གླིང་སྒྲུང་ལས་སངས་རྒྱས་ཆོས་ལུགས་ཁོ་ན་བརྗོད་པའི་སྐོར་གླེང་བ།

ཆབ་འགག་རྡོ་རྗེ་ཚེ་རིང་།        2012-07-23

དེ་ཡང་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ཐམས་ཅད་ཀྱི་ནང་དུ་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་དང་བཤད་སྟངས་ལ་སོགས་པའི་དྲི་མ་ཙམ་ཡང་མ་འདྲེས་པའི་སྒྲུང་རྩོམ་ཞིག་མེད་ན་ཡང་།གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྩོམ་ཕལ་ཆེ་བའི་བརྗོད་བྱའི་དོན་གཙོ་བོ་གླིང་དཀར་སྟོད་ཀྱི་ལོ་རྒྱུས་དང་གླིང་རྗེ་གེ་སར་རྒྱལ་པོ་ཁོང་གི་སྐུ་ཙེ་ཧྲིལ་པོའི་མཛད་རྗེས་ཐམས་ཅད་དང་།ད་དུང་གླིང་སྒྲུང་ལ་སྦྱར་བའི་སྤུར་རྒྱལ་བཙན་པོ་རིམ་བྱོན་དག་གི་མཛད་འཕྲིན་སྐོར་གྱི་གནའ་བོའི་ལོ་རྒྱུས་ཀྱི་གནས་ཚུལ་ལ་སོགས་བརྗོད་པ་ཞིག་ལགས་མོད།འོན་ཏེ་གླིང་གེ་སར་རྒྱལ་པོའི་སྒྲུང་རྩོམ་ལས་དམྱལ་གླིང་མུན་པ་རང་གསལ་ལམ་ཨ་སྟག་ལྷ་མོ་ཞེས་པའི་སྒྲུང་འདིར་མཚོན་ན།དེའི་བརྗོད་བྱ་གཙོ་བོ་གླིང་སྒྲུང་གཞན་རྣམས་དང་མི་འདྲ་བར་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་ཁོ་ན་བརྗོད་པའི་སྒྲུང་རྩོམ་ཞིག་ཡིན་ཏེ།༡༩༨༣ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་དམྱལ་གླིང་མུན་པ་རང་གསལ་ཞེས་པའི་སྒྲུང་རྩོམ་འདིར་ལེའུ་ཆེན་པོ་གསུམ་དུ་བགོས་ཡོད་དེ།ལེའུ་དང་པོར་གེ་སར་རྒྱལ་པོ་ཁོང་ཉིད་སངས་རྒྱས་ཀྱི་ཆོས་ལུགས་སྤེལ་ཆེད་རྒྱ་ནག་ཡུལ་ལ་ཕེབས་དགོས་བྱུང་ཞིང་།སྐུ་ཉིད་རྒྱ་ནག་ཡུལ་ལ་ཕེབས་རྗེས་མཛའ་གྲོགས་ཨ་སྟག་ལྷ་མོར་འཆི་བདག་བདུད་ཀྱི་ཞགས་པས་ཐེབས་ཏེ་ཉམ་ཐག་ངང་ནས་དམྱལ་བའི་གཏིང་རྡོར་ལྷུང་ཞེས་སངས་རྒྱས་ཆོས་ལུགས་ལས་མི་རྟག་འཆི་བ་དང་དམྱལ་བ་བརྗོད་པའི་སྐོར་བཀོད་ཡོད་པ་དང་།ལེའུ་གཉིས་པའི་ནང་དུ་གླིང་རྗེ་གེ་སར་རྒྱལ་པོ་རྒྱ་ཡུལ་ནས་རང་ཡུལ་ལ་ཕེབས་རྗེས་གྲོགས་ཨ་སྟག་ལྷ་མོ་དམྱལ་བར་ལྷུང་ཡོད་པ་མཁྱེན་ནས་ཁོང་མི་རྟ་གཉིས་དམྱལ་བའི་ཡུལ་ལ་གསོན་ཕེབས་གནང་སྟེ་གྲོགས་ཨ་སྟག་ལྷ་མོའི་སྡིག་སྒྲིབ་སྦྱང་ཆེད་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་སྟོང་རྩ་བཞེངས་ཞེས་སངས་རྒྱས་ཆོས་ལུགས་ཀྱི་སྡིག་སྒྲིབ་དང་སྐུ་གསུང་ཐུགས་ཀྱི་རྟེན་བརྗོད་པའི་སྐོར་བྲིས་འདུག་ལ།ལེའུ་གསུམ་པ་ལས་གླིང་གེ་སར་རྒྱལ་པོས་སྙིང་གྲོགས་ཨ་སྟག་ལྷ་མོས་གཙོ་བྱས་པའི་བགྲང་དཀའི་ཤི་བོ་དུང་ཕྱུར་བཅོ་བརྒྱད་ལ་ཚ་གྲང་དམྱལ་བའི་རྣམ་སྨིན་སྣ་ཚོགས་ངོ་སྤྲོད་མཛད་དེ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་ཡར་དྲངས་པའི་གནས་ཚུལ་བརྗོད་པ་བཅས་ཀྱི་སྐོར་བཀོད་ཡོད་པའོ།།
དང་པོ།དམྱལ་གླིང་ལས་མི་རྟག་འཆི་བ་དང་དམྱལ་བ་བརྗོད་པའི་སྐོར།
དེང་སྐབས་ང་ཚོ་ཁ་བ་རི་བར་འབོད་པའི་མི་རིགས་འདིའི་འགྲོ་འདུག་སྤྱོད་གསུམ་དང་རིག་སེམས་དཔལ་གསུམ་བཅས་ཕྱོགས་གང་ཐད་དུ་སངས་རྒྱས་ཆོས་ལུགས་ཀྱི་ལྟ་སྟངས་སྤྱོད་ལམ་དང་དབྱེར་མེད་དུ་གནས་ཡོད་པ་འདི་ནི་དུས་ཡུན་ཧ་ཅང་རིང་པོ་ཞིག་གི་དུས་ཚོད་ནང་དུ་གྲལ་རིམ་སོ་སོའི་སྒོས་དབང་ལྟར་མི་རིགས་འདིའི་སེམས་ཁམས་དང་བསྟུན་ནས་རིམ་བཞིན་དར་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་སོང་སྟེ་དེང་དུས་ཀྱི་རྣམ་པ་དང་ཁྱད་ཆོས་འདི་ལྟ་བུ་གྲུབ་པ་ལས་སངས་རྒྱས་ཆོས་ལུགས་བོད་ཡུལ་དུ་ཐོག་མར་དར་འགོ་ཚུགས་པ་ནས་བཟུང་མི་རིགས་འདིའི་སེམས་ཁམས་དང་དབྱེར་མེད་དུ་གནས་ཡོད་པ་ཞིག་གཏན་ནས་མ་ཡིན་ཏེ་དཔེར་ན།གླིང་གེ་སེར་རྒྱལ་པོའི་སྒྲུང་དམྱལ་གླིང་མུན་པ་རང་གསལ་ཞེས་པའི་ལེའུ་དང་པའི་བརྗོད་བྱའི་དོན་གཙོ་བོ་མི