གསེར་ཐར་ཡུལ་དང་ཁྲ་མོ་གླིང་།

ཞི་ཆུང་།        2012-10-09

དེང་དུས་གེ་སར་ལ་ཞིབ་འཇུག་བྱེད་པའི་མཁས་པ་མི་ཉུང་བ་ཞིག་གིས་གླིང་གེ་སར་རྒྱལ་པོ་ནི་མི་རྣམས་ཀྱི་རྟོགས་བཟོ་བྱས་པ་ཙམ་གྱི་ལྷ་གཅིག་མ་ཡིན་པར།བོད་མི་རིགས་ལོ་རྒྱུས་ཐོག་ཏུ་དངོས་སུ་ཡོད་མྱོང་བའི་དཔའ་བོ་གཅིག་ཡིན་པ་ཀུན་གྱི་ལྟ་བ་གཅིག་མཐུན་དུ་གྱུར་པའི་མ་ཚད། ཁོང་སྐུ་འཁྲུངས་པའི་དུས་རབས་སམ། འཁྲུངས་ཡུལ། སྲིད་ཀྱི་གཞི་ས། ཚོ་བ་དང་རིགས་རུས་གདུང་རྒྱུད་སོགས་ཐད་དཔྱད་གཏམ་ཤིན་ཏུ་བདོ་ལ།བདེན་རྟགས་གྲུབ་རྗེས་ཡང་མང་ཙམ་བཀོད་ཡོད་དོ།།དེ་ཡང་གླིང་གེ་སར་རྒྱལ་པོའི་དུས་སྐབས་སུ།གསེར་ཐར་ཡུལ་གྲུ་ཐམས་ཅད་སྟོད་གླིང་གསེར་པ་མཆེད་བརྒྱད་ཀྱི་སྡོད་གནས་ཡིན་ལ།གསེར་ཐར་ནི་གསེར་བའི་ཉི་འབུམ་དར་ཡག་གི་སྐུ་ཡུལ་ཡིན་པ་དང་།གསེར་ཐར་གྱི་འབྲོག་མི་ནི་གླིང་གེ་སར་རྒྱལ་པོའི་གདུང་རྒྱུད་ཡིན་པར་ལུང་གིས་སྒྲུབ་བྱེད་དང་དོན་གྱི་སྒྲུབ་བྱེད་མང་ཙམ་ཡོད་པ་ལས།ཐོག་མར་གེ་སར་གྱི་རིགས་རུས་ལ་དཔྱད་ན།སྒྲུང་ཡིག་གང་དང་གང་ཡིན་པ་དེ་དང་དེ་ཐམས་ཅད་ཀྱི་ནང་དུ།སེང་ཆེན་རྒྱལ་པོ་ཁོང་ནི་བོད་ཀྱི་གདོད་མའི་རུས་ཆེན་བཞི་ཡི་ཡ་གྱལ་སྨུག་པོ་ལྡོང་ལས་ལྡོང་ར་ཁྲ་རྒན་པོའི་རྒྱུད་པ་ལྡོང་སེང་བློན་གྱི་ལྷ་སྲས་ཡིན་པ་ཤིན་ཏུ་གསལ།དེ་ན་སྔར་གསེར་ཐར་ལ་དབལ་ཤུལ་གསེར་ཐལ་ཟེར།དབལ་ཤུལ་ནི་གསེར་ཐར་དཔོན་རྒྱུད་ཀྱི་རིགས་རུས་ཡིན་པའི་ཕྱིར་རོ།།དབལ་ཤུལ་ཅེས་པ་དེ་ཡང་མདོ་ཁམས་འབྲོག་ཁུལ་གྱི་རུས་རྒྱུད་ལྡོང་ཤུལ་ཆེན་བཅོ་བརྒྱད་ཀྱི་ཐོག་མ་ཡིན།རུས་དེ་དག་གི་བྱུང་ཁུངས་ཚང་མ་སྨུག་པོ་ལྡོང་གི་རུས་ལས་མཆེད་པ་ཨ་མདོ་ཆོས་འབྱུང་ལས་ཤིན་ཏུ་གསལ།དབལ་ཤུལ་གསེར་ཐར་འབྲོག་པས་སྔར་གཏམ་བཤད་པའི་སྐབས་སུ།ངེད་དབལ་ཤུལ་གསེར་ཐར་དཔོན་རྒྱུད་རྒྱུན་མ་ཆད་གངས་འདབས་ཀྱི་ཆབ་རྒྱུན།གདུང་མ་ཆད་སྨུག་པོ་ལྡོང་གི་རྒྱུད།སྲིད་པ་ཆགས་ཀྱི་གངས་རྒན་ཡིན་ལ།མདང་སུམ་ཆགས་པའི་བ་མོ་མིན།ལྷ་བླ་མ་མིན་ན་ཕྱག་མི་འཚལ།གུར་དཀར་ཆུང་མིན་པར་མགོ་མི་སྒུར་ཞེས་ཤོད་སྲོལ་ཡོད་པ་དེས་ཀྱང་དབལ་ཤུལ་གྱི་བྱུང་ཁུངས་དང་ལྡོང་ཤུལ་ཆེན་བཅོ་བརྒྱད་གྲལ་གྱི་ཐོབ་ཐང་སོགས་མཚོན་ནས་གདའ།དེ་ལྟར་དབལ་ཤུལ་གསེར་ཐར་གྱི་འབྲོག་མི་རྣམས་སེང་ཆེན་རྒྱལ་པོའི་གདུང་རྒྱུད་ཡིན་པར་སོམ་ཉི་མི་དགོས་སྙམ།སླར་གླིང་པའི་སྲིད་ཀྱི་མངའ་ཁོངས་ལ་དཔྱད་ན།མཁས་དབང་དམུ་དགེ་བསམ་གཏན་གྱི་མདོ་སྨད་ལོ་རྒྱུས་ལས།ས་ཡི་ཆ་གླིང་གི་ཡུལ་ཞེས་པ་ནི་སྒང་དྲུག་ལས་ཟལ་མོ་སྒང་དུ་གྲགས་པ་འདི་ལ་གླིང་ཁྲི་གོང་འོག་བར་གསུམ་གླིང་ཁྲི་གོང་མ་ནི་ཁམས་སྟོད་འབྲི་ཀླུང་གི་ས་ཆ་རྣམས་དང་།མདའ་ན་ལྡོང་སེང་བློན་ཡོད།གླིང་ཁྲི་བར་མའི་ས་ཆ་ནི་ཤར་ཟླ་རོལ་ས་ཆ་རྣམས་དང་།གླིང་ཁྲི་འོག་མ་ནི་མདོ་ཁམས་སྨར་རོལ་ཡིན་པར་བཤད་ལ།གླིང་ཁྲི་ཞེས་པ་ནི་མི་སྡེ་ཁྲི་ཚོགས་རེའི་བདག་པོ་ཡིན་ཞེས་གསུངས་པ་དང་།བོད་མི་བུ་གདུང་དྲུག་གི་རུས་མཛོད་མེ་ཏོག་སྐྱེ་ཚལ་ནང་དུ་ཡང་དེ་ལྟར་གསུངས་ཡོད་པར་དཔྱད་ན།གླིང་ཆེ་འབྲང་ཆུང་རྒྱུད་གསུམ་སྟོད་ནས་སྨད་དུ་རིམ་བཞིན་ཆགས་པར་དེའི་ནང་གི་ཟླ་རོལ་ཞེས་པའི་ཁག་གཅིག་གསེར་ཐར་མངའ་ཁོངས་ཡིན་ལ།སྨར་རོལ་ཅེས་པ་དེ་ཡང་གསེར་ཐར་གྱི་ས་མཚམས་མཚོ་སྔོན་ཞིང་ཆེན་པདྨ་རྫོང་གི་ཁོངས་སུ་གཏོགས་ཏེ།ཟླ་རོལ་དང་སྨར་རོལ་གཉིས་ཀྱི་བར་དུ་གསེར་ཐར་གྱི་ས་ཆ་ཡིན།གཞན་ཡང་གཏེར་སྟོན་རིག་འཛིན་ཉི་མས་གཏེར་ནས་སྤྱན་དྲངས་པའི་སྒྲུང་ཡིག་འཁྲུངས་གླིང་ནང་དུ་རྒྱལ་བློན་གྲོས་བྱས་ནས་སྨར་འཛུ་རྡོ་གསུམ། གསེར་འོམ་སྙི་གསུམ་རྫ་ཁོག་སོགས་རྒྱ་གང་ཆེ་རྣམས་སུ་དཔའ་ཐུལ་གཞོན་ནུ་རྣམས་ཀྱི་མཁར་དང་ཞིང་ས་བྱས།གླིང་སྡེ་ཁ་རྒྱ་བསྐྱེད་ཅེས་གསུངས།དེའི་ནང་གི་རྡོ་གསེར་འོམ་སྙི་སོགས་ཚང་མ་གསེར་ཐར་གྱི་ས་ཆ་ཡིན།ཡང་ན་སྒྲུང་གཏེར་ཉི་མ་རང་ཤར་གྱི་འཁྲུངས་གླིང་ལས་གླིང་བསྟན་པ་སྔ་ནས་དར་དུས་སུ་རྨ་ཡུལ་ཆེ་གསུམ་གླིང་གི་ཡུལ།གསེར་ཁོག་ཐང་དང་སྨར་མདོ་བཅས་ཐམས་ཅད་གླིང་ཡུལ་གྱུར་ཉིན་པར་ཅེས་གསུངས་པ་ལྟར་རོ།།གེ་སར་རྒྱལ་པོའི་སྒྲུང་བྷེ་གླིང་གཡུལ་འགྱེད་ནང་དུ།ཡར་བལྟས་སྟོད་གླིང་གསེར་ཁོག་གི།འབྲོང་སྙིང་ཐང་ལ་བཞག་འདྲ་འདི།། གསེར་སྟོད་མགོན་པོ་འབྲོང་རི་རེད། །ཆེ་རྒྱུད་གླིང་གི་སྐྱེས་ལྷ་ཡིན། ། ཁོང་མཆོད་ན་ཅི་བསམ་འགྲུབ་ལེ་ཡིན།།ཅེས་བསྙད་པ་གསེར་མགོན་པོ་འབྲོང་རི་ཟེར་བ་དེ་གསེར་ཐར་སྤྱི་ཁྱབ་ཀྱི་དཀར་ཕྱོགས་སྐྱོང་བའི་གཞི་བདག་ཁྱད་པར་ཅན་ཡིན་དེ་ཀུན་གྱིས་མཆོད་བསྟོད་ཀྱི་གནས་སུ་གྱུར།གནས་ཆེན་འདིའི་མཐའ་འཁོར་དུ་གླིང་སེང་ཆེན་རྒྱལ་པོའི་གནའ་ཤུལ་དང་གཏེར་གནས་ཤིན་ཏུ་མོད།ཟབ་ཆོས་མཁའ་འགྲོའི་སྙིང་ཐིག་ལས་འབྲོང་རིའི་དཀར་ཆགས་ལས།བྲག་རི་ཆོས་སྒོ་བརྒྱད་ཁྲི་བརྩེགས་འདྲ་ན༔གླིང་རྗེ་གེ་སར་རྒྱལ་པོའི་ཕྱག་ཆ་ཡོད༔གེ་སར་རྒྱལ་པོའི་ཆིབས་རྗེས་ཁྱི་ཡི་རྗེས་ཞེས་དང་།ཤར་སྟོད་མགོན་པོ་འབྲོང་རིའི་བཀོད་བྱང་ན༔ཕྱི་ནི་རི་བོ་ནང་ནི་བཙན་རྫོང་འདྲ༔དེ་དབུས་གླིང་རྗེ་གེ་སར་རྒྱལ་པོ་ལ༔དཔལ་ཐུལ་སུམ་ཅུ་ལ་སོགས་འཁོར་གྱིས་བསྐོར༔གནུས་སྲུང་རྡོ་རྗེ་དཔའ་བོ་འཇིགས་པའི་གཟུགས༔ཅེས་དང་།གེ་སར་དབུ་ཞ་ཕྲེང་བ་གཏེར་དུ་ཡོད༔རྡོ་ཡི་ཨ་ལི་བསམ་མེད་འགྲོ་ཤུལ་ཡོད༔གེ་སར་རྒྱལ་པོའི་བསང་ཁྲི་ཆིབས་རྟའི་རྗེས༔རྟ་ཕོ་བཏགས་པའི་རྡོ་རིང་ཕུར་པ་ཡོད༔གེ་སར་མདའ་འཕེན་རྡོ་ཡི་གཏོར་མ་ཡོད༔བདུད་ཕོ་བསྒྲལ་པའི་གློ་སྙིང་མགོ་གསུམ་ཡོད༔གེ་སར་ཉམས་མགུལ་གླུ་ཆུང་གཏེར་དུ་ཡོད་ཅེས་གསུངས་པ་ལྟར་རོ།།མདོར་ན་གསེར་ཐར་རྩྭ་ཐང་འདི་སྔར་ཁྲ་མོ་གླིང་གི་ས་ཆ་ཡིན་ཅེ་ན་མི་འཐད་པ་གང་ཡང་མེད་སྙམ།གསེར་ཐར་ཡུལ་གྲུ་ཀུན་ཏུ་གླིང་གི་གནའ་ཤུལ་དང་ངག་རྒྱུན་སྣ་ཚོགས་ཏེ་མུ་མཐའ་བྲལ་བའི་རྩྭ་ཐང་དུ་རྒྱུ་བའི་དྲི་བཞོན་ཇི་བཞིན་ས་ཁྱབ་རྡོ་ཁྱབ་ཏུ་གྱུར།འཛམ་གླིང་ས་བཤད་ལས།བྲག་དམར་ལུས་ཀྱི་ཁུགས་སོ་ན།གསེར་མཁར་ཆུ་རུ་གནམ་རྫོང་ཡོད༔ད་ལ་དཔའ་རྒོད་ཡང་ཐུལ་ལ།གསེར་བའི་ཉི་འབུམ་དར་ཡག་བཞུགས།ཞེས་པ་ལྟར་གསེར་ཐར་རྫོང་གྲོང་ཤར་ཕྱོགས་ཀྱི་ལེ་དབར་སུམ་ཅུའི་མཚམས་ན།བྲག་རི་ལྷ་ལམ་བསྙེགས་འདྲ་ཆུ་བོ་གཡུ་འབྲུག་འཁྱིལ་འདྲ་ལྗོན་ཤིང་ལྟ་ན་སྡུག་པ་དལ་བབ་གསེར་ཆུའི་ནུབ་རྒྱུད་བལྟས་ན་ཉམས་སྤྲོ་བའི་ས་འཛིན་གཅིག་མཆིས་པ་དེར། གསེར་གྱི་རྔ་ལ་སྟག་རྩེ་ཟེར་ལ་དེ་ཡང་གསེར་ཁོག་གི་ཟོ་དོར་ཁྱད་པར་གཅིག་གོ། ད
