གླུ་མ་བསོད་ནམས་དབྱངས་ཅན་གྱི་ཆེད་བསྒྲིགས་བརྙན་འཁོར་གསར་པ་འགྲེམ་སྤེལ་བྱས་པ།

        2010-09-01

  བོད་རིགས་ན་གཞོན་གླུ་མ་བསོད་ནམས་དབྱངས་ཅན་གྱི་ཆེད་བསྒྲིགས་བརྙན་འཁོར་གསར་པ«རྨི་ལམ་རྨི་བའི་ཟླ་བ»ཞེས་པ་ཉེ་ལམ་སྒྲིག་སྦྱོར་བྱས་ཚར་བ་དང་། སི་ཁྲོན་སྒྲ་བརྙན་པར་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་འགྲེམ་སྤེལ་བྱས། གླུ་མ་བསོད་ནམས་དབྱངས་ཅན་གྱི་ཕ་ཡུལ་ནི་སི་ཁྲོན་རྔ་བ་བོད་རིགས་རང་སྐྱོང་ཁུལ་བཙན་ལྷ་རྫོང་ཡིན་ལ། ཁོ་མོར་ད་ལྟའི་བར་ནང་དོན་དང་རིམ་པ་མི་འདྲ་བའི་བྱ་དགའ་དང་མཚན་སྙན་མང་པོ་ཞིག་ཐོབ་ཡོད་དེ། སི་ཁྲོན་ཞིང་ཆེན་གྱི་མིང་རྟགས་བཀོད་པའི་གླུ་བ་གླུ་མའི་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མྱོང་བ་དང་། སི་ཁྲོན་ཞིང་ཆེན་གྱིས་ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་པར་བསུ་བ་བྱེད་པའི་ན་གཞོན་གླུ་བའི་འགྲན་སྡུར་ཁྲོད་ཕུལ་དུ་བྱུང་བའི་གླུ་བ་བཅུའི་མཚན་སྙན་གནང་། སི་ཁྲོན་ཞིང་ཆེན་གྱིས་བསྒྲུབས་པའི་དམངས་ཁྲོད་གླུ་བའི་འགྲན་སྡུར་སྐབས་དང་པོའི་སྟེང་བྱ་དགའ་ཨང་གཉིས་པ་ཐོབ། གཞན་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་བསྒྲུབས་པའི་ནུབ་བརྒྱུད་དམངས་གླུ་འགྲན་སྡུར་སྐབས་དང་པོའི་སྟེང་དངུལ་གྱི་རྟགས་མ་ཐོབ་པ་དང་། རྔ་བ་ཁུལ་གྱིས་བསྡུས་པའི་མཐོ་སྒང་སྒྱུ་རྩལ་དུས་ཆེན་གྱི་གླུ་གཞས་འགྲན་སྡུར་ཁྲོད་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་པ་རེད།

    གླུ་མ་བསོད་ནམས་དབྱངས་ཅན་གྱིས་སྔ་རྗེས་སུ། གླུ་བ་གླུ་མ་གཞན་དང་མཉམ་འབྲེལ་གྱིས«གངས་རིའི་སྐལ་བཟང་མེ་ཏོག»དང«གདང་ལ་རི་བོའི་དྲག་རླུང་།» «ཡ་ཏིང་གི་ངག་རྒྱུན»སོགས་ཆེད་བསྒྲིགས་འགྲེམ་སྤེལ་བྱས་ལ། དེ་ལས་ཁོ་མོས་བླངས་པའི«གངས་རིའི་སྐལ་བཟང་མེ་ཏོག»སོགས་གླུ་དབྱངས་ལ་བོད་ཁམས་ན་དགའ་བསུ་ལྷག་ཏུ་ཐོབ་ཡོད།

    བསོད་ནམས་དབྱངས་ཅན་གྱིས་བཤད་པ་ལྟར་ན། ད་རེབ་ཀྱི་ཆེད་བསྒྲིགས་བརྙན་འཁོར་གསར་པ«རྨི་ལམ་རྨི་བའི་ཟླ་བ»ཞེས་པའི་ནང་རང་ཉིད་ཀྱིས་གསར་རྩོམ་བྱས་པའི་གླུ་ཡོད་ལ། གླུ་རྙིང་གྲགས་ཅན་འགའ་བསྐྱར་ལེན་བྱས་པའང་ཡོད་པར་མ་ཟད། སྐུ་ཞབས་ཧུའུ་ཞའོ་ལིའུ་དང་ཡུས་ཆི་ཞང་། སྨོན་ལམ་རྡོ་རྗེ་སོགས་མིང་དུ་གྲགས་པའི་རོལ་མོ་བ་དག་གིས་གདངས་བརྩམས་ནས་ཚིག་སྦྱར་བ་ཡིན་པས་ཚང་མའི་ཐུགས་འདུན་དང་འཚམ་པའི་སྨོན་འདུན་ཞུ་ཟེར།

  • ལེ་ཚན་སྔོན་མ།:སྨན་བླ་སྐྱབས་ཀྱི་ཡི་གེར་ཕབ་ཡོད་པའི་བཞད་གད་ཟློས་གར་ཆེད་བསྒྲིགས་མི་འགྱངས་པར་འགྲེམ་སྤེལ་བྱ་རྒྱུ་རེད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།