་རྟག་འཆི་བ་དང་དམྱལ་བའི་སྐོར་ཡིན་ཏེ་དེ་ལས་ས་སྟེང་གི་སྐྱེས་དངོས་དང་།དུས་བཞི།རང་བྱུང་ཁམས་ལ་སོགས་པར་མི་རྟག་འཆི་བ་བཞིན་དུ་འགྱུར་ལྡོག་བྱུང་བའི་གནས་ལུགས་དཔེ་ལ་བཀོད་དེ་དབྱར་གསུམ་མེ་ཏོག་སྣ་ཚོགས་སྟོན་གསུམ་བད་ཁ་ཀྱིས་བཅོམ་པའི་སྣང་ཚུལ་དང་།དཔྱིད་གསུམ་བཏབ་པའི་ལོ་འབྲས་སྟོན་གསུམ་ཟོར་བས་བྲེགས་པའི་གནས་ལུགས།དབྱར་གསུམ་ལྷང་ལྷུང་བཞུར་བའི་ཆུ་བོ་དགུན་གསུམ་འཁྱགས་པས་བསྡམས་པའི་ཁྱད་ཆོས།དགུན་ཟླ་གསུམ་ཆབ་དང་ཆུ་བོའི་ཆབ་རོམ་དབྱར་ཟླ་གསུམ་ཉི་འོད་དྲོད་ཀྱིས་བཞུས་པའི་འགྱུར་ལྡོགདབྱར་གསུམ་སྐྱིད་ལ་རྩེན་པའི་སྦྲང་བུ་དགུན་ཟླ་གསུམ་འཁྱགས་དང་ལྷགས་པས་བསད་པའི་རྣམ་པ།ནངས་སྔ་དྲོ་ཕྱོགས་བཞིར་འཕྲོས་པའི་ཉི་འོད་དགོང་ཕྱི་དྲོ་གཟའ་རྒོད་བདུད་ཀྱིས་མུད་པའི་གནས་ཚུལ་ལ་སོགས་འགྲོ་བ་མིས་དུས་རྒྱུན་མཐོང་ཐོས་སུ་གྱུར་པའི་རང་བྱུང་ཁམས་ཀྱི་འགྱུར་ལྡོག་གི་སྣང་ཚུལ་རྣམས་དང་།དེ་མིན་ད་དུང་དབང་མངའ་ཐང་ཅན་གྱི་དཔོན་པོ་དང་།རྒྱུ་སྟོབས་འབྱོར་ཅན་གྱི་ཕྱུག་པོ།དབུ་གསེར་ཞྭ་ཅན་གྱི་བླ་མ་དག་ཀྱང་འཆི་བ་མི་རྟག་པའི་དུས་ལ་བབ་སྐབས་དབང་མངའ་ཐང་ཆེའང་ངོམ་ས་མེད་པ་དང་།རྒྱུ་སྟོབས་འབྱོར་ལྡན་རུང་བསླུ་ས་མེད་པ།ཐུགས་རྟོགས་པ་མཐོ་ཡང་སྦས་ས་མེད་པའི་རྒྱུ་མཚན་རྣམས་གོ་སླ་ཞིང་རྣར་སྙན་པའི་དཔེ་དང་གནས་ལུགས་ལ་སྦྱར་ནས་སངས་རྒྱས་ཆོས་ལུགས་ཀྱི་མི་རྟག་འཆི་བའི་ཁྱད་ཆོས་དང་མར་གྱུར་སེམས་ཅན་ཐམས་ཅད་ལ་སྐྱེ་རྒ་ན་འཆི་ནམ་ཡོང་ངེས་མེད་ཡིན་པའི་ཆོས་ཉིད་ཐམས་ཅད་བརྗོད་སྤེལ་བྱས་ཡོད་དེ་དཔེ་ཞིག་དྲངས་ནས་བཤད་ན་དམྱལ་གླིང་ལས།ཚུར་ཉོན་དང་ཨ་སྟག་ལྷ་མོ་ཁྱོད། །ཚེ་མི་རྟག་འཆི་བ་ཨེ་ཤེས་སམ། །ཁྱོད་མི་ཤེས་ང་ཡིས་ངོ་ཞིག་སྤྲོད། །སྤྱིར་འཇིག་རྟེན་ཁམས་ལ་ཆ་བཞག་ན། །དབྱར་ཟླ་གསུམ་ར་བ་ཚེས་པའི་དུས། །སྤང་སེར་པོར་མེ་ཏོག་དཀར་དམར་འཁྲུངས། །འབུ་བུང་བས་རང་སེམས་སྐྱིད་ལ་བསྐོར། །སྟོན་ཟླ་གསུམ་བ་མོ་འབབ་པའི་དུས། །རླུང་གྲང་རེག་གཉིས་ཀྱི་བུ་ཡུག་འཚུབ། །འབུ་བུང་བ་མི་སྡོད་མྱུར་དུ་འཆི། །དཔེ་དེ་བཞིན་མི་རྟག་འཆི་བ་སྒོམས། །དགུང་ཨ་སྔོན་གན་ན་ཆགས་རེ་འཇོག།མཐོ་ཉི་ཟླ་ཟེར་བའི་འོད་མདངས་ཅན། །འོད་སེར་པོས་གླིང་བཞིའི་མུན་པ་སེལ། །མ་སེམས་ཅན་སྣང་བ་སྤྲོ་སེང་ངེ་། །གཟའ་རྒོད་པོ་ཟེར་བའི་བདུད་རྒན་དེས། །དགུང་ཉི་ཟླའི་འོད་མདངས་ཐིབས་སེ་བླངས། །དཔེ་དེ་བཞིན་མི་རྟག་འཆི་བ་སྒོམས། །དཔོན་ཐོབ་ཐང་ཅན་གྱི་མི་ཆེན་ཚོ། །དགྲ་འཆི་བདག་ནག་པོ་སླེབས་ཙ་ན། །ཏོག་ཐོབ་ཐང་ཐམ་ག་གོ་གནས་དང་། །མཚན་སྙན་གྲགས་ཁ་རྗེ་རླུང་རྟ་སོགས། །ས་གར་སོང་མི་ཤེས་གཅིག་པུར་ལུས།།སྐྱ་རེངས་ངེ་རི་བོའི་རྩེ་ལ་བསྐྱལ། །དཔེ་དེ་བཞིན་མི་རྟག་འཆི་བ་སྒོམས། །དགུང་ཉི་ཟེར་ཆུ་རླུང་འཐབ་པའི་ཚེ། །འཇའ་ཁ་དོག་སྣ་ལྔའི་རི་མོ་ཤར། །དེ་སྐད་ཅིག་ངང་ལ་ཡལ་ནས་འགྲོ། །ཕྱི་འབྱུང་བ་ཚ་གྲང་འཐབ་པའི་འོད། །གསེར་འོད་རྣོན་འབར་བའི་གློག་དམར་འཁྱུག། །དེ་སྐད་ཅིག་འཁྱུག་ལ་སྐད་ཅིག་མེད། །དཔེ་དེ་བཞིན་མི་རྟག་འཆི་བ་སྒོམས། །གཟུངས་ཡི་གེ་དྲུག་མ་རྒྱུན་དུ་ཐོན། །སེམས་བསམ་པ་བཟང་པོས་ཉམས་ལེན་གྱིས། །མ་འགྲོ་བ་རིགས་དྲུག་སྙིང་རྗེས་སྐྱོངས། །སྔོན་སྡིག་པ་བྱས་ཚད་མཐོལ་བཤགས་བྱོས། །ཡིད་འགྱོད་སེམས་དྲག་པོས་སྡིག་སྦྱངས་གྱིས། །ཞེས་རང་བྱུང་ཁམས་ཀྱི་སྣང་ཚུལ་ཐམས་ཅད་མི་རྟག་པ་ཡིན་ཚུལ་དང་དབང་ཐང་གོ་ས་རྒྱུ་ནོམ་སོགས་ལ་སྙིང་པོ་མེད་པའི་གནས་ལུགས་ཡོད་ཚད་གོ་སླ་ཞིང་ཉན་བདེ་བའི་ཆ་འཇོག་དང་གཏམ་དཔེ་སྣ་ཚོགས་ཀྱིས་མི་སོ་སོའི་ཡིད་སེམས་སངས་རྒྱས་ཀྱི་ཆོས་ཕྱོགས་ལ་དྲངས་ཏེ་སྔར་ཀྱི་མི་དགེ་བའི་ལས་ལ་འགྱོད་པ་སྐྱེས་ཤིང་རྗེས་ཕྱོགས་སུ་དགེ་བའི་ལས་བསྒྲུབ་པ་དང་མི་དགེ་བའི་ལས་སྤང་བར་སྤོབས་པ་དང་ངེས་ཤེས་སྐྱེས་ཐུབ་པའི་ནུས་པ་ཐོན་ཡོད་པ་ཡིན་ནོ། །
