་མཚོ།འཇིག་རྟེན་མིག་གཅིག་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོ།གཏེར་ཆེན་བདུད་འདུལ་རྡོ་རྗེ་སོགས་མཁས་གྲུབ་དམ་པ་མང་པོ་བརྟེན་ཅིང་རིས་སུ་མ་ཆད་པའི་བསྟན་པ་དང་དེ་འཛིན་རྣམས་ལ་སྲི་ཞུ་ཞབས་ཏོག་སྒྲུབ་པ་སོགས་རྣམ་དཀར་གྱི་མཛད་ཁྱབ་ཤ་སྟག་བྱུང་ཞིང་།ཁྱད་པར་གདུང་རབ་ལྔ་བཅུ་རྩ་མགོན་པོ་ལྷུན་གྲུབ་ཀྱི་སྐུ་དུས་བདུད་འདུལ་རྡོ་རྗེ་དབུ་ཡི་མཆོད་གནས་སུ་བཀུར་ནས་མཉེས་པ་གསུམ་རྣམ་ཐར་དག་པ་ཞབས་ཏོག་སྒྲུབ་ཟབ་གཏེར་ཐུགས་ཆེན་ནམ་མཁའ་རྒྱལ་པོའི་བཀའ་བབས་སྒྲུབ་ཆེན་ལན་བདུན་སོགས་མཛད་དེ་ངོ་མཚར་བའི་ལྟས་དང་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པར་འབྱུང་ཞིང་།འདུས་པ་སྟོང་ཕྲག་སོགས་ཀྱིས་མ་ཎི་བུམ་སྒྲུབ་ཆེན་པོའི་རྒྱུན་ཇི་སྲིད་བར་གཏན་འཇགས་གནང་བ་སོགས་རྒྱལ་བསྟན་ལ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་བྱེད་པ་རྒྱལ་བ་རྣམས་ཀྱི་འཕྲིན་ལས་བསམ་བཞིན་དུ་འཁོར་ལོ་སྒྱུར་བའི་རྒྱལ་པོའི་ཚུལ་བྱོན་པ་མ་རྟོག་སྨུག་གདུང་གི་བརྒྱུད་མེད་དེ་ལྷ་གླིང་ལས་སྨུག་པོའི་གདུང་དང་ཡེ་གེ་ཨ།  མ་བསྟོད་གང་གི་ཆེ་བ་ཡིན། ཅེས་སོ། །
  • ལེ་ཚན་སྔོན་མ།:མདོ་ཁམས་སྡེ་དགེའི་ཡུལ་གྱི་ཁྲ་མོ་གླིང་དང་འབྲེལ་བའི་རྗེས་ཤུལ་འགའ་ཞིག་གསལ་བར་བརྗོད་པ་སེང་ཆེན་དགྱེས་པའི་
  • ལེ་ཚན་རྗེས་མ།:གེ་སར་རྒྱལ་པོའི་རིགས་རུས་ཆོ་འབྲངས་དང་འཁྲུངས་འདས་སོགས་སྐོར་གྱི་དཔྱད་པ་དྲང་སྲོང་དགྱེས་པའི་བདེན་གཏམ
  • དོ་སྣང་ཆེ་བའི་རྩོམ།