ཡུས་ཆིག་ཡུས་ཀྱིས་བརྩམས་པའི་ལྷུག་རྩོམ་ནང་བསྟན་དང་མི་ཚེ།

ཚེ་རིང་རྡོ་རྗེས་བསྒྱུར།    རིག་འབྱུང་དྲ་བ།    2012-08-07

ཡུས་ཆིག་ཡུས་ཀྱིས་བརྩམས་པའི་ལྷུག་རྩོམ་ནང་བསྟན་དང་མི་ཚེ།

 ང་ནི་རིག་གནས་ལ་བསམ་གཞིག་གཏོང་མཁན་དང་ཉམས་ཞིབ་བྱེད་མཁན་འབའ་ཞིག་ཡིན། རི་བོ་པོ་ཏ་ལར་སླེབས་ཐེངས་རེར། སྣང་བ་ཞིག་ལ་ཡིད་སྨོན་དང་གུས་བཀུར་གྱི་ཚོར་འདུ་ཞིག་ལས་གཞན། ཕངས་སེམས་ཏོག་ཙམ་ཡོད་པ་དེ་རེད། ཆོས་ལུགས་ཀྱི་གནས་མཆོག་ལ་མཁོ་བ་ནི་བློ་བསྐྱེད་ཀྱི་རྟོགས་པ་ཞིག་དང་། ནང་སེམས་འཁྲུ་བའི་ཞབས་འཁྲུས་ཤིག་ལས་མ་འདས་སོ།། རི་བོ་པོ་ཏ་ལར་རྣམ་དཀར་དགེ་བའི་ལས་ཀྱི་འདུ་འགོད་མང་ཞིང་། མཆོད་འབུལ་གྱི་བདུག་སྤོས་དང་ཚིལ་སྒྲོན་ཡང་མང་དུ་ཡོད་མོད། འོན་ཀྱང་ནང་བསྟན་དང་མི་ཚེ་གླེང་སའི་སློབ་ཁང་ཉུང་ཙམ་དུ་ཟད།
    ང་རང་སྤྱིར་བཏང་དུ་དཔྱད་མོལ་ཚོགས་འདུ་སྣ་ཚོགས་ལ་ཉུང་ཉུང་ཞུགས་པ་ཡིན། ཡིན་ནའང་ཐེངས་འདིར་ང་རང་ངེས་པར་དུ་རི་བོ་པོ་ཏ་ལར་ཡོང་དགོས་ཏེ། སེམས་ཀྱི་དམིགས་བྱ་ནི་ཀུན་དང་ལྷན་དུ་རི་བོ་པོ་ཏ་ལའི་རིག་གནས་དར་སྤེལ་གཏོང་འདོད་པ་དེ་ཡིན།
   ང་རང་ནང་བསྟན་ལ་རྒྱུས་མངའ་དེ་འདྲ་མེད་མོད། འོན་ཀྱང་མི་ཚེ་ལ་མྱོང་བ་ཟབ་མོ་ཞིག་ཡོད། ང་འཇིག་རྟེན་འདིར་སླེབས་པའི་མི་ཚེའི་གོ་རིམ་ཁྲོད་དུ་ནང་བསྟན་གྱིས་ང་ལ་ཕན་ཆེན་པོ་ཐོགས་ཡོད། ང་ནི་ཀྲེ་ཅང་ཡུའུ་ཐོ་ས་ཁུལ་གྱི་རི་སྡེ་ཞིག་ཏུ་སྐྱེས་པ་དང་། སྐྱེས་མ་ཐག་པའི་དུས་སྐབས་ནི་དུས་འཁྲུག་ཟང་ཟིང་གི་སྐབས་ཞིག་རེད། སེམས་ལྷོད་ལ་བབ་ནས་བཤད་ན། སྐབས་དེ་དུས་ཡུལ་ཁམས་འདི་ལ་སྟོབས་ཤུགས་གང་རུང་ཞིག་གིས་བསྐྲུན་པའི་བསམ་པའི་སྒྲིག་སྲོལ་ཙམ་ཡང་བྱུང་མི་འདུག ཡིན་ནའང་མི་རབས་མང་བོ་ཞིག་ས་གཞི་ལེབ་མོ་འདིའི་སྟེང་ཅིའི་ཕྱིར་འཚོ་གཞེས་ཐུབ་སོང་ངམ། སྤྱིར་སྐབས་དེའི་སྤྱི་ཚོགས་ནི་ཅུང་བརྟན་འཇགས་ཡིན་པ་སྟེ། ང་ལྟ་བུས་ཡིག་ངོ་ཆོད་ནས་སློབ་གསོ་མྱོང་ཐུབ་པ་ལྟ་བུ་རེད། དེ་ལས་ཀྱང་རྒྱུ་རྐྱེན་ གལ་ཆེན་ཞིག་ནི་ཡུལ་གྲུ་ལེབ་མོ་འདིའི་སྟེང་ན་རྣམ་པ་ཀུན་ཏུ་ཡལ་བ་མེད་པའི་ནང་བསྟན་གྱི་ས་བོན་ཞིག་ཡོད་པས་རེད། ཁྱིམ་ཚང་སོ་སོར་ཨ་མ་དང་ཆུང་མ་ཡོད་པ་དང་། ཁོ་མོ་ཚོ་ཆོས་དད་པ་ཡིན་པའི་དབང་དུ་བཏང་ཚེ། རིག་གནས་ཀྱི་སྐད་བརྡ་ ལྟར་བཤད་ན། ཁྱིམ་ཚང་སོ་སོའི་ཀུན་སྤྱོད་ཀྱི་གཏིང་རིམ་པའི་མ་མཐའི་ཚད་ཐིག་རང་འཇགས་སུ་གནས་པ་དེས་ནུས་པ་ཧ་ཅང་གལ་ཆེན་པོ་ཐོན་ཡོད་པ་རེད།
    ངས་《རིག་གནས་ཀྱི་དཀའ་སྤྱད་འགྲུལ་སྐྱོད》ཅེས་པའི་སྒྲུང་གཏམ་ནང་དུ་ཧ་ཅང་ཉེན་ཁ་ལྡན་པའི་གཏམ་རྒྱུད་ཅིག་བྲིས་ཡོད་དེ། དེ་ནི་ང་ལོ་ན་གཉིས་ལ་སོན་པའི་སྐབས་སུ་ཁྱིམ་མཚེས་ཇག་པ་ཞིག་གིས་ང་བཙན་ཁྲིད་བྱས་པ་དེ་ངའི་རྨོ་མོས་ཤེས་རྗེས། ཇག་པའི་རྗེས་བསྙེག་པ་དང་། མཇུག་མཐར་ཇག་པ་དེ་རྣམ་དཀར་དགེ་བའི་ལས་སུ་གཞོལ་བཞིན་པའི་དགོན་པ་ཞིག་ཏུ་བྲོས། ཁོ་རང་འདུ་འཛི་དང་འཚང་ཁ་ཤིག་ཤིག་གི་མི་ཚོགས་སུ་སླེབས་པ་དང་། ང་པང་དུ་བཟུང་ཡོད་པས་གོམ་པ་ཆེན་པོ་སྤོ་མ་ཐུབ། ཁོས་ཉ་གོག་རྡུང་བའི་སྒྲ་ཐོས་ཤིང་། གསོལ་འདེབས་ཀྱི་ཆོས་སྐད་ཐོས་པའི་མོད་ལ། སེམས་པ་དུལ་བར་གྱུར་བ་དང་། དྲན་པ་རབ་རིབ་ཀྱི་ཀློང་དུ་བྱིངས། མཐར་དགོན་པ་ནས་ཕྱིར་འབུད་སྐབས། ང་རང་དྲོད་འཇམ་གྱི་པང་དུ་བཟུང་ནས་ངའི་ཁྱིམ་དུ་སྐྱེལ་བ་རེད། ཕྱིས་སུ་ངའི་རྨོ་མོས་དེ་ནི་ཚོགས་པའི་རང་བཞིན་གྱི་ནང་བསྟན་ཆོ་གས་མི་ངན་ཞིག་ལ་གནས་སྐབས་ཀྱི་བློ་སྒོ་ཕྱེས་པ་ཞིག་རེད་ཟེར།
    ད་ལྟའི་བར་དུ་ངས་རང་གི་སློབ་མར་བཏོན་པའི་བླང་བྱ་དང་པོ་ནི་སེམས་པ་བཟང་བོ་ལྡན་རྒྱུ་དེ་ཡིན། གལ་ཏེ་སེམས་པ་བཟང་བོ་ཞིག་མེད་ན། ཕྱིས་འབྱུང་གི་ཡོན་ཏན་གླེང་ཐབས་མེད་པ་ཞིག་རེད། 
   ཚང་མས་ཤེས་གསལ་ལྟར། ངས་བྱ་བ་མང་བོ་ཞིག་བརྗེས་ཟིན་པ་མ་ཟད། ད་དུང་བྱ་བ་རེ་རེ་ལས་ནས་ཆེས་རྩེར་སོན་གྱི་གནད་འགག་གི་དུས་སྐབས་སུ་དེ་དག་ཐང་ལ་བསྐྱུར་ནས་ཁ་བྲལ་བ་ཡིན། གནད་འདི་ནང་བསྟན་རིག་གནས་ལ་རྒྱུས་མངའ་མེད་པའི་མི་ཞིག་གིས་བསམ་ན་ཧ་ཅང་ཡ་མཚར་བ་ཞིག་རེད། ཡིན་ནའང་ང་ལ་ཡིད་ཆེས་ཡོད་པ་ནི། ནང་བསྟན་ལ་ཅུང་རྒྱུས་མངའ་ཡོད་པའི་མི་ཞིག་གིས་ངའི་བྱ་སྤྱོད་དེར་ངེས་ཤེས་འདྲོང་ཐུབ་ཐག་ཆོད་ཡིན། དོན་དངོས་སྟེང་། ཁྱོད་ཀྱི་བསམ་པར་ཁྱོད་གང་ཞིག་གི་མཁན་པོ་དང་། ཆེད་ལས་ཅི་ཞིག་ཡིན་པ་དེར་ཟོལ་བཅོས་རང་བཞིན་གྱིས་གཏམས་ཡོད་པ་རེད། ཁྱོད་ནི་སྐབས་ཐོག་གི་ཡར་ཐོན་བྱུང་བ་ཞིག་སྟེ། ཁྱོད་ལ་གྲུབ་འབྲས་ཆེན་པོ་ཅི་འདྲ་ཡོད་ཀྱང་། དེར་ཡིད་ཚིམ་ནས་དེ་མཁྲེགས་བཟུང་མི་བྱེད་པར། མཁྲེགས་བཟུང་དེ་ལྕགས་ཐག་བཞིན་སིལ་བུར་གཏོར་དགོས། ཚང་མས་ཤེས་གསལ་ལྟར་ངས་དུས་ཡུན་གང་འཚམས་ཤིག་ལ་ཡོན་ཀྲང་གི་འགན་ཁུར་བ་དང་། འགན་ཁུར་ནས་བྱ་བ་ཐམས་ཅད་རྩེར་སོན་པའི་སྐབས་སུ། ངས་ལས་ཁུར་དགོངས་ཞུ་ཞུས་པ་ཡིན། ངས་ངེས་པར་དུ་རང་གི་སྤྱོད་པ་ལྟར། དཔོན་པོ་ཞིག་བྱེད་པའི་བློའི་མཁྲེགས་བཟུང་དང་ཡིད་འོང་གི་གཡོ་སྒྱུ་དེ་སིལ་བུར་གཏོར་དགོས། གལ་སྲིད་ང་རང་དཔོན་པོ་ཞིག་གི་ཚུལ་དུ་བསྡད་ཡོད་ཚེ། ངས་བྲིས་པའི་དཔེ་དེབ་དག་མི་ཚང་མས་མཐོང་ཐབས་མེད་པ་ཞིག་རེད། ངས་མུ་མཐུད་དུ་ཚེ་སྲོག་གི་མཁྲེགས་བཟུང་དེ་སིལ་བུར་གཏོར་ཏེ། རང་གི་ཚེ་སྲོག་གི་རང་དབང་དེ་དམ་དུ་བཟུང་ཡོད། ངས་མུ་མཐུད་དུ་རང་གི་ལས་གནས་དང་ཐ་ན་རང་གི་དཔོན་གནས་ཀྱི་མཁྲེགས་བཟུང་དེ་སིལ་བུར་གཏོར་བའི་དུས་མཚུངས་སུ། ངས་ད་རུང་ཡུལ་གྱི་མཁྲེགས་བཟུང་དེ་ཡང་སིལ་བུར་གཏོར་བ་ཡིན། ཕ་ཡུལ་ནི་གཅེས་སུ་འོས་པ་ཞིག་ཡིན་མོད། འོན་ཀྱང་ང་ཕ་ཡུལ་དང་ཁ་གྱེས་པ་ཡིན།
ང་རང་ཀྲུང་ཧྭའི་རིག་གནས་ལ་རྒྱུས་མངའ་ཅི་ཙམ་ཡོད་དམ། དཔེ་དེབ་ནས་དཔེ་དེབ་རེད། མང་བོ་ཞིག་ཡིད་རྟོན་འཕེར་བའི་གནས་སུ་མི་འོས་པས། ང་གནས་སྐོར་གྱི་ལམ་དུ་བསྐྱོད་པ་ཡིན། 《ལོ་ངོ་སྟོང་གི་དངན་པ》ཞེས་པའི་ནང་དུ་ངས་ བཙུན་པ་ཧྥ་ཞན་དང་ཞོན་ཙང་གཉིས་བྲིས་ཡོད། ཕ་ཁི་སི་ཐན་རྒྱལ་ཁབ་ཀྱི་རི་མགོ་ཞིག་ནས་ལོ་ན་བགྲེས་པའི་བཙུན་པ་ཧྥ་ཞན་ཀྲུང་གོ་ནས་ཡོང་བ་རྟོགས་བྱུང་། ད་རུང་བཙུན་པ་ཞོན་ཙང་། དངོས་ནས་ཁོ་ཚོས་དཀའ་ངལ་མི་ཉུང་བ་ཞིག་མྱངས་སོང་། རྒྱུ་མཚན་ནི་ལམ་ཧྲིལ་བོར་ཁུར་བོ་མང་བོ་ཁུར་ཡོད་དེ། ཆོས་དཔེ་ཙམ་མ་ཟད། ད་དུང་ལེགས་སྐྱེས་ཀྱང་ཡོད་པ་རེད། གཞན་ད་དུང་གནས་ཚང་གཡོར་དགོས། ལམ་ཧྲིལ་བོར་ངས་ཁོ་ཚོའི་ཞབས་རྗེས་འཚོལ་ཞིང་བསྙེག་པ་ཡིན། ང་རང་ལམ་ཐག་འདི་འདྲ་ཞིག་ཏུ་བསྐྱོད་ཐུབ་པར་ངས་གནའ་རབས་ཀྱི་ནང་བསྟན་གནས་སྐོར་བའི་སྐུལ་ལྕག་ལ་ཐུགས་རྗེ་ཞུ་འོས། ཡིན་ནའང་ཡུལ་གྱི་མཁྲེགས་བཟུང་སིལ་བུར་གཏོར་རྗེས། ཁྱོད་ཀྱི་རིག་གནས་ཀྱི་མྱོང་ཚོར་དང་མི་ཚེའི་གོ་རྟོགས་ཡོངས་ནས་འདྲ་ས་མ་རེད།
    བརྟག་དཔྱད་ཞིབ་མཇུག་གི་མཇུག་མཐའི་དུས་ཡུན་ནང་། ང་ཚོས་དུས་ཚོད་མང་བོ་ཞིག་བེད་སྤྱད་དེ་སྟོན་པ་ཤཱཀྱ་ཐུབ་པའི་འཁྲུངས་ཡུལ་དང་ཁོང་གི་དཀའ་བ་སྤྱོད་སའི་བྲག་ཕུག་ཏུ་བསྐྱོད་པ་ཡིན། དེ་ནི་དངོས་ནས་དཀའ་ཚེགས་ལྡན་པ་ཞིག་རེད། སྐབས་དེར་ངས་ཚོར་བ་ཞིག་ལ་སྟོན་པ་ཤཱཀྱ་ཐུབ་པའི་དཀའ་བ་སྤྱོད་པའི་སྐབས་སུ་སྡུག་བསྔལ་མང་བོ་ཞིག་མཐོང་བྱུང་བས་དེ་ལས་ཐར་བྱེད་ཀྱི་ཐར་བའི་ལམ་སྣ་བཙལ་