དེ་བཞིན་དུ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྩོམ་དམྱལ་གླིང་མུན་པ་རང་གསལ་ཞེས་པའི་ལེའུ་དང་པོའི་མཇུག་ཏུ་གླིང་རྗེ་གེ་སར་རྒྱལ་པོ་རྒྱ་ཡུལ་དུ་སངས་རྒྱས་ཆོས་ལུགས་སྤེལ་བར་ཕེབས་ནས་ཟླ་གསུམ་འགོར་བའི་ཚེ་ཨ་སྟག་ལྷ་མོར་མི་རྟག་འཆི་བ་ཐོན་ཏེ་ན་ཚ་བཟོད་གླགས་མེད་པར་གྱུར་སྟབས།ལྷ་པ་དང་མོ་པ།རྩིས་པ་ལ་སོགས་མང་དུ་བསགས་ཀྱང་མ་ཕན་ལ།སྐུ་རིམ་དང་རིམ་གྲོས་བཟློག་མ་ནུས།སྨན་དཔྱད་ལ་སོགས་པའི་ཐབས་གང་བྱས་ཀྱང་མ་ཕན་པར་ཚེ་ལས་འདས་ཏེ་སྲིད་པ་བར་དོའི་འཇིགས་སྐྲག་ཐམས་ཅད་རིམ་བཞིན་མཐོང་སྟེ་ཚེ་ཕྱི་མའི་མ་ཤི་གསོན་བྱེ་མའི་ལ་ཁར་སླེབས་སོ་ཞེས་འཇིག་རྟེན་མིའི་ཡུལ་འདིར་འཚོ་བའི་མར་གྱུར་སེམས་ཅན་ཐམས་ཅད་སུ་ཞིག་ཡིན་རུང་མི་རྟག་འཆི་བར་བཟློག་ཏུ་མེད་དེ།ཤི་བའི་རྗེས་སུ་རང་གཅིག་པུ་ཚེ་ཕྱི་མའི་ཡུལ་ལ་འགྲོ་དགོས་ཟེར་བའི་སངས་རྒྱས་ཆོས་ལུགས་ཀྱི་ཚེ་ཕྱི་མའི་བཤད་སྟངས་གླེང་ཡོད་པ་དང་།དེ་ནས་ཨ་སྟག་ལྷ་མོ་གཤིན་རྗེ་རྒྱལ་པོའི་དྲུང་དུ་སླེབས་ཏེ་ཚེ་འདིར་རང་གིས་བསགས་པའི་དགེ་སྡིག་གཉིས་ཀྱི་ལས་རྩིས་སྤྲོད་རྒྱག་སྐབས་མོའི་ཕྲག་གོང་གཡས་པ་ནས་ལས་ཀྱི་བུ་ཆུང་དཀར་པོ་ལྷན་ཅིག་སྐྱེས་པའི་ལྷ་དེས་དར་དཀར་གྱི་ཁུག་མ་མཛུབ་ཤུབས་ཙམ་ཞིག་ལས་རྡེའུ་དཀར་པོ་ཡུངས་འབྲུ་ཙམ་ཞིག་བླངས་ཏེ་འདི་སྐད་དུ།ཆོས་ཡོད་ན་ཆོས་རྒྱལ་རིན་པོ་ཆེ། །ཆོས་མེད་ན་ཁྲིམས་རྒྱལ་རིན་པོ་ཆེ། །ཆོས་ཡོད་མེད་གཤིན་རྗེ་རིན་པོ་ཆེ། །སྨན་དཔའ་མོ་ཨ་སྟག་ལྷ་མོ་འདི། །ཤ་ཟ་མཁའ་འགྲོའི་སྤྲུལ་བར་རེད། །གླིང་སེང་ཆེན་རྒྱལ་པོའི་ཇ་མ་རེད། །གླིང་སེང་ཆེན་ཞལ་ངོ་མཐོང་བའི་མི། །ལྷ་ཨོ་རྒྱན་མཇལ་དང་ཁྱད་པར་མེད། །ཞལ་མིག་གིས་མཐོང་ན་ངན་སོང་མེད། །གསུང་རྣ་བས་ཐོས་ན་ཆོས་ལ་འགྱུར། །དོན་དེའི་ཕྱིར་ཨ་སྟག་ལྷ་མོ་འདི། །ཡར་བདེ་ཆེན་ཞིང་ལ་འདྲེན་ཐབས་ཞུ། །ཞེས་ཡར་ཞུ་བྱས་ཀྱང་ཨ་སྟག་ལྷ་མོའི་ཕྲག་གོང་གཡོན་པ་ནས་མཉམ་པོར་འོངས་པའི་བདུད་ལས་ཀྱི་བུ་ཆུང་ནག་པོ་དེས་སྒྱེ་ནག་པོ་སྟོང་གསུམ་ཤོང་བ་ཙམ་གྱི་ནང་ནས་རྡེའུ་ནག་པོ་རི་རྒྱལ་ལྷུན་པོ་འདྲ་བ་ཞིག་བླངས་ཏེ་འདི་སྐད་དུ།མི་འདི་ཡི་ཆ་རྒྱུས་ང་ལ་ཡོད། །འདི་འཇིག་རྟེན་ཁམས་ན་ཡོད་པའི་དུས། །བདུད་སྲིན་པོ་མགོ་དགུའི་སྲིང་མོ་རེད། །ས་ཡར་སྟོད་བདུད་ཀྱི་ས་ཆ་ནས། །སྨན་འདི་ལ་བདུད་མོ་ཤ་གཟན་ཟེར། །ཆུང་མོ་ལོ་གསུམ་གྱི་གོང་རོལ་ནས། །ཐང་ཆེན་པོའི་དཀྱིལ་ལ་ཤིང་མདའ་འཕངས། །བྱིའུ་རི་བོང་སྒུམ་བུ་འཐུ་འཐུ་བྱས། །མ་འདི་ལ་ཡར་ཐར་གང་ན་ཡོད། །ལོ་བཅུ་གསུམ་ཁ་ལ་ཡར་བུད་ནས། །སྐྲ་བརྒྱབ་ལ་འཕངས་ནས་སྡིག་པ་བྱས། །ནངས་སྔ་དྲོ་ཁྲ་ཡག་རྫ་ལ་སོང་། །འདིས་ལྕགས་གཞུ་བཀུག་ནས་ལྕགས་མདའ་འཕངས། །འབྲོང་བྲེ་སེར་མ་བུ་དགུ་བརྒྱ་བསད། །མགོ་རུ་ཐུར་ཤ་ལེ་ཐང་ལ་འཕངས། །དགོང་ཕྱི་དྲོ་འབྲོང་མོ་བསད་བསད་ནས། །རི་ཆེན་པོ་ཁྲག་གིས་དམར་པོ་བྱས། །མ་ཨ་སྟག་ལྷ་མོ་གར་སོང་ན། །བྱ་རྒོད་པོའི་གཤོག་རྩལ་ཉི་ལི་ལི། །སྤྱང་དར་མ་གཟན་རྒྱུག་ཐ་ར་ར། །མ་འདི་ལ་ཡར་ཐར་གང་ན་ཡོད། །དམག་སྟོང་ཕྲག་དགུ་བརྒྱའི་སྣ་འདྲེན་བྱས། །དབུ་གསེར་ཞུ་ཅན་གྱི་བླ་མ་བསད། །ཤི་དམྱལ་བའི་འཇིགས་སྐྲག་མ་བསམ་ཐལ། །ཏོག་ཐོབ་ཐང་ཅན་གྱི་དཔོན་པོ་བསད། །གོང་བཙན་པོའི་ཁྲིམས་ལ་མ་འཛེམས་ཐལ། །ཞྭ་ནག་པོ་ཅན་གྱི་སྔགས་པ་བསད། །གཉན་ཆོས་སྐྱོང་བྱད་ཁར་མ་འཛེམས་ཐལ། །སྐེད་འཁོར་གསུམ་ཅན་གྱི་སྐྱེས་བུ་བསད། །  