བྱང་གནམ་མཚོ་བསྐོར་བའི་མཐོང་ཐོས།

        2012-08-20

ལྷ་ས་ནས་གནམ་མཚོ་བར་ལ་ལམ་ཐག་སྤྱི་ལེ་༢༢༠ཡོད་རུང་།འདམ་གཞུང་ལམ་དེ་མཚོ་བོད་གཞུང་གྱི་ཆར་གཏོགས་པའི་སྣུམ་ལམ་ཤ་སྟག་ཡིན་སྟབས།ཆེས་སྙོམས་ལ་བདེ།འོན་ཀྱང་འདམ་གཞུང་ནས་གནམ་མཚོ་བར་གྱི་གཞུང་ལམ་འདི་ལྟ་མིན།
ཞོག་པ་ཆུ་ཚོད་བརྒྱད་པར་ང་ཚོ་མོ་ཊ་ལྗིབ་ཅིག་ལ་བསྡད་དེ་ལྷ་ས་ནས་ཐོན་ཞིང་།ཆུ་ཚོད་གཉིས་ཙམ་སོང་བའི་རྗེས།ལམ་ཐག་ལ་སྤྱི་ལེ་༡༦༠ཙམ་ཡོད་པའི་འདམ་གཞུང་བར་གྱི་མཚོ་བོད་སྣུམ་ལམ་དེ་རྫོགས་ནས།ས་རྡོ་ལས་གྲུབ་པའི་གཞུང་ལམ་ངན་པའི་སྣེ་ཟིན་ཞིང་།དེའི་མུ་མཐུད་དུ་ཆུ་ཚོད་གཅིག་ཙམ་སོང་བའི་རྗེས།མོ་ཊ་དེ་ཁང་པ་གཅིག་གི་མདུན་དུ་བསྡད་སོང་།གང་ཡིན་ནམ་བསམས་ནས་ཕར་ལ་གཅིག་བལྟས་པས།དེ་ནི་འདམ་གཞུང་རྫོང་ཡུལ་སྐོར་ཅུས་ཀྱིས་བཙུགས་པའི་གནམ་མཚོའི་པཱ་སེ་འཚོང་ས་རེད་འདུག
པཱ་སེའི་རིན་གོང་དེ་སྒོར་༥༠བར་འཕར་འདུགཁོང་རྣམ་པས་འགྲུབ་པ་རེར་སྒོའི་པཱ་སེ་དང་ཉེན་འགོག་འགན་བཅོལ་གྱི་པཱ་སེ་རེ་སྤྲོད་པ་དང་ཆབས་ཅིག་རང་གི་གད་སྙིགས་བླུགས་སའི་འགྱིག་ཤོག་རེ་ཡང་སྤྲོད་ཀྱི་འདུག
དེ་ནས་ཐོན་ཏེ་གྲིག་པོ་རིང་པོ་གཅིག་བརྒྱབ་པའི་རྗེས།མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་སྨི་༥༡༠༠ཡོད་པའི་ལ་རྒན་ལར་སླེབས་ཀྱི་འདུག མོ་ཊ་གཏོང་མཁན་དེས་ལ་ཁར་བཞུགས་པའི་ལ་བཙས་ཆེན་པོ་དེའི་དྲུང་དུ་མོ་ཊའི་ཁ་བཀག་མ་ཐག ང་ཚོ་ཚང་མ་མོ་ཊ་ནས་མར་བབས་ཏེ།དེར་གནས་མཇལ་ཞུས་པ་ཡིན།ལ་བཙས་ལ་ཚོན་སྣ་རིགས་ལྔ་ལས་གྲུབ་པའི་དར་ལྕོག་གྲངས་ལས་འདས་པ་མང་པོ་སྒྲོན་ཡོད་པ་དང་།དེའི་འཁྲིས་ན་དར་ཤིང་ཤིན་ཏུ་ཆེ་བ་ཞིག་ཀྱང་བཙུགས་འདུག
ལ་དེ་བརྒྱབ་པའི་རྗེས་མོ་ཊའི་ལམ་ཀ་དེ་བས་སྡུག་ལ།༢༠༠༢ལོར་བཟོས་པའི་གཞུང་ལམ་དེ་ཆར་ཆུས་འཁྱེར་ནས་ངོ་ལེགས་པའི་ས་གང་ཡང་མིའདུག ལམ་ཐག་ལ་སྤྱི་ལེ་༦༠ཙམ་ལས་མེད་པའི་
