གླིང་སྒྲུང་སྒྱུ་རྩལ་པ་པདྨ་སྐྱབས།

འཕྲིན་དགའ།        2012-10-09

གླིང་སྒྲུང་སྒྱུ་རྩལ་པ་པདྨ་སྐྱབས་ནི་སྤྱི་ལོ་༡༩༤༩ལོར་གསེར་རྟ་རྫོང་སྦོ་མདའ་གྲོང་བརྡལ་མུ་ཏུ་གྲོང་བའི་ནང་དུ་སྐྱེས།ལོ་ན་ཆུང་དུས་གེ་སར་སྒྲུང་ཡིག་རང་སྦྱོང་བྱས་ནས་ཡིག་རྨོངས་སེལ་ཡོད།༡༩༨༡ལོར་ཞིང་ཆེན་བོད་ཡིག་སློབ་གྲྭར་ཞུགས་ནས་སྔོན་རྗེས་སུ་མཁས་པའི་གཙུག་རྒྱན་ཁྲོ་རུ་ཚེ་རྣམ་དང་དམུ་དགེ་བསམ་གཏན། ཉན་ཤུལ་མཁྱེན་རབ་འོད་གསལ། ཐང་ལྷ་ཚེ་དབང་།སྐལ་བཟང་འགྱུར་མེད་སོགས་ཀྱི་ཞབས་པད་སྤྱི་གཙུག་ཏུ་བཀུར་ནས་བཅུ་ཕྲག་རིག་པའི་གནས་ལ་ཐོས་བརྩོན་སློབ་གཉེར་བྱས།ཁྱད་པར་དུ་ཆེད་སྦྱོང་བཟོ་རིག་པ་དང་གསོ་བ་རིག་པ་སྦྱངས་ནས་སྦྱང་འབྲས་ལེགས་པོ་ཐོབ།སློབ་མཐར་ཕྱིན་རྗེས་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་བྱས་ནས་ལོ་བཅོ་ལྔ་ལྷག་ལ་བྱ་བ་བསྒྲུབས་རྗེས་སུ་གསེར་རྟ་རིག་གནས་ཁང་དུ་ལས་རྐང་བརྗེ་སྤོར་བྱས་ཡོད་པ་རེད།དེ་ནས་བཟུང་ཁོང་གིས་གསེར་རྟ་རྫོང་གི་གེ་སར་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བར་བྱ་བ་མང་ཙམ་བསྒྲུབས་ཡོད། ཁྱད་པར་དུ་འཇམ་མགོན་མི་ཕམ་གྱི་གསུངས་ལྟར་འཇམ་སྐུ་དང་འབག་མགོ སྒྲུང་ཞྭ་སྣ་ཚོགས་བཟོས་ཡོད་པ་དང་། གེ་སར་ཞིབ་འཇུག་དང་གེ་སར་བརྒྱུད་རིམ། སྒྲུང་གི་དབྱངས་རྟ་སྣ་ཚོགས། སྒྲུང་པའི་བྱང་ཚུལ། གླིང་གི་གནའ་ཤུལ་ངོ་སྤྲོད། གླིང་གི་དཔའ་ཐུལ་རྣམས་ཀྱི་འདྲ་སྐུ་སྐྱ་བྲིས།གཏེར་སྒྲུང་མཁན་པོ་རྣམ་ཐར་སོགས་ཀྱི་སྐོར་ལ་རྩོམ་ཡིག་མང་དུ་སྤེལ་བར་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་རེད།ད་སྐོར་ཁོང་ལས་འཁྱུར་ངལ་གསོ་བྱས་ཡོད་ཀྱང་གེ་སར་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་མཚམས་མི་འཇོག་ནས་བྱ་བ་མང་ཙམ་བསྒྲུབས་དང་སྒྲུབ་མུས་སུ་ཡོད་པ་ལེགས་སོ། །
  • ལེ་ཚན་སྔོན་མ།:སྒྲུང་གཏེར་ཨོ་རྒྱན་བསྟན་འཛིན་གྲགས་པ་ངོ་སྤྲོད་མདོར་བསྡུས།
  • ལེ་ཚན་རྗེས་མ།:ཆོས་ཀྱི་རྒྱལ་མཚན།