དམག་གོ་ཁྲབ་ཅན་ལ་མ་འཛེམས་ཐལ། །སྐྲ་ལན་བུ་ཅན་གྱི་བུད་མེད་བསད། །སྡེ་ཆེན་པོའི་མི་ཁར་མ་འཛེམས་ཐལ། །རྒྱབ་ཁུར་བོ་ཅན་གྱི་ཨ་རྐྱོ་བསད། །ཁྱོད་ཆོས་རྒྱལ་ཁྲིམས་ལ་མ་འཛེམས་ཐལ། །མ་འདི་ལ་ཆད་པ་མ་བཅད་ན། །ཁྱོད་ཆོས་རྒྱལ་བཟང་མེད་ངན་མེད་རེད། །གཡོག་ལས་མཁན་དགེ་མེད་སྡིག་མེད་རེད། །ཅེས་ཡར་ཞུ་བྱས་པར་གཤིན་རྗེ་རྒྱལ་པོར་དགེ་སྡིག་མེ་ལོང་རང་གསལ་ཞེས་པ་ཞིག་ཡོད་པར་གཟིགས་ཚེ་རང་ཉིད་འཇིག་རྟེན་མི་ཡུལ་ན་ཡོད་དུས་ཡར་བླ་མ་རྣམས་ལ་མཆོད་པ་འབུལ་ཚུལ།རྒྱུ་ཁབ་དང་སྐུད་པའི་འབྲེལ་བ་བཞག་ཚུལ།བར་དགེ་འདུན་ལ་བསྙེན་བཀུར་བྱས་ཚུལ།མར་སྤྲང་པོ་ལ་སྦྱིན་པ་བཏང་ཚུལ།ཐ་ན་ཟས་ཁམ་གང་བྱིན་ཚུལ་ཡང་གསལ་ལེར་འཆར་ཞིང་།སྡིག་པ་ཆེ་བ་མི་དང་རི་དྭགས་བསད་པ།ཆུང་བ་ཤིག་དང་སྲོ་མང་ཡན་ཆད་ཤར་བ་དང་།རྒྱུ་ཆེ་བ་གསེར་དངུལ་དར་ཟབ།ཆུང་བ་ཁབ་སྐུད་ཡན་ཆད།རྐུས་འཕྲོག་བཅོམ་གསུམ་མན་ཆད།རྫུན་ཆེ་བ་ཁ་མཆུ་རྩོད་པ།ཆུང་བ་རྩིག་རྩུབ་ངག་འཁྱལ་ཡན་ཆད།ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བ་བཅུའི་ལས་བྱས་ཚད་ཐམས་ཅད་གསལ་པོ་ཤར་འདུག་པ་མཐོང་བས་གཤིན་རྗེ་རྒྱལ་པོས་ཨ་སྟག་ལྷ་མོར་སྐད་དུ།མི་སྡིག་ཅན་ཨ་སྟག་ལྷ་མོ་ཁྱོད་གསོན་འཇིག་རྟེན་ཁམས་ན་ཡོད་པའི་དུས་སྡིག་གཅོད་སྣ་ཚོགས་བྱས་པའི་རྣམ་སྨིན་ལ་དམྱལ་བ་ཡང་སོས་ནས་ལོ་ལྔ་བརྒྱར་སྡོད།སེམས་ཞེ་སྡང་བསགས་པའི་རྣམ་སྨིན་གྱིས་མནར་མེད་ནས་ལོ་དགུ་བརྒྱར་སྡོད།རྒྱུ་ནོར་པ་སེར་སྣ་བྱས་པའི་རྣམ་སྨིན་གྱིས་ཡི་དྭགས་ཡུལ་ནས་ལོ་དགུ་བཅུར་སྡོད་གསུངས་པའི་སྐབས་སུ་འཇིགས་པའི་ལས་མཁན་དགུ་བརྒྱས་སོད་སོད་དང་རྒྱོབ་རྒྱོབ་ཀྱིས་སྒྲས་གནམ་ས་གང་བ་དཔེར་ན།སྟོང་ལུག་མ་བུ་འདྲེས་པ་ལྟར་བསྒྲགས་ནས་ལམ་ནག་པོ་ཐག་པ་འདྲ་བ་ཞིག་གི་ནང་དུ་མར་དམྱལ་བའི་ཡུལ་ལ་ཁྲིད་ནས་སོང་ངོ་ཞེས་འཇིག་རྟེན་གྱི་ཁམས་འདིར་འཚོ་བའི་མར་གྱུར་སེམས་ཅན་ཐམས་ཅད་སུ་ཞིག་ཡིན་རུང་རང་ཉིད་གསོན་སྐབས་ཡར་བླ་མ་དང་བར་དགེ་འདུན་རྣམས་ལ་མཆོད་བཀུར་མི་བྱེད་པ་དང་།མར་སྤྲང་པོར་སྦྱིན་པ་མི་གཏོང་བ།རྐུས་འཕྲོག་བཅོམ་གསུམ་བྱེད་པ།སྲོག་གཅོད་རྫུན་རྩོད་བྱེད་པ་སོགས་མདོར་ན་སངས་རྒྱས་ཆོས་ལུགས་ཀྱི་མི་དགེ་བ་བཅུའི་ལས་བྱས་ཡོད་ཚད་གསོན་དུས་ཤ་ཡི་བུ་ལོན་དགཤི་རྗེས་ཁྲག་གིས་འཇལ་དགོས་ཡོང་ཟེར་བའི་དཔེ་འདི་ལྟ་བུ་ལས་གཤིན་རྗེ་རྒྱལ་པོའི་ཁྲིམས་ཁ་ནས་བུ་དཔའ་བོས་འཐབ་ར་འཛིན་ས་མེད་པ་དང་།གཏམ་མཁས་པས་ཁ་རྒོད་རྩེད་ས་མེད་པ།དབང་མངའ་ཐང་ངོ་ལ་བལྟ་ས་མེད་པ།རྒྱུ་ནོམ་པ་ཅན་གྱིས་བསླུ་ས་མེད་པ།རྫུན་དང་གཡོ་སྒྱུ་བཤད་ས་མེད་པར་སྡིག་པ་སྣ་ཚོགས་བྱས་པའི་རྣམ་སྨིན་གྱིས་མར་དམྱལ་བའི་ཡུལ་དུ་ཚ་གྲང་བཟོད་གླགས་མེད་པ་མྱང་དགོས་ཚུལ་ལ་སོགས་གསོན་ཉམས་ལྡན་པ་དང་མཐོང་རེག་ཐུབ་པ་ལྟ་བུའི་ལུང་དང་དཔེ་ཡི་སྒོ་ནས་སངས་རྒྱས་ཆོས་ལུགས་ཀྱི་མི་རྟག་འཆི་བ་དང་དམྱལ་བའི་སྐོར་ངོ་སྤྲོད་གསལ་པོ་བྱས་ཡོད།
གཉིས་པ།དམྱལ་གླིང་ལས་སྡིག་སྒྲིབ་དང་རྟེན་གསུམ་བརྗོད་པའི་སྐོར།
དངོས་གཙོ་རིང་ལུགས་ཀྱི་འཇིག་རྟེན་ལྟ་ཚུལ་ལྟར་ན་ཚེ་ཕྱི་མ་དང་དམྱལ་བ་ཞེས་པའི་ཡུལ་གཞན་ཞིག་ལ་འགྲོ་ས་མད་ཅེས་པ་དང་དངོས་སུའང་ཡོད་མི་སྲིད་དེ་ཨ་སྟག་ལྷ་མོས།ཤི་དམྱལ་བའི་གཤེན་རྗེ་ཆོས་རྒྱལ་དེ། །ཡོད་ཟེར་བའི་རྣ་ཐོས་མ་གཏོགས་པའི། །འདི་ཟེར་ནས་མིག་གིས་མཐོང་མཁན་མེད། །ཡར་བལྟས་ན་ཨ་སྔོན་སྟོང་པ་རེད། །གནས་དེ་ན་ཆོས་རྒྱལ་ཡོད་རབས་མེད། །མར་བལྟས་ན་ས་གཞིས་སྟོང་པ་རེད། །གནས་འདི་ན་ཆོས་རྒྱལ་ཡོད་རབས་མེད། །ཅེས་པའི་དཔེ་བཞིན་ལགས་མོད་ཀྱི།འོན་ཏེ་སངས་རྒྱས་ཆོས་ལུགས་ཀྱི་ལྟ་སྟངས་ལྟར་ན་ཚེ་