འི་ཉེ་འདབས་སུ་བྲག་རི་ཞིག་གི་ཡར་ཁུག་ན་གསེར་བའི་ཉི་འབུམ་དར་ཡག་གི་མཁར་ཤུལ་ད་ལྟ་ཡང་མངོན་སུམ་དུ་ཡོད།མཁར་ཡོད་ས་དེ་ཕལ་ཆེར་རོང་འབྲོག་གཉིས་ཀྱི་ས་མཚམས་ཡིན། དེའི་སྟོད་ཕྱོགས་ནི་སྔར་ཉི་འབུམ་གྱི་འབྲོག་སྡེ་ཡིན་ལ། སྨད་ཕྱོགས་ནི་རོང་སྡེ་ཡིན། མཁར་ཤུལ་ངོས་འཛིན་བདག་ནི།སྔར་སྙན་པའི་གྲགས་པ་མདོ་ཁམས་ཐ་གྲུ་ཀུན་ཏུ་ཁྱབ་པའི་སྒྲུང་གཏེར་ཉི་མ་རང་ཤར་ཡིན་པར་བཤད། ཕྱིས་སུ་སྐྱེས་ཆེན་དུ་མས་ཞལ་གྱིས་བཞེས། དེ་དག་ལ་ངག་རྒྱུན་གཅིག་ཡོད་པ་འདི་ལྟ་སྟེ།ཉི་འབུམ་དར་ཡག་གསེར་ཡུལ་ཏུ་བཞུགས་དུས་སུ།སྒོག་ཙི་ལེན་རྒྱལ་པོ་ཞེས་པ་ནི་ཉིམ་འབུམ་གྱི་སྒོས་དགྲ་ཡིན་པས།ཉིན་གཅིག་ཙི་ལེན་གྱི་དམག་གིས་ཉི་འབུམ་གྱི་རྟ་དེད་སོང་།གླིང་དམག་ར་མདས་རྗེས་དེད་དེ་གཙང་ཁོག་ཏུ་སླེབས་དུས་རྗེས་ཆོད་ནས་སྒོག་དམག་དང་མདའ་ཁ་འགྲན།ད་ལྟ་ག་པར་ཧྭ་ཁ་ཞེས་པའི་ས་དེ་དེའི་སྐབས་མདའ་ཡིས་བརྒྱབ་ཤུལ་ཡིན་པར་བཤད།མཐར་སྒོག་ཙི་ལེན་རྒྱལ་པོའི་བླ་ཟོག་ར་མ་མགོ་དགུ་དེ། གླིང་གི་འདན་སྲས་གཡུ་འོད་འབུམ་མེས་བཟུང་ནས་བཏུལ་སྐབས། ར་མས་ར་ཅོ་ཡིས་བརྡུང་ཤུལ་ད་ལྟ་གསེར་པའི་ཙ་མདའ་ན་ཡོད།དེའི་སྐབས་འདན་སྲས་ཀྱིས་ར་མ་མགོ་དགུ་ཡི་ར་བར་ནོར་བུ་བླངས་ཏེ།རོ་ས་འོག་ཏུ་མནན་ནས་མ་ཚད་བདུད་བཏུལ་རྟགས་ལ་ས་དེའི་ཐོག་མདའ་སྣེ་ཡི་མཆོད་རྟེན་གཅིག་བྲིས་པས་རྟགས་བཀོད་ཡོད་པ་དང་ནོར་བུ་ཡང་གཏེར་ལ་སྦས་ནས།གླིང་བླ་ག་ནེ་གོན་པས་རྡོ་དྲིལ་གཅིག་བྲིས་ནས་ས་རྟགས་བཞག་པར་ད་ལྟ་དེར་གེ་སར་རྡོར་དྲིལ་ཟེར།སྒོག་ཅེས་པའི་ས་ཆ་དེ་ཡང་དེང་སང་རྟའུ་རྫོང་གི་སྒོག་མདོ་ཡིན་པ་དེར་གནའ་ཤུལ་མང་ཙམ་ཡོད་པ་ཐོས།གླིང་གི་ཕྲ་མེན་ཕུབ་རྫོང་ཕབ་ས་ཡང་ས་ཕྱོགས་དེ་དག་ཡིན་པར་བཤད།ཉི་འབུམ་གྱི་གདན་སའི་ཕྱོགས་བཞིར་ད་དུང་བློན་ཆེན་བཞི་བཞུགས་ཡོད།ཤར་བློན་སྐྱེར་ཐང་བཀྲིས་རབ་བརྟན་ནི་ད་ལྟ་གསེར་ཁོག་གི་སྦོ་མདའ་གྲོང་གི་མི་ཡིན།དེའི་མཁར་ཤུལ་ཀྱང་ས་ཆ་དེར་ཡོ།དེའི་བློན་པོ་རྗེ་དཀར་པདྨ་བསྟན་དེང་སང་གསེར་པའི་ཤེལ་གྲུབ་གྲོང་སྡེའི་མི་ཡིན་ལ།རྗེ་དཀར་ནི་ས་དེའི་ཚོ་རུས་ཡིན་པ་སྔར་རྗེ་དཀར་ཤེལ་གྲུབ་སང་ཟེར།པདྨ་བསྟན་འཛིན་གྱི་ཁང་ཤུལ་ཀྱང་ད་ལྟ་སྦོ་མདའ་གྲོང་གི་ཁོངས་སུ་ཡོད་པས། ས་དེའི་ཞིང་པ་འགས་ལོ་རེ་བཞིན་མཆོད་བསྟོད་བྱེད་སྲོལ་ཡོད། ཤོད་སྲོལ་གཞན་གཅིག་ནི།ར་ཉག་བསྐལ་བཟང་དགོན་གྱི་མཆོག་སྤྲུལ་སེམས་དཔའ་རྡོ་རྗེ་ནི་གསེར་པའི་ཉི་འབུམ་དར་ཡག་གི་སྤྲུལ་པའི་རྣམ་རོལ་ཡིན་པར་བཤད།ཉིན་གཅིག་སྤྲུལ་སྐུ་དེ་གསེར་ཐར་གྱི་ཉི་འབུམ་མཁར་ཤུལ་ལྷོ་ཕྱོགས་སྒང་རྒྱུད་དུ་བྱོན་སྐབས།ཁོང་གི་སྔོན་གནས་རྗེས་དྲན་གྱི་མཚོ་འཁོར་ཁྲོད་དུ།འདས་དོན་གྱི་མུ་འཁྱད་ལ་ལ་འཁོར་ཅིང་སྐུ་འཁོར་རྣམས་ལ་ང་རང་གི་སྐྱེ་བ་སྔོན་མ་ནི་གླིང་གི་དཔའ་ཐུལ་གསེར་བའི་ཉི་འབུམ་དར་ཡག་ཡིན། དེའི་སྐབས་ཉི་གཅིག་ང་སྒང་རྒྱུདའདི་རུ་སླེབས་སྐབས།གླིང་གི་མོ་སྨན་ནས་ཆུང་ལུག་གུ་ཚར་ཡག་གིས་ས་འདིར་ཕྱུག་འཚོ་བཞིན་ཡོད་པར་མཐོང་།དེ་མྱུར་ཏུ་ཁོ་མོའི་གམ་དུ་སོང་ནས་ཁ་མཚར་དང་རྩེད་མོ་ཅུང་ཙམ་བྱས་རྗེས།ཁོ་མོར་དངུལ་གྱི་སོར་གདུབ་ཅིག་ཡོད་པ་དེ་འཕྲོག་ནས།རྡོ་ཕ་བོང་ཆེན་པོ་གཅིག་གི་འོག་ཏུ་སྦས་ནས་སླར་ལམ་དུ་ཆས།ད་དུང་ཡོད་ན་མི་ཤེས་དེ་རིང་འུ་ཅག་གིས་གཅིག་ལྟ་དགོས་ཅེས་གསུངས།དེ་མ་ཐག་གྲཱ་པ་རྣམས་ཀྱིས་རྡོ་ཕ་བོང་ཕར་བསློགས་ནས་བལྟས་ཚེ།དངུལ་གྱི་སོར་གདུབ་རྙེད་བྱུང་བ་མི་མང་པོའི་མཐོང་ཆོས་གྱུར། །གཞན་ཡང་སྔོན་གསེར་ཐར་རྫོང་སྲིད་གྲོས་ཀྲུའུ་ཞི་གཞོན་པ་གཏེར་ཆེན་རིག་འཛིན་གསང་སྔགས་གླིང་པ་འམ་ནུས་ལྡན་རྡོ་རྗེ་དྲག་པོ་རྩལ་ལམ་སེ་ར་ཡང་སྤྲུལ་རིན་པོ་ཆེ།རྗེ་ཉིད་རྫོང་སྲིད་གྲོས་སུ་བཞུགས་སྐབས་ཐོག་མར་སེང་ཆེན་ནོར་བུ་དགྲ་འདུལ་གྱི་སྒྲུབ་སྐོར་དང་བསྐང་གསོལ་ཆ་ལག་བཅས་གཏན་ལ་ཕབ། སྤྱི་ལོ་གཅིག་དགུ་དྲུག་ཅུ་རེ་གཉིས་ལོར། ཁོང་གི་སྤྱན་བསྙུན་ཚུལ་མཛད་ནས། རྒྱ་བོད་ལྷ་རྗེ་གང་གིས་ཀྱང་བཅོས་མ་ནུས་པར། དར་མདོར་འགྲོ་དགོས་པར་བྱུང་བའི་མ་ཚད།སྲིད་གྲོས་ཨུ་ཡོན་མཆོག་ཚང་ཟླ་བ་ཞེས་པ་ཁོང་གི་སྐུ་གཡོག་ཏུ་བརྫངས།དར་མདོ་སྨན་ཁང་དུ་ཉིན་ཉི་ཤུ་ཙམ་བཞུགས་རྗེས་སླར་གསེར་ཐར་བྱོན་པས།གསེར་སྨད་རྔ་ལ་སྟག་རྩེའི་གནས་མདུན་ཉི་འབུམ་མཁར་ཤུལ་ཉེ་འཁོར་དུ་ཕེབས་སྐབས།གློ་བུར་དུ་རླངས་འཁོར་ལ་འགྲོ་རྒྱུ་མེད་པ་བྱུང་།སྤྲུལ་སྐུ་དཔོན་གཡོག་གཉིས་ཕར་སྤང་ཐོག་ཏུ་ཐང་བཞེངས་མཛད་ཚེ།གང་བྱུང་ཆ་མ་ཆོད་པར་ཤར་སེ་རྗེ་ཉིད་ཀྱི་ཕྱག་ཏུ་ཐང་བཞེངས་མཛད་ཚེ་གང་བྱུང་ཆ་མ་ཆོད་པར་ཤར་སེ་རྗེ་ཉིད་ཀྱི་ཕྱག་ཏུ་ལྕགས་ཀྱི་མདའ་མོ་གཞུ་འདོམ་གང་ཙམ་ཡོད་པ་ཞིག་བབ་བྱུང་།དེ་ནས་མདུན་གཡོག་པས་མྱུར་དུ་གོས་ཀྱི་ཕུ་ཐུང་ནང་སྦས་གྲབས་བྱས་ཀྱང་། རྗེ་ཉིད་ཀྱིས་གསང་མི་ཚུགས་པ་མཁྱེན་ནས། ཕར་གཏེར་སྲུང་ལ་བཅོལ་ཆོག་གསུངས་ཤིང་སླར་གར་སོང་ཆ་མེད་དུ་གྱུར།ཁོང་རླངས་འཁོར་ནང་བཞུགས་དུས་རླངས་འཁོར་ཀྱང་བསྒྲོད་ནུས་པར་གྱུར།དེ་ནས་མཆོག་ཚང་ཟླ་བས་མདའ་དེ་ཅི་ལགས་ཞུས་པར།ཁོང་གིས་ལྷ་མདའ་འདི་ནི་གླིང་གི་དཔའ་རྒོད་ཚ་ཞང་འདན་མའི་རེད། ང་སྔར་གླིང་གེ་སར་རྒྱལ་པོའི་སྐུ་རིང་དུ་བློན་ཆེན་འདན་མ་ཡིན་ལ། མདའ་དེ་གཞི་བདག་ལ་བཅོལ་བ་དེ་རིང་ཕྱིར་སྤྲད་པ་རེད་ཅེས་གསུངས།ཕྱིས་སུ་རྗེ་ཉིད་གསེར་ཐར་བཞུགས་སྐབས་ཤིག་ན།ཁོང་དང་མཉམ་འདུག་བྱས་པའི་སྲིད་གྲོས་ཀྱི་དབོན་པོ་དགེ་འདུན་རྒྱ་མཚོ་ལ།མྱུར་བར་ཚོགས་མཆོད་ཞིག་གྲབས་ཀྱིས་དང་དེ་རིང་འུ་གཉིས་ལ་མགྲོན་པོ་གཅིག་ཐོན་རྒྱུ་ཡོད་ཅེས་གསུངས།དགེ་འདུན་གྱིས་ལགས་སོ་ཞུས་ཏེ།ཚོགས་མཆོད་འབུལ་པའི་སྐབས་ཤིག་ན།སིལ་སྒྲ་དང་བཅས་སྐུ་མདུན་དུ་ལྕགས་ཀྱི་མདའ་མོ་གཞུ་འདོམ་གང་ཡོད་པ་ཙམ་བབ། མདའ་དེའི་ངོས་ཐམས་ཅད་བརྡ་ཡིག་ཤ་སྟག་གིས་ཁེངས་ཡོད་པས། ཕྱིས་སུ་རྗེ་ཉིད་ཀྱིས་ཡང་ཐུལ་དམ་པའི་མི་བདུན་གྱི་སྒྲུབས་ཐབས་གསོལ་མཆོད་བཅས་མདའ་དེའི་ངོས་བརྡ་ཡིག་ལས་བཀྲོལ་མཛད་པའི་བྱིན་རླབས་དང་རྣོ་ནུས་ཁྱད་པར་ཅན་ཅིག་བཞུགས་ཟེར།བརྡ་བཀྲོལ་ཚར་རྗེས་བརྡ་ཡིག་དེ་དག་ཀྱང་རང་ཤུགས་ཀྱིས་དག་ནས་མི་མངོན་པར་གྱུར། མདའ་དེ་ད་དུང་མཇལ་ས་ན་ཡོད་དེ་མི་ཀུན་ཡ་མཚན་གནས་སུ་གྱུར། འདི་ལྟ་བུའི་སེང་ཆེན་གྱི་གཏེར་རྫས་ཁྱད་པར་ཅན་གངས་ཅན་ཡུལ་ཏུ་ཡང་མཐོང་དཀོན་པ་ཞིག་རེད་སྙམ།འདི་ཡང་རང་ཐང་གི་མཆོད་རྫས་གཅིག་སྔར་གླིང་གེ་སར་གྱི་རེད་ཅེས་དང་མི་འདྲ་སྟེ།ལྷ་མདའ་དེའི་ངོས་གླིང་གི་ཡང་ཐུལ་དམ་པའི་མི་བདུན་གྱི་སྒྲུབ་ཐབས་གསོལ་མཆོད་བརྡ་ཡིག་ཡོད་པར། མི་རྣམས་ཡིད་བརྟན་འོས་པ་ཞིག་མ་རེད་དམ། གཞན་ཡང་དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུའི་ནང་།གསེར་ཐར་རྫོང་གི་ཐོག་མར་ཧོར་ཤུལ་ཆུ་གློག་ས་ཚུགས་འཛུགས་བསྐྲུན་བྱེད་སྐབས།སླར་ཉི་འབུམ་དར་ཡག་གི་མཁར་ཤུལ་མཐའ་འཁོར་ཏུ་འབྲོག་མི་གཅིག་གིས་ལྕགས་ཀྱི་ཨ་ལུང་བདུན་སྐོར་ལས་གྲུབ་པའི་གོ་ཁྲབ་དང་རལ་གྲི་གཅིག་བྲག་གཏོར་ས་ནས་སྙེད་པ་དེང་སང་རྫོང་རིག་གནས་ཁང་གིས་ཉར་ཚགས་བྱས་ཡོད།ལོ་རབས་བརྒྱད་ཅུ་པ་ནས་བཟུང་སྔར་གསེར་ཐར་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཆོག་སྤྲུལ་ཐེག་ལོས།ཉི་འབུམ་མཁར་ཤུལ་ཏུ་ལོ་རེ་བཞིན་མཆོད་བསྟོད་རྒྱ་ཆེན་མཛད་དེ།ངག་རྒྱུན་རྒས་འཁོག་གཅིག་ལ་ཚེ་སྲོག་གསར་པ་ཐོབ་པ་དང་མཉམ་དུ།སྔར་ཉི་འབུམ་གྱི་མཁར་ཤུལ་ངོས་བཟུང་བ་ཡིན།ས་དེར་བར་ཐག་མི་རིང་བའི་ཧོར་ཤུལ་ཤང་གི་ཁོངས་གཏོགས་ཀྱི་སྙག་ཁོག་ཅེས་པའི་ལུང་བའི་ནང་ན།ཨ་ལྕགས་ཅེས་པའི་རི་བོ་མཐོན་པོ་གཅིག་ཡོད། ས་དེའི་འབྲོག་མི་རྣམས་ཀྱིས་ལོ་རེ་བཞིན་མཆོད་བསྟོད་བྱེད་པའི་སྲོལ་ཡོད། ངག་རྒྱུན་ལྟར་ན་ས་དེ་ནི་གླིང་ཆེ་རྒྱུད་ཀྱི་ཨ་འབར་བུ་ཡི་འཕེན་སྟག་གི་བཞུགས་ས་ཡིན་པར་བཤད།ཨ་ལྕགས་ཀྱི་རི་འདབས་སུ་ཨ་འབར་གྱི་མཁར་ཤུལ་ཡོད་པ་དེང་དུས་ཀྱང་མཐོང་ས་ན་ཡོད།ཨ་ལྕགས་ནི་ཨ་འབར་སྐུ་མཁར་གྱི་རྒྱབ་རི་ཡིན་པའི་ཕྱིར་ཨ་ལྕགས་ཐོགས་དོན་དེ་ནས་བྱུང་།གསེར་བའི་ཉི་འབུམ་དར་ཡག་གི་མཆན་ཁེབ་སྐྱེར་ཐང་བཀྲིས་རབ་བརྟན་དང་རྗེ་དཀར་པདྨ་བསྟན་འཛིན་གཉིས་ཀྱི་འོག་སྡེ་ནི་ད་ལྟ་གསེར་པ་ཞེས་པའི་རོང་སྡེ་འདི་དག་གོ། ས་དེའི་དམངས་ཁྲོད་དུ་ཡང་གེ་སར་གྱི་ཤོད་སྲོལ་གང་མང་མཆིས་པ་ལས། སྦོ་མདའ་གྲོང་སྡེའི་ནུབ་བྱང་ཕྱོགས་ཀྱི་རི་བོ་ཡག་ཡེ་ཞེས་པ་དེ་ནི་བགྲང་བྱ་དྲུག་ཅུ་ལྷག་གི་སྔོན་སྙན་གྲགས་ཤིན་ཏུ་ཆེ་བའི་རྣལ་འབྱོར་པ་གཡུ་ཁོག་བླ་མ་ཆོས་དབྱིངས་རང་གྲོལ་གྱི་གདན་ས་ཁྱད་པར་ཅན་ཡིན་ལ།དུས་སྐབས་ཤིག་ན་མདོ་ཁམས་ཕྱོགས་ཀྱི་ཟབ་ཆོས་དག་ཐོས་བསམ་སྒོམ་སུམ་སྒྲུབ་པའི་གནས་མཆོག་ཏུ་གྱུར་ཏེ།ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སློབ་མ་ཤིན་ཏུ་མང་།དམ་པ་དེ་ཉིད་ཀྱིས་ཀྱང་ཡག་ཡེ་རི་ནི་གླིང་སེང་ཆེན་རྒྱལ་པོའི་སྒྲུབ་གནས་ཡིན