བ་རེད་སྙམ། བྱང་ཆུབ་ལྗོན་ཤིང་གི་དྲུང་ནས་དཀྱིལ་དྲུང་དུ་བསྡད་དེ། ངས་རང་ཉིད་ཆིངས་གྲོལ་དང་སེམས་ཅད་སྡུག་བསྔལ་ལས་གྲོལ་བའི་སྟོན་པ་ཤཱཀྱ་ཐུབ་པའི་རླབས་ཆེན་གྱི་དགོངས་པ་ལ་མྱོང་བ་ཏོག་ཙམ་བསྐྱེད་པས། རང་ཉིད་ཀྱི་ཕུགས་བསམ་ཪྙེད་བྱུང་ལ། མྱོང་བ་དངོས་མ་ཞིག་གི་བོགས་ཐོན་བྱུང་། ཁྱོད་རང་རང་ཉིད་ཀྱི་ཡུལ་དང་གྱེས་ཏེ་འགྲུལ་བཞུད་དུ་ཞུགས་པའི་ལམ་ཧྲིལ་བོར། ཁྱོད་ཀྱི་ཚེ་སྲོག་དང་ཡུལ་གཉིས་མ་གྱེས་མཉམ་གཤིབ་ཏུ་གྱུར་ཡོད་པ་རེད།
    ང་ནི་རབ་བྱུང་བ་མིན་ནའང་། ངས་རབ་བྱུང་བ་བཞིན་བྱ་བ་མང་བོ་ཞིག་ཡོངས་སུ་བཏང་བ་དེར་དངོས་ནས་ནང་བསྟན་གྱི་ཤུགས་རྐྱེན་ཐེབས་ཡོད་པ་རེད།
ད་ལྟ་དཔལ་འབྱོར་གྱི་འཕེལ་ཁ་ཧ་ཅང་མགྱོ གས་པ་དང་། འགྲན་རྩོད་ཀྱི་རྣམ་པ་ཇེ་ཆེ་ནས་ཇེ་ཆེ་དང་། འགྲན་རྩོད་ཀྱི་ཚད་ཛ་དྲག་ནས་ཛ་དྲག་ཏུ་གྱུར།……ད་ལྟའི་ཀྲུང་གོའི་སྐམ་ས་འདི་ལྟར་འཕེལ་རྒྱས་སོང་ན་རྣམ་པ་ཁ་ཤས་ཤིག་ནི་དངོས་ནས་འཇིགས་ཡེར་བ་ཞིག་རེད། གནས་ཚུལ་འདི་འདྲའི་འོག་ཏུ། མི་མང་བོ་ཞིག་གིས་རིག་གནས་ལ་བརྟེན་ནས་གནད་དོན་ཐག་གཅོད་འདོད་པ་དང་། དོན་ དངོས་སུ་རིག་གནས་ནང་དུ་ཉོག་ཟིང་གི་དོན་དག་ཧ་ཅང་མང་བས་རིག་གནས་རྐྱང་བ་བཤད་ནས་གནད་དོན་ཐག་གཅོད་མི་ཐུབ། ཡིན་ནའང་ནང་བསྟན་རིག་གནས་ཀྱིས་ཉམས་པ་གང་ཞིག་སྐྱོབ་ཐུབ་པ་དང་། སྐྱེ་སྟོབས་གང་ཞིག་སྣོན་ཐུབ་ངེས་རེད། དེ་ལྟར་མིན་ཚེ་ནང་སེམས་ཀྱི་ངོ་བོ་ཡོངས་སུ་མར་འགྲིབ་ཅིང་། ཚེ་སྲོག་གི་སྤུས་ཀ་ཡོད་ཚད་ལ་ཉམས་ཆག་ཆེན་པོ་འབྱུང་ངེས་སོ། །
  • ལེ་ཚན་སྔོན་མ།:མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཨིན་ཡིག་ཏུ་བརྩམས་པའི་སྙན་ངག་ཅིག
  • ལེ་ཚན་རྗེས་མ།:གལ་སྲིད་འཚོ་བས་ཁྱེད་ཉིད་མགོ་སྐོར་བཏང་ན།