ཕྱི་མ་དང་།སྡིག་སྒྲིབ།དམྱལ་ཡུལ།དག་ཞིང་ལ་སོགས་དངོས་སུ་གནས་ཤིང་མཐོང་རེག་ཐུབ་པའི་སྐོར་གྱི་ལུང་དང་དཔེ་སྣ་ཚོགས་འདྲེན་རྒྱུ་ཡོད་པ་བཞིན་དུ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དམྱལ་གླིང་ཞེས་པའི་ལེའུ་གཉིས་པའི་ནང་དུའང་གླིང་རྗེ་གེ་སར་རྒྱལ་པོས་རྒྱ་ནག་ཡུལ་དུ་དཀར་པོ་ཆོས་ཀྱི་བསྟན་པ་བཙུགས་ཤིང་ཡི་དམ་ལྷའི་བྱིན་རླབས་ལེགས་པར་མཛད་དེ།རྒྱ་ནག་རི་བོ་རྩེ་ལྔ་ནས་མི་འབུམ་ཕྲག་མང་པོའི་བློ་ཁ་ཆོས་ལ་བསྒྱུར་པ་དང་།ཡུལ་གྲུ་སོ་སོར་དགོན་སྡེ་དང་རི་བོ་རེ་རེར་ལྷ་ཁང་དང་མཆོད་རྟེན་མང་པོ་གསར་བཞེངས་མཛད་ནས་ཕྱིར་ཁྲ་བོ་གླིང་གི་ས་ཆར་ཕེབས་རྗེས་གྲོགས་ཨ་སྟག་ལྷ་མོར་མི་རྟག་འཆི་བ་ཐོན་ཏེ་ཚེ་ཕྱི་མར་སོང་ཟིན་པ་མ་ཟད།སྡིག་སྒྲིབ་ལྗིད་རྐྱེན་དམྱལ་ཁམས་བཅོ་བརྒྱད་ཀྱི་འོག་ཏུ་ཚ་གྲང་བཟོད་གླགས་མེད་པའི་སྡུག་བསྔལ་སྣ་ཚོགས་མྱོང་བཞིན་པ་མཁྱེན་ནས་ཁོང་མི་རྟ་གཉིས་ཚེ་ཕྱི་མའི་ཡུལ་ལ་གསོན་ཕེབས་གནང་སྟེ་གཤིན་རྗེ་རྒྱལ་པོའི་ཕོ་བྲང་དུ་སླེབས་རྗེས།གཤིན་རྗེ་ཆོས་རྒྱལ་གྱིས་གླིང་རྗེ་གེ་སར་རྒྱལ་པོར་རྒྱུ་འབྲས་བདེན་པར་གོ་བའི་མགུར་འདི་སྐད་དུ།ང་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཡིན། །སྔོན་སྲིད་པ་དང་པོའི་སྔ་རོལ་ནས། །ལྷ་འཇམ་པའི་དབྱངས་ཀྱིས་བསྐོས་པ་ཡིན། །ཤི་དམྱལ་བའི་ཡུལ་གྱི་ས་ཆ་འདིར། །མི་སྡིག་ཅན་དམྱལ་བར་གཏོང་དགོས་གསུངས། །མི་ཆོས་ཅན་བདེ་འགྲོར་སྐྱེལ་དགོས་གསུངས། །ལས་རྒྱུ་འབྲས་ཞིབ་ཏུ་བརྩི་དགོས་གསུངས། །རྗེ་འཛམ་གླིང་གེ་སར་རྒྱལ་པོ་ཁྱོད། །མགོན་ཨོ་རྒྱན་པདྨའི་རྒྱལ་ཚབ་རེད། །ད་ཡིན་ན་ཁྱོད་ཀྱིས་བསམ་བློ་ཐོངས། །ཆོས་དགེ་བ་བསྒྲུབས་པའི་ཕན་ཡོན་དེ། །ཁྱེད་ཡོད་གི་ཟེར་རམ་མེད་གི་ཟེར། །སྡིག་སྲོག་གཅོད་བྱས་པའི་རྣམ་སྨིན་དེ། །ཁྱེད་ཡོད་གི་ཟེར་རམ་མེད་གི་ཟེར། །སྔོན་སངས་རྒྱས་ཤཱཀྱ་ཐུབ་པ་ཡིས། །ལས་སྡིག་པ་བྱས་པའི་རྣམ་སྨིན་དེ། །ཚེ་ཕྱི་མར་མངོན་སུམ་མྱོང་དགོས་གསུངས། །འདི་བདེན་གི་ཟེར་རམ་རྫུན་གི་ཟེར། །མ་སྡིག་ཅན་ཨ་སྟག་ལྷ་མོ་འདི། །ཤི་དམྱལ་བའི་ཡུལ་ནས་ལོ་གསུམ་འགོར། །དུས་ད་དུང་མི་ལོ་ལྔ་བརྒྱའམ། །དུས་ཉུང་ན་མི་ལོ་བཅོ་བརྒྱད་ལ། །གནས་དམྱལ་བ་འདི་ནས་ཡར་ཐར་མེད། །དཔོན་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དང་། །ཁྲིམས་བཙན་པོས་བཅིངས་པ་མ་རེད་དེ། །མོ་རང་གི་སྔོན་བྱས་འབྲས་བུ་རེད། །ཁྱེད་གལ་ཏེ་ཡར་ལ་འདྲེན་འདོད་ན། །ལུས་སྲོག་གཅོད་སྡིག་པ་སྦྱང་བའི་ཕྱིར། །ལྷ་བདེ་བཤེགས་སྐུ་གཟུགས་སྟོང་རྩ་བཞོངས། །ངག་ཚིག་རྩུབ་སྡིག་པ་སྦྱང་བའི་ཕྱིར། །ཆོས་གསུང་རབ་ཐར་མདོ་སྟོང་རྩ་བཞོངས། །སེམས་ཞེ་སྡང་སྡིག་པ་སྦྱང་བའི་ཕྱིར། །གསེར་སེར་པོའི་མཆོད་རྟེན་སྟོང་རྩ་བཞོངས། །འདི་བསྒྲུབས་ན་ཡར་ཐར་ཨེ་ཡོང་བསམ། །ཞེས་གསུངས་པ་ན་གླིང་རྗེ་གེ་སར་རྒྱལ་པོའི་ཐུགས་དགོངས་ལ་གནས་ཟངས་མདོག་དཔལ་རིའི་ཕོ་བྲང་དུ་ལྷ་ཨོ་རྒྱན་པདྨའི་སྐུ་མདུན་ལ་སོང་ནས་ང་ཡི་སྙིང་གྲོགས་ཨ་སྟག་ལྷ་མོ་གསོན་འཇིག་རྟེན་ཁམས་ན་ཡོད་དུས་སྡིག་སྒྲིབ་ལྗིད་སྟབས་མར་དམྱལ་བར་ལྷུང་ཡོད་དེ་ཡར་དག་པའི་ཞིང་ལ་འདྲེན་ཐབས་ཤིག་བླ་མ་ཁྱེད་ལ་མཁྱེན་མཁྱེན་ཞུས་པས།ལྷ་ཨོ་རྒྱན་པདྨས་གླིང་རྗེ་གེ་སར་རྒྱལ་པོ་ཁྱོད་ཀྱིས་གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཆོས།སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས་སྡིག་ཅན་སྐད་ཅིག་ཉིད་ལ་འཚང་རྒྱ་བའི་ཆོས་ཟབ་མོ་འདི་བསྟན་ན་ཡར་འདྲེན་པར་ནུས་པས་འཆི་བའི་འཇིགས་སྐྲག་ཐམས་ཅད་བདེན་པར་གྲུབ་པ་མེད་པའི