་པ་དང་།དགོན་པའི་ཟུར་གྱི་བྲག་དམར་གསང་དུ་གླིང་གི་ཕ་འབུམ་སྦས་ཡོད་ཅེས་གསུངས་མྱོང་།གཡུ་ཁོག་བླ་མ་ཡང་གླིང་གི་དཔའ་ཐུལ་རྣམ་སྤྲུལ་ཡིན་ཅེས་ཤོད་སྲོལ་ཡོད་དེ། ཁོང་གི་ཆོས་སྒར་དུ་ལོ་རེ་བཞིན་གེ་སར་གྱི་སྒྲུང་ལེན་སྲོལ་བཏོད། ཁོང་གིས་ད་དུང་གླིང་གི་དཔའ་ཐུལ་སུམ་ཅུ་སོགས་ཀྱི་སྒྲུང་ལེན་དབྱངས་རྟ་སྣ་ཚོགས་བརྩམས་ཏེ།མགྲིན་ངག་སྙན་པའི་སློབ་བུ་རྣམས་ཀྱིས་དབྱངས་རྟ་དེ་དག་སྦྱོང་ནས་ཆོས་ཚོགས་ཐོག་ཏུ་སྒྲུང་ལེན་དགོས།ཁོང་གི་སློབ་བུ་ནང་དུ་ཡང་དུང་སྐྱོང་སྟག་ལྷ་ཁྲི་དཀར་གྱི་རྣམ་སྤྲུལ་སྒྲུང་གཏེར་ཉི་མ་རང་ཤར་དང་རྒྱལ་རོང་རིག་བདེ་སོགས་གཏེར་སྒྲུང་ཕབ་མཁན་དུ་མ་བྱུང་། ཁྱད་པར་དུ་སྒྲུང་གཏེར་ཉི་མ་རང་ཤར་ཡག་ཡེའི་སྒར་ཏུ་བཞུགས་སྐབས། སྒྲུང་ཁག་བཅུ་ལྷག་ཕབས་པས།ད་ལྟ་ཡང་དམངས་ཁྲོད་དུ་ཁོང་གི་སྒྲུང་ཡིག་འགའ་མཐོང་རྒྱུ་ཡོད།སྒྲུང་ཡིག་དེ་དག་གི་ནང་དུ་ཡང་གསེར་ཐར་ཡུལ་འདི་སྔར་གླིང་གི་ས་ཆ་ཡིན་པ་གསུངས་ཡོད་དོ། །ཡག་ཡི་སྒར་དུ་སྔར་གཡུ་ཁོག་བླ་མའི་སྐུ་རིང་དུ་བརྐོས་པའི་སེང་ཆེན་རྒྱལ་པོའི་རྡོ་སྐུ་ད་ལྟ་ཡང་མཇལ་ས་ཡོད་པ་དེས།ས་དེར་གནས་པའི་མི་རབས་སྔོན་མ་རྣམས་ཀྱིས་འཛམ་གླིང་སེང་ཆེན་རྒྱལ་པོར་དད་གུས་ཆེ་བ་བཤད་མི་དགོས་པ་བཤམས་ཡོད་དོ།། སྦོ་མདའ་གྲོང་གི་ཅུང་མར་སོང་སར་ཙ་ཁོག་ཅེས་པའི་ལུང་པའི་ནང་དུ་བྲག་ཕུག་གཅིག་ཡོད་པ་དེར་མི་རྣམས་ཀྱིས་གླིང་ཚང་ཕུག་པ་ཟེར།ངག་རྒྱུན་ལྟར་ན་བྲག་ཕུག་དེ་སྔར་གླིང་གི་དཔའ་ཐུལ་སུམ་ཅུ་ཉིན་བདུན་རེར་མཚམས་ལ་བཞུགས་ནས།འཆི་མེད་ཚེ་ཡི་སྒྲུབ་པ་མཛད་པའི་གནས་ཁྱད་པར་ཅན་ཡིན་པར་བཤད།སྔར་ཉག་བླ་རིན་པོ་ཆེ་ཡང་སྒྲུབ་ཕུག་དེའི་ནང་དུ་མཚམས་སུ་བཞུགས་མྱོང་།དེའི་ཡར་སོང་ས་ན་ཙ་ནག་ཚིགས་སྒང་ཞེས་པའི་རི་རྒྱུད་དུ་གླིང་གི་གྲུབ་ཆེན་བརྒྱད་ཅུ་མཚམས་ལ་བཞུགས་སྐབས།དཔའ་མོ་ཨ་སྟག་ཀླུ་མོས་བདུད་བཏུལ་ནས་རྣམ་པར་རྒྱལ་པའི་རྟགས་ལ་མཆོད་རྟེན་གཅིག་བཞེངས་པ་རེད་ཅེས།ད་ལྟ་ཡང་མཆོད་རྟེན་གྱི་དབྱིབས་དང་ཤིན་ཏུ་འདྲ་བའི་རི་མགོ་གཅིག་ཡོད་པ་མཐོང་།སྦོ་མདའ་གྲོང་གི་ནུབ་རྒྱུད་ཀྱི་རི་མཐོན་པོའི་རྩེ་ན་གླིང་དམག་གིས་ཕྲ་མེན་ཕུབ་རྫོང་ཕབ་སྐབས།ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱི་རྟ་བཏགས་ས་དང་གླིང་གི་དམག་དར་བཙུགས་སའི་ཤུལ་བྲག་ཐོག་ཏུ་དོད་ཡོད་པར་བཤད།སྦོ་མདའ་དང་ས་མཚམས་སྤྲེལ་ཡོད་པའི་ཡངས་འོ་ཤང་གི་བག་སྟེང་དགོན་གྱི་རྒྱབ་རི་ནི་གེ་སར་གྱི་གནས་རི་ཡིན་པ་དང་དགོན་པའི་གཡོན་ལུང་ནང་དུ་འབྲུ་དགའ་བདེ་ཆོས་སྐྱོང་བེར་ནག་གི་བསང་ཁྲི་རེད་ཅེས་པའི་རྡོ་ཁྲི་གཅིག་དང་དེའི་གམ་དུ་རྡོ་ལེབ་ཐོག་ཏུ་གེ་སར་གྱི་ཞབས་རྗེས་སོགས་ཡོད་དོ།། ས་ཆ་དེས་ལོ་རེ་བཞིན་ཤང་ཡོངས་བསྡུས་ཏེ། གཅིག་དང་མི་འདྲ་བའི་གེ་སར་སྒྲུབ་མཆོད་རྒྱ་ཆེན་གཅིག་འཚོགས་སྲོལ་ཡོད་དེ། ཤང་ཡོངས་ཀྱི་སྐྱེ་ཕོ་མོ་ཁ་རྒས་གཞོན་ཡོད་ཚད་ཀྱི་འཕྱོར་གོས་དང་བརྒྱན་ཆ་སྣ་ཚོགས་ཀྱིས་སྤྲས་ནས།གནམ་གྱི་སྐར་ཚོགས་ས་ལ་འཕོས་