གཞུང་ལམ་དེ་༢༠༠༢ལོའི་གོང་དུ་ད་ལྟ་ལས་ཀྱང་སྡུག་པ་ཡོད་སྟབས།མོ་ཊས་ཆུ་ཚོད་བཞི་ལྔ་ཙམ་འགྲོ་དགོས་པ་རེད་ཟེར།
ལ་དེ་བབས་པའི་རྗེས།རི་གཤམ་ནས་གནམ་མཚོའི་བར་ད་དུང་སྤྱི་ལེ་༢༠ཡོད་པའི་སྐོར་ཁ་ལོ་བས་གསུང་གི་འདུག དེ་ནས་རྩྭ་ཐང་ཐོག་ཆུ་སྤྲུལ་
ཇི་བཞིན་ཆགས་པའི་གཞུང་ལམ་གྱ་གྱུའི་ཐོག་ཁ་ནུབ་ལ་ཕྱོགས་ནས་སོང་ན།རྒྱང་རིང་གནམ་མཐའ་ལྟ་བུའི་གཡོན་ངོས་ཀྱི་སྤྲིན་དང་སྨུག་པའི་བར་མཚམས་ན་གཉན་ཆེན་ཐང་ལྷ་འགྱིང་ངེར་བཞུགས་ཤིང་།དེའི་གཡས་འདབས་ན་དྭངས་ལ་གཙང་ཞིང་གཡུ་ལྟར་སྔོ་བའི་གནམ་མཚོ་འདི་ཉིད་ཤིན་ཏུ་ལྷིང་བར་བཞུགས་པའི་རང་བྱུང་གི་མཛེས་ལྗོངས་ནི་ལྷ་རིས་པའི་ཕྱགས་སོར་ལས་གྲུབ་པ་ལྟ་བུར་སྣང་།
མུ་མཐུད་དུ་མེད་པའི་ས་མཐོའི་རྩྭ་ཐང་ཐོག་མོ་ཊར་བསྡད་ནས།སུ་ལའང་བསྟུན་མི་དགོས་པར།རང་དགར་སེམས་ལ་གང་དྲན་བྱས་ནས་འགྲོ་རྒྱུ་དེ་ནི།གྲོང་ཁྱེར་ནང་སྐྱེས་ནས་དེ་གར་འཚར་ལོངས་བྱུང་བའི་མི་རྣམས་ཀྱི་ངོས་ནས་བཤད་ན།བསམ་ཡུལ་ལས་འདས་པའི་སྤྲོ་སྐྱིད་བླ་ན་མེད་པ་ཞིག་རེད།ང་ཚོ་འགྲོ་སའི་རུས་སྦལ་གཟུགས་ཀྱི་བཀྲ་ཤིས་དོ་ཞེས་པའི་གླིང་ཕྲན་དེ་སྐབས་དེར་ང་ཚོའི་མིག་གི་མདུན་ན་ཡོད་རུང་།དངོས་སུ་འགྲོ་སྐབས་མཚོ་འགྲམ་བསྐོར་ནས་དུས་ཚོད་མང་པོ་འགྲོ་དགོས་ཀྱི་འདུག
ཉིན་དགུང་ཆུ་ཚོད་༡༢པའི་ཐོག་ང་ཚོའི་མོ་ཊ་གཞི་ནས་བཀྲ་ཤིས་དོར་འབྱོར།དེས་ན་ང་ཚོའི་འདྲེན་བྱེད་ཡུལ་གྱི་གཟིགས་མོར་གྱུར་པའི་གནམ་མཚོ་དེ་ནི།ཡངས་ཤིང་མུ་མཐའ་བྲལ་ལ།དྭངས་ཤིང་སྔོལ་ལ་མེ་ལོང་ཇི་བཞིན་ཤིན་ཏུ་ངོས་འཇམ་པས་ན།ཉི་འོད་ཀྱི་ཁྲོད་དུ་མཚོ་མོའི་མདངས་རླབས་ལམ་ལམ་དུ་འཚེར་ཞིང་།དྭངས་ལ་གཙང་བའི་མཚོ་མོའི་ངོགས་འདབས་ཀྱི་ཆུ་མཐིལ་ལ་ཚོན་མདོག་འདྲ་མིན་ལས་གྲུབ་པའི་རྡོ་རིལ་དུ་མ་རིག་རྒྱུ་སྣང་བ་ལས།འགྲུལ་པ་རྣམས་ཀྱི་དགའ་སེམས་ཡོངས་སུ་འགུགས་པར་བྱེད།འདི་གའི་འབྲོག་པ་རྣམས་ཀྱིས་འགྲུལ་པ་རྟ་ལ་བསྐྱོན་ནས་མཚོ་འགྲམ་དུ་ཕར་འགྲོ་ཚུར་འགྲོ་བྱེད་ཅིང་།རྒྱང་གི་ས་ན་རྟ་ལ་བཞོན་པའི་གཞོན་ནུ་ཁྱོ་ཤུག་གཅིག་ཡོད་པ་དེ་ཡང་།དཀར་ལ་གཙང་བའི་གངས་རི་དང་།ཡངས་ཤིང་སྙོམས་པའི་རྩྭ་ཐང་།མྱུར་ལ་འཁྱུག་པའི་ཉ་མོ་སོགས་ཀྱི་མཛེས་པར་ཡོངས་སུ་གཡེངས་ནས་འདུག
མཚོ་འགྲམ་ན་འགྱིང་ངེར་བཞུགས་པའི་བྲག་ཆེན་དཔུང་གཤིབ་པ་དེ་ནི་གནམ་མཚོའི་མཚོན་བྱེད་དུ་གྱུར་བའི་རང་བྱུང་གི་བཀོད་པ་ཡ་མཚན་ཅན་ཞིག་ཡིན་པ་མ་ཟད།བཟའ་ཚང་བར་མི་འཆམ་པའི་གནས་ཚུལ་འབྱུང་སྐབས།དེ་ལ་བསྐོར་ནས་སྨོན་ལམ་བརྒྱབ་ན།བགེགས་བར་ཐམས་ཅད་བཟློག་ནས།ཕན་ཚུན་སྔར་བཞིན་འཆམ་མཐུན་ཡོང་བར་གྲགས་པས་ན།བྲག་ཆེན་དེར་དར་ལྕོག་དང་མཇལ་དར་གྱི་རིགས་མང་པོ་སྒྲོན་འདུག
བོད་ཀྱི་མཚོ་ཆེན་གསུམ་གྱི་ཡ་གྱལ་དུ་གྱུར་པའི་གནམ་མཚོའི་མཚོ་ངོས་ཀྱིས་མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་སྨི་༤༧༡༨ཡོད་པ་དང་།ཤར་ནས་ནུབ་བར་གྱི་རིང་ཚད་ལ་སྤྱི་ལེ་༧༠དང་བྱང་ནས་ལྷོ་བར་གྱི་ཞེང་ཚད་ལ་སྤྱི་ལེ་༣༠ལྷག་ཙམ་ཡོད་པ་མ་ཟད།ཁྱོན་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༢༠༠༠ཙམ་ཡོད་པས་ན།རང་རྒྱལ་གྱི་ཚྭ་ལྡན་མཚོ་ཆེན་ཨང་གཉིས་པ་ཡིན་པ་རེད།གཏིང་རིང་སར་གཏིང་ཚད་སྨི་༣༣ཡོད་པ་དང་མཚོ་ནང་གི་ཆུ་རྣམས་མང་ཆེ་བ་གཉན་ཆེན་ཐང་ལྷའི་གངས་འཁྱགས་བཞུར་བའི་གངས་ཆུ་དག་ལས་བྱུང་བར་གྲགས།
རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་༡༠ཙམ་ཡོད་པའི་བཀྲ་ཤིས་དོ་ཞེས་པའི་གླིང་ཕྲན་དེ་ནི་གནམ་མཚོའི་ཤར་སྨད་དུ་ཁུ་ཚུར་བརྐྱངས་པ་ཇི་བཞིན་གནས་པས་ན།བྲག་གཟུགས་ལས་གྲུབ་པའི་གླིང་ཕྲན་གྱི་རི་ལྡེབས་སེར་པོ་རྣམས་དུས་ཡུན་རིང་པོའི་ལོ་ཟླའི་ནང་ཆར་རླུང་གིས་ཟད་ནས་ངོ་ལེགས་པ་གཅིག་ཀྱང་མཐོང་ཡས་མི་འདུག