་རྨི་ལམ་ལྟ་བུར་ཤེས་པར་གྱིས་ཤིག་གསུངས་པ་དང་།དེ་ནས་གླིང་རྗེ་གེ་སར་རྒྱལ་པོས་སྒྱུར་འཕྲུལ་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་གྱི་ཞལ་ཕྱེ་སྟེ།ཐོས་གྲོལ་ན་རག་དོང་སྤྲུགས་ཀྱི་རྒྱུད་གསུངས་ཤིང་།ཞི་ཁྲོ་ལྷ་ཚོགས་ཐམས་ཅད་ཀྱི་ཞལ་མངོན་སུམ་དུ་གཟིགས་པ།ཁྱད་པར་དུ་གེ་སར་རྒྱལ་པོ་ཁོང་གི་སྨིན་མཚམས་ནས་འོད་དཀར་དམར་སེར་གསུམ་འཕྲོས་ཏེ་སྐུ་གསུང་ཐུགས་ཀྱི་རྟེན་སྟོང་རྩ་གསུམ་བཞེངས་ཏེ་ཨོ་རྒྱན་པདྨའི་གཡས་གཡོན་གཉིས་དང་མདུན་ཕྱོགས་སུ་བསྒྲིགས་ནས་སྙིང་གྲོགས་ཨ་སྟག་ལྷ་མོའི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་དག་པའི་སྨོན་ལམ་བཏབ་པ་ཡིན་ཞེས་ཚེ་འདས་ཀྱི་ཤི་བོ་ཐམས་ཅད་ལ་མཚོན་ན་གསོན་འཇིག་རྟེན་ཁམས་སུ་ཡོད་པའི་དུས་དཔའ་དང་དཔུང་ཤུགས།དབང་དང་ཐོབ་ཐང་།རྒྱུ་དང་འབྱོར་བ་ལ་སོགས་ཀྱིས་ཅི་འདྲ་ཕྱུག་ཀྱང་།མི་རྟག་འཆི་བ་ཐོན་ཏེ་ཚེ་ཕྱི་མའི་ཡུལ་ལ་སླེབས་རྗེས་བླ་མ་དཀོན་མཆོག་རྣམ་གསུམ་དང་དམ་པའི་ཆོས་ལ་སྐྱབས་བཅོལ་བ་ལས་དཔའ་དང་དཔུང་ཤུགས།དབང་དང་ཐོབ་ཐང་།རྒྱུ་དང་འབྱོར་བ་བཅས་ཀྱིས་ཡར་དག་པའི་ཞིང་ལ་འདྲེན་ཐབས་མེད་པར་མ་ཟད།ཐ་ན་ཕྱོགས་བཞིའི་དགྲ་བཞི་འདུལ་མཁན་དང་ཚེ་ཕྱི་མའི་ཡུལ་ལ་གསོན་ཕེབས་གནང་མཁན་གླིང་རྗེ་གེ་སར་རྒྱལ་པོས་ཀྱང་ཁོང་སྙིང་གྲོགས་ཨ་སྟག་ལྷ་མོ་དམྱལ་བར་ལྷུང་རྗེས་ལྷ་ཨོ་རྒྱན་པདྨ་ལ་སོགས་ཀྱིས་རམ་འདེགས་མཛད་དེ་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་སྟོང་རྩ་མ་བཞེངས་བར་དུ་ཡར་དག་པའི་ཞིང་ལ་འདྲེན་པའི་ཐབས་དང་བཀོད་པ་མ་ཡོད་དེ།དུས་དཔྱིད་ཀར་ས་བོན་ཅི་བཏབ་པ། །སྟོན་འབྲས་བུ་སྨིན་པ་ཆོས་ཉིད་དང་། །སྔོན་སྡིག་པ་བྱས་པའི་རྣམ་སྨིན་ལ། །ཚེ་ཕྱི་མར་དམྱལ་བ་མྱང་དགོས་ཡོང་། །ཞེས་པའི་དཔེ་བཞིན་དུ་ཚེ་འདས་ཤི་བོ་སྡིག་ཅན་རྣམས་ཀྱིས་སྣང་ངོར་དམྱལ་བར་ཡུལ་ཁམས་བཅོ་བརྒྱད་དང་།དམྱལ་བའི་ལྕགས་སྲེག་ས་གཞི།གཤིན་ཆུ་ཁམ་པ་རབ་མེད།ངུ་འབོད་ལྕགས་མཁར་སྒོ་མེད།རལ་གྲི་ལོ་མའི་ཆར་བ།ཤལ་མ་ལི་ཡི་སྡོང་པོ།མི་གཙང་རོ་མྱལ་འདབ་རྫབ།ཁྲོ་ཆུ་ཁོལ་མའི་ཟངས་ང་།གཤིན་རྗེའི་གྲོང་ཁྱེར་ཆེན་པོ།མགྱོགས་པའི་ལས་མཁན་སྐུ་ལྔ་ལ་སོགས་པར་མཐོང་བ་དང་།  ཚེ་འདས་ཤི་བོ་ཆོས་ཅན་རྣམས་ཀྱིས་སྣང་ངོར་གོང་གསལ་གྱི་འཇིགས་སྐྲག་དེ་རྣམས་དག་པའི་ཞིང་ཁམས་བཅོ་བརྒྱད་དང་།རིན་ཆེན་གསེར་གྱི་ས་གཞི།ཆུ་བོ་ཡན་ལག་བརྒྱད་ལྡན།དམ་པའི་ཆོས་ཀྱི་རང་སྒྲ།མེ་ཏོག་འདབ་མའི་ཆར་བ།བྱང་ཆུབ་ཡན་ལག་ལྗོན་ཤིང་།མེ་ཏོག་པདྨའི་རྫིང་བུ།བདུད་རྩིའི་སྨན་གྱི་ཁྲུས་ཆབ།སྒྱུ་འཕྲུལ་ཕྲ་མོའི་དཀྱིལ་འཁོར།བཅོམ་ལྡན་རྒྱལ་བ་རིགས་ལྔ་ལ་སོགས་བདེ་སྐྱིད་དང་མཛེས་སྡུག་ཏུ་མཐོང་བར་བརྗོད་པའི་སངས་རྒྱས་ཆོས་ལུགས་ལས་མ་དག་པའི་དམྱལ་ཁམས་བཅོ་བརྒྱད་དང་དག་པའི་ཞིང་ཁམས་བཅོ་བརྒྱད།སྡིག་སྒྲིབ་ལྗིད་པའི་རྣམ་སྨིན།སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་བྱས་པའི་ཕན་ཡོན་ལ་སོགས་པའི་ལྟ་སྟངས་དང་བཤད་ཚུལ་ཐམས་ཅད་མཐོང་རེག་ཐུབ་པ་ལྟ་བའི་དཔེ་ཡི་སྒོ་ནས་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ལ་སྦྱར་ནས་གསལ་པོར་བརྗོད་ཡོད་དོ། །
གསུམ་པ།དམྱལ་གླིང་ལས་དམྱལ་ཁམས་དང་དག་ཞིང་བརྗོད་པའི་སྐོར།