པ་ཇི་བཞིན།སྦྲ་གུར་གྲངས་མང་བ་གེ་སར་བསང་ཁྲིའི་མཐའ་འཁོར་ཕུབ།བླ་སེར་རྣམས་ཀྱིས་གུར་ཆེན་ནང་དུ་ཉིན་གསུམ་ཙམ་ལ་གེ་སར་སྒྲུབ་མཆོད་ཆོ་ག་རྒྱ་ཆེན་གསུངས་ཤིང་།མང་ཚོགས་གཞན་པས་རིག་གནས་རོལ་རྩེད་འཚོ་བ་སྣ་ཚོགས་རོལ་དེ།ཉིན་གསུམ་པའི་སྔ་དྲོ་ནི་བསང་མཆོད་ཀྱི་སྐབས་ཡིན་པ་དེར་སྐྱེས་པ་རྣམས་ཀྱིས་ཁ་དོག་སྣ་ལྔའི་འཇའ་འགྲིག་གིས་བརྒྱན་པའི་དར་དང་བསང་རྫས་སྣ་ཚོགས་ལག་ཏུ་ཐོགས་ཏེ་ཚར་དུ་དངར།དར་ཆེན་དེ་དག་གི་ངོས་སུ་སེང་ཆེན་རྒྱལ་པོའི་སྐུ་བརྙན་དང་དགྲ་ལྷའི་ཝེར་མ་བཅུ་གསུམ་སོགས་སྤར་ཡོད། དེ་རྗེས་སེར་ཕྲེང་གིས་རྔ་བརྡུང་དུང་འབུད་ད་བསང་ཁྲིའི་མཐའ་འཁོར་དུ་བཞུགས་ཏེ་བསང་མཆོད་ཆོ་ག་ཀློག་པ་དང་གླིང་གི་དཔའ་ཐུལ་སུམ་ཅུ་འཁྲབ་མཁན་རྣམས་ཀྱི་འཁོར་གསུམ་ལུས་ལ་ཚང་ཞིང་བསང་མཆོད་པར་ཕེབས་པ་དང་མཉམ་དུ་སྐྱེས་པ་རྣམ་གྱིས་རིམ་བཞིན་བསང་སྐོར་བྱས་ཏེ། རླུང་རྟ་གྲངས་ལས་འདས་པ་ཁ་བ་བུ་ཡུག་འཚུབ་པ་ཇི་བཞིན། སྐད་གསེང་མཐོན་པོས་ཡུལ་ཁམས་ཀུན་ཏུ་བདེ་བར་གནས་པར་སྨོན་ལམ་ལེགས་པོ་འདེབ་པས། དར་ཆེན་དཀར་སེར་དམར་ལྗང་ངོར། འབྱུང་འགྱུར་གྱི་ཡིད་བརྟན་གཡུག་ཅིང་། དུད་སྤྲིན་དཀར་པོའི་ཁྲོད་དུ་མི་ཚོས་རེ་སྨོན་ལྷོག་ལྷོག་འཕྱུར།།རླུང་རྟ་དམར་ལྗང་བར་དུ་ལས་དབང་གི་འབོད་སྒྲ་ལྷབ་ལྷབ་ལྡིང་བར། མི་ཀུན་གྱི་འདྲེན་བྱེད་ཀྱི་བཅུད་དུ་གྱུར་ཏོ།། དེ་ལྟ་བུའི་གེ་སར་སྒྲུབ་མཆོད་རྒྱ་ཆེན་པོ་ས་ཆ་གཞན་དུ་ཡང་མཐོང་དཀོན་པ་རེད་སྙམ། ད
་མིན་གསེར་ལྷ་རྩེ་དགོན་དུ་ཡང་ལོ་བརྒྱ་ཙམ་གྱི་སྔོན་དུ་བཞེངས་པའི་གེ་སར་ལྷ་ཁང་ཆུང་ངུ་ནང་གི་གྱང་ལྷ་ད་ལྟ་ཡང་མི་ཉམས་པར་གནས་ཡོད།སྙི་སྟོད་ཤང་གི་ཁོངས་གཏོགས་ཀྱི་བྱ་ཁོག་ཅེས་པའི་ས་དེ་ཡང་སྔར་གླིང་གི་སྡོད་གནས་ཡིན་པར་བཤད།རྒྱལ་རོང་བླ་མ་ཆོས་དར་གྱི་གཏེར་ལུང་ལས། གེ་སར་འབེན་རི་དཔའ་ཐུལ་སུམ་ཅུའི་གནས། དགྲ་བགེགས་འཇོམས་པའི་འཁོར་ཚོགས་བཞུགས་ཅེས་གསུངས་པ་ལྟར།བྱ་ཁོག་ཏུ་འབེན་གོང་མ་འབེན་འགབ་མ་ཟེར་ནས་ལུང་པ་གཉིས་གཤིབ་ཡོད།དེའི་ལུང་མདོ་ནི་སྔར་གླིང་གི་མདའ་འབེན་འཇོག་ས་ཡིན་ཅེས་ངག་རྒྱུན་དུ་བཤད།བྱ་ཁོག་ཏུ་ད་དུང་ཧོར་མགོ་ཞེས་དེའུ་ཆུང་ཆུང་ཞིག་ཡོད་པར་ཤོད་སྲོལ་ལྟར་ན་དེའི་འོག་ཏུ་ཧོར་གུར་དཀར་རྒྱལ་པོའི་མགོ་མནན་ཡོད་ཅེས་བཤད།ད་དུང་གེ་སར་གྱི་མདའ་འགེལ་དང་འབྲུག་མོའི་ཆུ་མཁར་སོགས་ཤོད་སྲོལ་མང་ཙམ་ཡོད་པ་འདིར་མ་སྤྲོས།ལོ་རབས་བརྒྱད་ཅུའི་ནང་སྙི་སྟོད་ཤང་གི་སྐྱེས་ཆེན་དམ་པ་བླ་མ་ཨོ་རྒྱན་སྐྱབས་ཀྱིས་ཕུག་གུ་དགོན་དུ་བཞེངས་པའི་གེ་སར་འབག་སྐུའི་གཟུང་འཇུག་་ནང་དུ་གེ་སར་རྒོད་ལྡེམ་དང་ལྷ་རྟ་རྐྱང་རྒོད་ཀྱི་རྔོག་ཉག་དང་ལྕགས་ཚན་བསམ་པའི་དོན་འགྲུབ་ཀྱི་ཚར་ལོ་སོགས་བཞུགས་ཡོད་པས།དེའི་བྱུང་ཁུངས་ནི།དམངས་གཙོ་བཅོས་སྒྱུར་སྐབས་དགོན་ཆེན་ཞིག་གི་ལྷ་ཁང་གཏོར་དུས། ཤོག་ཐུམ་མང་པོ་ཞིག་རྙེད་པ་ལས། དེའི་ནང་ཤོག་ཐུམ་གཉིས་གསུམ་གྱི་ཁ་ཡིག་ལ་གེ་སར་རྒོད་ལྡེམ་དང་རྐྱང་ལིའི་རྔོག་མ་སོགས་བྲིས་ཡོད་པས།