བོད་ཀྱི་ཆོས་འབྱུང་ལོ་རྒྱུས་དག་ལ་འཁོད་པ་ལྟར་ན།གནའ་བོའི་དུས་སུ་གནམ་མཚོའི་ཉེ་འདབས་སུ་གནས་དང་དགོན་པ་མང་ལ་མཆོད་པ་དང་གནས་མཇལ་བའི་རིགས་ཤིན་ཏུ་མང་པོ་ཡོད།སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་།སྟག་ལུང་བཀའ་བརྒྱུད་པའི་ཤིང་རྟའི་བྱེད་པོ་སྟག་ལུང་ཐང་པ་བཀྲ་ཤིས་དཔལ་ལ་སོགས་པའི་བླ་སྤྲུལ་གྲགས་ཅན་མང་པོ་གནམ་མཚོའི་དཀྱིལ་གྱི་གླིང་ཕྲན་ཐོག་མཚམས་ལ་བཞུགས་མྱོང་བ་མ་ཟད།གནས་དེ་བདེ་མཆོག་གི་ཞིང་ལ་ངོས་འཛིན་གནང་བ་རེད།དེར་བརྟེན་ད་ལྟའི་དུས་སུའང་གནས་དེར་མཚམས་ལ་བཞུགས་མཁན་དགེ་འདུན་མང་པོ་མཇལ་རྒྱུ་ཡོད།
ལོ་རེའི་བོད་ཟླ་ལྔ་པ་དང་དྲུག་པའི་ནང་།གནམ་མཚོ་བསྐོར་བར་ཕེབས་མཁན་བོད་རིགས་གནས་མཇལ་བ་ཤིན་ཏུ་མང་བའི་ཁར།ལུག་ལོའི་དུས་དང་སྐབས་འཁེལ་ན་།གནས་མཇལ་བ་དེ་བས་མང་།ལམ་བར་དུ་ལྟོ་ཆས་ཟད་ནས་སློང་དགོས་བྱུང་ཡང་།གནམ་མཚོ་བསྐོར་བའི་ཁོང་རྣམ་པའི་དད་སེམས་དང་སེམས་ཤུགས་ཅི་ལ་ཉམས་སྲིད།དེའི་ནང་ཕྱག་ཏུ་མ་ཎི་ལག་འཁོར་བསྣམས་ནས་གནམ་མཚོ་སྐོར་མཁན་ཡོད་ལ།བརྐྱངས་ཕྱག་འཚལ་ནས་གནམ་མཚོ་སྐོར་མཁན་ཡང་ཡོད།ཤིན་ཏུ་ཚ་བའི་ཉི་འོད་དང་ཕྱག་འཚལ་གྱི་ངལ་དུབ་དྲག་པོས་བརྟུལ་བའི་གནས་མཇལ་བ་རྣམས་ཀྱི་ཞལ་མདོག་ཡོངས་སུ་གྱུར་ནས།ལྷ་མི་གང་ཡིན་མི་ཤེས་པའི་ཚུལ་ལས།རང་ཉིད་ལྟ་བུ་ཕྱོགས་ནས་ཡོང་མཁན་འགྲུལ་པ་རྣམས་ཀྱི་བློ་ལ་སྔར་ན་མེད་པའི་མྱོང་ཚོར་གསར་པ་ཞིག་རང་ཤུགས་སུ་སྐྱེ་བར་བྱེད།
རྡོ་ཕུང་ཞིག་བརྒྱུད་དེ་ནུབ་ཕྱོགས་ན་ཡོད་པའི་གླིང་ཕྲན་དེར་སྐོར་བ་གཅིག་བརྒྱབ་ནས།ཕྱིར་ལོག་ཡོང་བའི་ལམ་བར་དུ་མཆོད་རྟེན་གཉིས་མཉམ་དུ་གཤིབ་ནས་ཡོད་པའི་གནས་ཤིག་སྣང་བ་དེར་རིང་ཚད་ལ་སྨི་༥༠ཙམ་ཡོད་པའི་རྡོ་མི་ཎིའི་གྱང་རྩིག་དམར་པོ་ཤིན་ཏུ་མཛེས་པ་ཞིག་འདུག
  • ལེ་ཚན་སྔོན་མ།:ཐུན་མིན་གྱི་ཧུང་ཡོན་རྫོང་འབྲོག་པའི་སྦྲ་ནག་སྤྲོ་སྐྱིད་གླིང་།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་བྲག་ཕུག་རྩིག་བཟོ།
  • དོ་སྣང་ཆེ་བའི་རྩོམ།