དེ་ཡང་གླིང་གེ་སར་རྒྱལ་པོའི་སྒྲུང་ལས་དམྱལ་གླིང་མུན་པ་རང་གསལ་ཞེས་པའི་ལེའུ་གསུམ་པའི་ནང་དུ་གླིང་གེ་སར་རྒྱལ་པོ་ཁོང་གིས་གྲོགས་ཨ་སྟག་ལྷ་མོའི་སྡིག་སྒྲིབ་སྦྱང་ཆེད་སྐུ་ག་གསུ་པའི་ནང་དུ་གླིང་གེ་སར་རྒྱལ་པོ་ཁོང་གིས་གྲོགས་ཨ་སྟག་ལྷ་མོའི་སྡིག་སྒྲིབ་སྦྱང་ཆེད་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་སྟོང་རྩ་དང་སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ཀྱི་དཀྱིལ་འཁོར་ལ་སོགས་གསར་བཞེངས་མཛད་རྗེས།གྲོགས་ཨ་སྟག་ལྷ་མོ་གར་ཡོད་གཟིགས་པས་དམྱལ་བའི་གཏིང་རྡོ་རུ་ལྕགས་སྲེག་གི་ཁང་བ་སྒོ་མེད་པ།ཕྱི་ནང་བཅོ་བརྒྱད་ཡོད་པ།སྐར་ཁུང་དང་གས་སྲུབས་ཙམ་ཡང་མེད་པ་ཞིག་གི་ནང་དུ་ཚ་གྲང་བཟོད་གླགས་མེད་པར་ངུ་འབོད་དི་རི་རི་འདུག་པ་མཁྱེན་ཏེ་རྒྱལ་པོ་ཁོང་གིས་སྙིང་རྗེ་ཆེན་པོའི་ངང་ནས་མཐུ་སྔགས་ལན་གསུམ་བཟློས་པས་དམྱལ་བའི་ལྕགས་སྲེག་སྒོ་མེད་དེ་དུམ་བུ་བཅོ་བརྒྱད་དུ་གས་ཏེ་གྲོགས་ཨ་སྟག་ལྷ་མོས་གཙོ་བྱས་པའི་ཚེ་འདས་ཤི་བོ་དུང་ཕྱུར་བཅོ་བརྒྱད་ཐམས་ཅད་ཡར་དག་པའི་ཁམས་ཀྱི་ལམ་དུ་ཁྲིད་སྐབས།གྲོགས་ཨ་སྟག་ལྷ་མོས་གཙོ་བྱས་པའི་ཚེ་འདས་ཤི་བོ་ཐམས་ཅད་ཀྱི་མིག་ལམ་དང་རྣ་ལམ་དུ་མི་མགོ་སྐམ་པོས་ཀི་སྒྲ་དི་རི་རི།རྟ་མགོ་སྐམ་པོས་མཚེར་སྒྲ་སི་ལི་ལི།ཁྱི་མགོ་སྐམ་པོས་ངུ་ཟུག་ཉི་ལི་ལི་བྱེད་པ་ལ་སོགས་པའི་འཇིགས་སྐྲག་སྣ་ཚོགས་མཐོང་ཐོས་སུ་གྱུར་ནས་འགྲོ་མ་ཐུབ་སྟབས་ཨ་སྟག་ལྷ་མོས་འདི་སྐད་དུ།དྲིན་ཅན་གེ་སར་རྒྱལ་པོས་ཚུར་ལ་གསོན། །ཕུ་ཡར་ལ་བལྟས་པའི་འཇིགས་པ་ལ། །ལྕགས་སྲེག་རལ་གྲི་ལོ་མའི་ཆར་བ་འབབ། །མི་ཆེན་དཔོན་པོ་མང་པོའི་མགོ་ལག་གཏུབ། །ལྕགས་སྲེག་མཆོད་རྟེན་ལྷ་ཁང་ཆོས་ཁང་ཚུལ། །ཆེ་ཆུང་རི་རབ་ལྷུན་པོ་བཞིན་དུ་ཆེ། །དེ་ཡི་འོག་ཏུ་ཤི་བོ་མང་པོ་མནན། །རི་བོའི་ཞབས་ལ་མནན་པའི་སྡུག་བསྔལ་མྱོང་།ལས་ངན་ཅི་འདྲ་བྱས་པའི་རྣམ་སྨིན་རེད། །ཡང་གཅིག་གསོན་དང་གེ་སར་རྒྱལ་པོ་ལགས། །བྲེ་ཤིང་རྒྱ་མ་ཐོགས་པའི་ལས་མཁན་འབུམ། །ཚེ་འདས་ཤི་བོའི་ཤ་དང་པགས་པ་རྣམས། །དུམ་བུར་བཅད་དེ་རྒྱ་མའི་ཐོག་ལ་བཞག།གཡས་ཤ་བཅད་ན་གཡོན་ཤ་སྔར་བཞིན་སོས། །དེ་བཞིན་ཡང་ཡང་ཁྲི་མ་འབུམ་དུ་ཚད། །ཨ་ཚའི་སྒྲ་ཡིས་དམྱལ་བའི་ཡུལ་ཁམས་ཁྱབ། །ལས་ངན་ཅི་འདྲ་བྱས་པའི་རྣམ་སྨིན་ཡིན། །ཞེས་མིག་ལམ་དང་རྣ་ལམ་དུ་མཐོང་ཐོས་ཀྱི་འཇིགས་སྐྲག་ཐམས་ཅད་ཡར་ཞུས་ཚེ་གླིང་རྗེ་གེ་སར་རྒྱལ་པོས་གྲོགས་ཨ་སྟག་ལྷ་མོས་གཙོ་བྱས་པའི་ཚེ་འདས་ཤི་བོ་དུང་ཕྱུར་བཅོ་བརྒྱད་ལ་འདི་སྐད་དུ།ཚེ་འདས་ཤི་བོ་དུང་ཕྱུར་བཅོ་བརྒྱད་དང་། །སྒོས་སུ་ཨ་སྟག་ལྷ་མོས་བདག་ལ་གསོན། །རལ་གྲི་ལོ་མའི་ཆར་བ་འབབ་ས་དེར། །མི་ཆེན་དཔུང་པོ་མང་པོའི་མགོ་ལུས་གཏུབ། །འཇིག་རྟེན་ཁམས་ན་གསོན་པོར་ཡོད་པའི་དུས། །ཁྲེལ་མེད་དཔོན་པོས་གཉོམ་ཆུང་སྡེ་བ་ཚོར། །ཉེས་པ་མེད་པར་ཁྲལ་འཇལ་སྒ་མ་བླངས། །བླ་མ་དགེ་སློང་མདུན་དུ་ཕེབས་པའི་ཚེ། །ང་རྒྱལ་དབང་གིས་ཞྭ་ཡང་མི་ཕུད་དེ། །ཉེས་མེད་གླེང་ལོག་བཀལ་ནས་རྒྱུ་རྫས་འཕྲོགས། །ལས་ངན་དེ་འདྲ་བྱས་པའི་རྣམ་སྨིན་རེད། །ཡང་གཅིག་བདག་ལ་གསོན་དང་སྙིང་གི་གྲོགས། །ཤི་བོ་མང་པོའི་ཤ་དང་རུས་པ་རྣམས། །རྒྱ་མར་ཚད་ནས་ཁྲག་ཞག་བྲེ་ལ་འཇལ། །འཇིག་རྟེན་ཁམས་ན་གསོན་པོར་འདུག་པའི་དུས། །བླ་མ་གསེར་ཞྭ་ཅན་གྱི་ཆིབས་པ་ཕྲོགས། །དགོན་པ་འགྲིག་ལམ་ཅན་གྱི་མཛོ་རྟ་ཕྲོགས། །དཔོན་པོ་མཁས་རྒྱ་ཅན་གྱི་རྒྱུ་ནོམ་ཕྲོགས། །ལས་ངན་དེ་འདྲ་བྱས་པའི་རྣམ་སྨིན་རེད། །དེ་ལ་མ་འཇིགས་མ་སྐྲག་ཡར་ལ་ཤོག།ང་གེ་སར་རྒྱལ་པོའི་རྗེས་ལ་ཤོག།རྗེས་ལ་ཡོང་ཞོར་གསོལ་བ་སྙིང་ནས་ཐོབས། །ནུབ་ཕྱོགས་བདེ་ཆེན་ཞིང་ལ་དད་པ་གྱིས། །ཞེས་གླིང་རྗེ་གེ་སར་རྒྱལ་པོས་སྙིང་གྲོགས་ཨ་སྟག་ལྷ་མོས་གཙོ་བྱས་པའི་ཚེ་འདས་ཤི་བོ་དུང་ཕྱུར་བཅོ་བརྒྱད་ལ་ཚ་གྲང་དམྱལ་བའི་རྣམ་སྨིན་ལ་སོགས་ངོ་སྤྲད་པ་ན་ཡང་ཨ་སྟག་ལྷ་མོས་འདི་སྐད་དུ།དྲིན་ཅན་གེ་སར་རྒྱལ་པོས་བདག་ལ་གསོན། །ཚེ་འདས་ཕོ་