དེར་ཁོང་གིས་དམིགས་བསལ་གྱིས་གེ་སར་སྐུ་གཅིག་བཞེངས་ནས་གཟུང་འཇུག་བྱས་པ་དེ་ཡང་གཅིས་ལས་གཉེས་མེད་ཀྱི་རིག་གནས་དངོས་རྫས་འགངས་ཆེན་གཅིག་གོ།གཞན་ཡང་ཨ་བོའི་བླ་མ་བསྟན་འཛིན་དར་རྒྱས་མཆོག་གི་དགོན་སྡེ་ཕུག་གུ་དགོན་གྱི་སྙན་གྲགས་ཆེ་བའི་འོད་འབར་མཆོད་རྟེན་གྱི་མཐའ་འཁོར་དུ།བླ་མ་ཨར་ཞེས་པ་དེས་གླིང་གི་དཔའ་ཐུལ་སུམ་ཅུའི་སྐུ་རྡོ་བརྐོས་དེ་ད་ལྟ་མཇལ་ས་ན་ཡོད།དེ་མིན་གསེར་ཐར་ཡུལ་གྱི་ཙ་རི་གཉིས་པར་འདོད་པའི་གནས་རྫོང་མཚོ་ཞེས་པ་ནི་གཏེར་གནས་ཁྱད་པར་ཅན་ཡིན་ཕྱིར། སྔར་གཏེར་ཆེན་གང་མང་གནས་དེར་བྱོན་ནས་མཚམས་ལ་བཞུགས་སྐབས། ཤིན་ཏུ་ངོ་མཚར་པའི་རྫས་གཏེར་དགོངས་གཏེར་དུ་མ་སྤྱན་དྲངས་པའི་ལོ་རྒྱུས་མང་ཙམ་ཡོད་ན་འདིར་ཡི་གེ་ཉོག་དོགས་ནས་མ་སྤྲོས།གནས་དེར་ཡང་གེ་སར་གྱི་སྒྲུབ་གནས་གནའ་ཤུལ་དུ་མ་ཡོད་པས།རྫོང་གི་གནས་ཡིག་ལས།པདྨའི་རྫོང་དང་རྒྱ་གྲམ་གྱི་བར་ན་རྫ་སྤང་ནགས་ལྗོངས་ན་བ་རྣམས་འདྲེས་ས་དཔལ་སྤོང་རྫོང་དང་གླིང་གེ་སར་དང་རྒྱ་ཚ་དམག་དཔོན་གྱི་ཚུལ་མཛད་པ་ལ་དཔལ་ཐུལ་སུམ་བཅུས་བསྐོར་བ་བཞུགས་ཅེས་གསུངས་ཡོད།
གསེར་ཐར་རྩྭ་ཐང་དུ་དེ་ལྟ་བུའི་གླིང་སེང་ཆེན་གནའ་ཤུལ་ངག་རྒྱུན་རིག་གནས་དངོས་རྫས་གང་མོད་ཡོད་ཀྱང་།ས་ཆ་འདིར་འཚོ་གནས་བྱེད་པའི་མི་རྣམས་ཀྱིས་དེ་ཙམ་གྱི་བཞག་ཆོག་བྱས་མེད་པར།དེང་སང་ཡང་གླིང་རྗེ་གེ་སར་རྒྱལ་པོའི་འཕྲིན་ལས་རླབས་པོ་ཆེ་མཛད་སྤེལ་སྐྱོངས་སུམ་བྱེད་པའི་སྐྱེས་ཆེན་དུ་མ་ས་ཆ་དེར་བཞུགས་ཡོད་ཅིང་།དེ་དག་ནང་དུ་ཡང་སྙིགས་དུས་བསྟན་པའི་སྣང་བྱེད་འདན་སྲས་གཡུ་འོད་འབུམ་མེའི་རྣམ་སྤྲུལ་དང་།འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་དང་ནས་ཆུང་གཡུ་ཡི་སྒྲོལ་མ་དང་།གླིང་སེང་ཆེན་གྱི་རྣམ་སྤྲུལ་གྱི་ཡང་སྲིད་སོགས་གསེར་གྱི་ལྷུན་པོ་ཚར་དུ་དངར་བ་བཞིན་གསེར་ཐར་ས་ཆར་བཞུགས་ཡོད་པས།ཁོང་རྣམས་པས་གེ་སར་སྒྲུང་གཏེར་རམ་གེ་སར་སྒྲུབ་པ་གསོལ་མཆོད་དང་གེ་སར་ཟློས་གར་གླིང་བྲོ་སོགས་ཀྱི་ཐད་མཛད་པ་རྒྱ་ཆེན་བསྒྲུབས།དེ་ཡང་དེང་དུས་རྒྱལ་ཡོངས་གེ་སར་བྱ་བཞག་ཏུ་འབུལ་པའི་མཛད་རྗེས་གསར་པ་གཅིག་ཡིན་ནོ།།མདོར་ན་གསེར་ཐར་ཡུལ་གྱི་གེ་སར་གནའ་ཤུལ་དང་ངག་རྒྱུན་རིག་རྫས་སོགས་འཁོས་ཆུང་བདག་འདྲས་རྔོ་མི་ཐོགས་མོད།རེད་དེ་གོང་གསལ་ཙམ་ལ་བློས་དཔྱད་ན།དབལ་ཤུལ་གསེར་ཐར་ནི་གེ་སར་རྒྱལ་པོའི་གདུང་རྒྱུད་དང་གསེར་པའི་ཉི་འབུམ་དར་ཡག་གི་སྐུ་ཡུལ་དང་།སྟོད་གླིང་གསེར་པ་མཆེད་བརྒྱད་ཀྱི་སྡོད་གནས་ཡིན་ཅེ་ན།ཁ་སྐྱེངས་མི་དགོས་ལ།གོང་བསྙད་དེ་ཡང་མུ་ཅོར་གྱི་གཏམ་ཤ་སྟག་བཀོད་པ་ཡང་མིན་ལགས། །
  • ལེ་ཚན་སྔོན་མ།:གེ་སྨད་ཀྱི་མི་རྒྱུད་ཆད་ཚུལ་དང་དེ་ཉིད་གེ་སར་གྱི་གདུང་རྒྱུད་ཡིན་ཚུལ་གྱི་སྐོར་རགས་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:གླིང་རྗེ་དཔའ་བོའི་དཔོན་བརྒྱུད་ལས་མཆེད་པའི་ལྷ་སྡེ་ཕྱུག་མོ་དབལ་ཤུལ་གསེར་རྟའི་ཡུལ་ལ་གླིང་སྒྲུང་དར་ཁྱབ་ཆ
  • དོ་སྣང་ཆེ་བའི་རྩོམ།