མོ་བྱེ་བ་དུང་ཕྱུར་རྣམས། །མེ་དཔུང་ནང་ལ་ལྷུང་ནས་ཤ་རུས་ཚིག།ལྕགས་སྲེག་ཐང་ན་གསོན་པོར་པགས་པ་བཤུ། །ཨ་ཚ་ཟེར་ཞིང་ཁྲག་དམར་ཤ་ར་ར། །ན་ཚ་མ་བཟོད་ཁ་དེ་ཤེད་ཀྱིས་གདངས། །ཁྲོ་ཆུ་ཁོལ་མ་ཁ་ལ་ལྡུག་པར་བྱེད། །ཁོག་པ་ཚིག་ནས་ཁ་སྣ་ཐམས་ཅད་ནས། །དུ་བ་འཁྱུགས་ཤིང་མེ་ལྕེ་ལྷབ་ལྷུབ་འབར། །མིག་ནས་མཆི་མ་རྡོལ་བཞིན་ངུ་བའི་ཚེ། །མིག་གི་ནང་ལ་ལྕགས་སྲེག་མཛེར་མ་བརྡབས། །ལས་ངན་ཅི་འདྲ་བྱས་པའི་རྣམ་སྨིན་ཡིན། །ཞེས་ཡར་ཞུ་བྱས་པར་གླིང་རྗེ་གེ་སར་རྒྱལ་པོས་འདི་སྐད་དུ།  སྙིང་གྲོགས་ཨ་སྟག་ལྷ་མོས་ཚུར་ལ་ཉོན། །ཚེ་འདས་མང་པོ་མེ་དཔུང་འོབས་སུ་ལྷུང་། །ཤ་རུས་ཚིག་ནས་སྡུག་བསྔལ་མྱོང་བ་དེ། །འཇིག་རྟེན་ཁམས་ན་གསོན་པོར་འདུག་པའི་དུས། །སྒོམ་ཆེན་རི་ཁྲོད་པ་ཡི་མཚམས་ཁང་བཤིག།སྒོ་དང་དྲ་མིག་བླངས་ནས་མེ་ལ་བུས། །རྒྱལ་བའི་སྐུ་གསུམ་ཐུགས་རྟེན་མེ་ལ་བསྲེགས། །དར་ལྕོག་དར་ཤིང་བཅག་ནས་ཐབ་ཏུ་བཞག།ཆོས་ཀྱི་གླེགས་ཤིང་བླངས་ནས་མེ་ལ་བསྲེགས། །ལས་ངན་དེ་འདྲ་བྱས་པའི་རྣམ་སྨིན་རེད། །ཅེས་གླིང་གེ་སར་རྒྱལ་པོས་ཁོང་གི་སྙིང་གྲོགས་ཨ་སྟག་ལྷ་མོས་གཙོ་བྱས་པའི་ཚེ་འདས་ཤི་བོ་དུང་ཕྱུར་བཅོ་བརྒྱད་དམྱལ་བའི་ཡུལ་ཁམས་དང་པོ་ནས་བཅོ་བརྒྱད་ཡོད་པའི་བར་དུ་ཡར་འཐེན་མཛད་དེ་དག་པའི་ཞིང་ཁམས་སུ་དྲངས་པ་ཡིན་ཞེས་དམྱལ་ཁམས་རེ་རེའི་ཚ་གྲང་དམྱལ་བའི་རྣམ་སྨིན་སྣ་ཚོགས་ངོ་སྤྲོད་མཛད་དེ།བདག་མེད་རི་དྭགས་མང་པོ་དང་།བྱ་བྱེའུ་འབའ་འབུ།འཕྱི་བ་རི་བོང་ལ་སོགས་དོན་མེད་བསད་དེ་སྡིག་པ་སྣ་ཚོགས་བྱས་པའི་རྣམ་སྨིན་གྱིས་ལྕགས་སྲེག་མཚོན་ཆ་རྣོན་པོས་ཚེ་འདས་ཤི་བོ་སྡིག་ཅན་མང་པོའི་མགོ་ལུས་དུམ་བུར་གཏུབ་པའི་འཇིགས་སྐྲག་དང་།ཨ་ནེ་ཇོ་མོས་རང་གི་བུ་ཕྲུག་བསད་དེ་ས་འོག་ཏུ་བཅུག་པ་དང་།བླ་མ་གསེར་ཞྭ་ཅན་གྱི་སྡོམ་པ་འཕྲོག་པ།དགེ་སློང་ཆོས་གོས་ཅན་གྱི་འདུལ་ཁྲིམས་བཤིག་པ།བྱ་བཏང་རི་ཁྲོད་པ་ཚོ་འཁོར་བའི་ནང་དུ་ཁྲིད་པ།དགོན་སྡེ་ལྷ་ཁང་མདུན་དུ་ཆགས་པ་སྤྱད་པ་ལ་སོགས་བྱས་པའི་རྣམ་སྨིན་གྱིས།རྩེ་སྟོང་ཅན་གྱི་ལྕགས་ཚེར་མས་ལུས་ལ་གཡོགས་ཤིང་།ཚེར་མའི་རྩེན་ཤ་དང་རྒྱུ་མ་བསྐོན་པ་དང་།དམྱལ་བའི་ཟངས་ཁྱི་མང་པོས་མགོ་ལུས་སྒྱིད་པ་སོགས་རྔམ་ཟ་བྱེད་པའི་འཇིགས་པ།རྒྱ་ལམ་སྤུ་གྲིའི་སོ་ཁ་ཡར་ལ་བསྟན་པའི་སྟེང་དུ་གཤིན་རྗེའི་ལས་མཁན་རྣམས་ཀྱིས་ཚེ་འདས་ཤི་བོ་སྡིག་ཅན་གྲངས་མེད་དེད་ནས་འགྲོ་བའི་འཇིགས་པ།འཁྱག་ལྟོགས་གྲང་རེག་བཟོད་གླགས་མེད་པའི་འཇིགས་པ།ཀླད་པ་དང་མིག་འབྲས་བྲུས་ཏེ་རྔམ་ཟ་བྱེད་པའི་འཇིགས་པ།ལྕེ་ཐོག་ཞིང་ལྟར་རྨོ་ཡི་འཇིགས་པ།གསོན་པོར་གཤགས་ཏེ་དོན་སྙིང་ལེན་པའི་འཇིགས་པ།རྒྱུ་མ་དང་ལྟོ་བ་ལ་སོགས་འབུ་ཡིས་ཟ་བའི་འཇིགས་པ་ཞེས་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བའི་སྟེང་ནས་ལས་དགེ་བ་བྱས་པའི་ཕན་ཡོན་དང་ལས་མི་དགེ་བ་བསགས་པའི་རྣམ་སྨིན་སྣ་ཚོགས་དངོས་ཡོད་འཚོ་བའི་སྟེང་དུས་རྒྱུན་མཐོང་རེག་ཐུབ་པའི་ལུང་དང་དཔེ་ཡི་སྒོ་ནས་ངོ་སྤྲོད་གསལ་པོ་བྱས་ཡོད་པས།གླིང་སྒྲུང་ལས་དམྱལ་གླིང་མུན་པ་རང་གསལ་ཞེས་པའི་སྒྲུང་རྩོམ་འདིར་མཚོན་ན་མགོ་མཇུག་བར་གསུམ་དུ་སངས་རྒྱས་ཆོས་ལུགས་ཀྱི་ལྟ་སྟངས་ཁོ་ན་བརྗོད་པའི་སྒྲུང་རྩོམ་གྱི་གྲས་ཤིག་ཡིན་པ་རེད་ཅེས་སྙམ་མོ། །
  • ལེ་ཚན་སྔོན་མ།:གླིང་སྒྲུང་ནང་གི་བུད་མེད་ཀྱི་སྣང་བརྙན་དང་ཐོབ་ཐང་རྒྱན་གོས་སྐོར་རགས་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:གེ་སྨད་ཀྱི་མི་རྒྱུད་ཆད་ཚུལ་དང་དེ་ཉིད་གེ་སར་གྱི་གདུང་རྒྱུད་ཡིན་ཚུལ་གྱི་སྐོར་རགས་ཙམ་གླེང་བ།
  • དོ་སྣང་ཆེ་བའི་རྩོམ།