བོད་ཀྱི་ཐེར་མའི་བཟོ་རྩལ་པ་པ་སངས་ལགས།

དབང་ཆེན་ཚེ་རིང་།    མཚོ་སྔོན་པོ་དྲ་བ།    2012-07-23

བོད་ཀྱི་ཐེར་མའི་བཟོ་རྩལ་པ་པ་སངས་ལགས།

         བོད་ལྗོངས་ལྷོ་ཁ་ས་ཁུལ་རྩེད་ཐང་གྲོང་རྡལ་གྱི་གྲོང་ཁུལ་རྙིང་པའི་བཞི་མདོ་ཞིག་ན་བལྟས་མདོག་མེད་པའི་བོད་ལུགས་ཀྱི་ཐོག་ཁང་ཞིག་ལམ་དང་ཁ་གཏད་དུ་བརྩིགས་ཡོད། ཁང་བརྩེགས་འདིའི་ཆིག་ཐོག་གི་ཚོང་ཁང་ཤག་གཅིག་ནང་ཐེར་མ་ཉོ་མཁན་རྒྱུན་མ་ཆད་པར་ཕེབས་ཀྱིན་འདུག སྨི་གྲུ་བཞི་མ50ཡང་མི་ལོང་པའི་ཚོང་ཁང་འདི་ནི་པ་སངས་ལགས་ཀྱིས་དཀའ་བ་ཁྱད་གསད་ཀྱིས་གཉེར་བའི་ལེགས་འབྲས་ཡིན་ཏེ། ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་རྩེད་ཐང་གྲོང་རྡལ་མི་རིགས་ཐེར་མའི་ལག་ཤེས་འཁེལ་འཐག་མཉམ་ལས་ཁང་གི་ཐོན་རྫས་བཤམས་སྟོན་ཁང་ཡིན།
         པ་སངས་ལགས་ནི་གཟུགས་ཀྱི་རིང་ཐུང་འབྲིང་ཙམ་དང་སྐུ་ཤ་ཅུང་རྒྱགས་པ། དབུ་སྐྲ་སུ་ལུ་ཡིན་པའི་བོད་ཀྱི་སྟག་ཤར་ཞིག་ཡིན། ཁོང་གིས་ཐེར་མའི་འཐག་རྩལ་ཉམས་པ་སོར་ཆུད་ཡོང་ཕྱིར་ལོ་མང་པོར་དཀའ་ལས་བརྒྱབ་པ་དང། ད་ལྟ་འབྲས་བུ་མི་དམན་པ་ཞིག་བླངས་ཡོད། 
         ཐེར་མ་ནི་སྣམ་བུ་ལེགས་ཤོས་ཤིག་ཡིན། དེའི་རྒྱུ་སྙི་ལ་སྤྱོད་ཤན་ཆེ་བ་དང་། ཁྲ་རིས་གསལ་བ་དང་དགུན་དྲོ་དབྱར་བསིལ། བཀྲུས་ན་ཚུགས་ཀ་མི་འགྱུར་བ་སོགས་ཀྱི་དགེ་མཚན་ལྡན་པས་བོད་ཡུལ་དུ་སྙན་གྲགས་ཁྱབ་ཡོད།
         སྔ་མའི་དུས་སུ། ཐེར་མ་ལེགས་ཤོས་ཀྱིས་བཟོས་པའི་ཆས་གོས་ནི་མི་དྲག་སྐུ་དྲག་ཚོས་མནབས་བྱ་འབའ་ཞིག་ཡིན། ལོ་རྒྱུས་སྟེང་དུ་འཐག་རྩལ་འདི་སྣེ་གདོང་རྩེད་ཐང་ཡུལ་གྱི་འཐག་མཁན་གྱིས་མ་གཏོགས་ཐགས་མི་ཤེས་པས་རྩེད་ཐང་གི་ཐེར་མ་ལ“རྩེད་ཐེར”ཞེས་ཀྱང་འབོད། རྩེད་ཐང་གི་ཐེར་མའི་འཁེལ་འཐག་སྒྱུ་རྩལ་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ཡོད། ཡིན་ནའང་རྐྱེན་མང་པོ་ཞིག་གི་དབང་གིས། ལག་རྩལ་འདི་རིམ་གྱིས་ཉམས་ཆག་ཏུ་འགྲོ་བཞིན་ཡོད་པ་དང་ལག་ཤེས་པའང་ལོ་རེ་བཞིན་ཉུང་དུ་འགྲོ་བཞིན་པ་དང་། ཁྱབ་རྒྱ་རང་བཞིན་གྱིས་རྩེད་ཐང་ཐེར་མ་འཁེལ་འཐག་བྱེད་པའི་འཐག་ཁང་ནི་དེ་བས་ཀྱང་ཉམས་ཚར་འདུག
         པ་སངས་ལགས་ཀྱིས་གསུང་དོན། “གལ་སྲིད་ལག་ཤེས་འདི་ང་ཚོ་མི་རབས་འདིའི་ལག་ནས་ཤོར་བ་ཡིན་ན། ཕྱི་ཐོགས་པ་དག་གིས་དེ་འདྲའི་ལོ་རྒྱུས་ཤིག་ཡོད་པ་ཤེས་པ་ལས་མཐོང་ཡུལ་དུ་མེད་པས་ཕངས་སེམས་ཆེའོ།།” དེ་བས་དུས་ཐོག་ཏུ་ལག་ཤེས་འདི་མྱུར་སྐྱོབ་བྱེད་པའི་བསམ་བློ་འཁོར་བྱུང་ཟེར། 
         ཕྱི་ལོ2007ལོར། སྐབས་དེར་ད་དུང་ལྷ་རིས་པ་ཞིག་ཡིན་པའི་པ་སངས་ལགས་ཀྱིས་ནང་གི་བསགས་དངུལ་ཆ་ཚང་བཏོན་ནས་ཁོ་རང་གཅིག་པུ་ཟླ་བ་གཉིས་ལྷག་གི་རིང་ལ་ལོ་རྒྱུས་སྟེང་ཐེར་མ་དར་སའི་གོང་དཀར་དང་རྒྱལ་རྩེ། སྙེ་མོ་ལ་སོགས་པའི་ས་ཆ་མང་པོར་ཕྱིན་ནས་ལག་ཤེས་འདི་ག་སླར་གསོ་དང་མྱུར་སྐྱོབ་བྱེད་ཆེད་ལག་ཤེས་པ་རྒན་གྲས་མང་པོ་ཞིག་ལ་བཀའ་འདྲི་ཞུས། ཕྱི་ལོ2008ལོའི་ཟླ5བར། ས་དེའི་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཏུ་པ་སངས་ལགས་ནས་ལྷོ་ཁ་སྣེ་གདོང་རྫོང་མི་རིགས་ཐེར་མའི་ལག་ཤེས་འཁེལ་འཐག་མཉམ་ལས་ཁང་བཙུགས། མཉམ་ལས་ཁང་དེ་བཤམས་སྟོན་ཁང་རྒྱབ་ལོག་གི་བོད་ལུགས་ཀྱི་ཐོག་ཁང་རྙིང་པ་ཆུང་ཆུང་ཞིག་གི་ནང་དུ་ཡོད།
         གསར་འགོད་པས་བཤམས་སྟོན་ཁང་ནས་ཐེར་མ་རྒྱུ་ཆ་བྱས་ནས་བཟོས་པའི་བོད་ལྭ་དང་རྒྱབ་ཁུག ཡུལ་བསྐོར་དྲན་རྟེན་ཅ་ལག་རིགས་མི་འདྲ་བ་མང་པོ་ཞིག་མཐོང་། ན་ཚོད45ཡིན་པའི་པ་སངས་ལགས་ཀྱིས་དགའ་མགུ་ཡིད་ཚིམ་གྱིས་ངོ་སྤྲོད་བྱེད་དོན། ཐོན་རྫས་ཆ་ཚང་ལག་ཤེས་རྐྱང་རྐྱང་གིས་བཟོས་པ་དང་། རྒྱུ་སྤུས་ལེགས་པ་དང་། ཉོ་མཁན་ཡང་མང་པོ་ཡོད། འདིར་ཕྱིར་འཚོང་བྱེད་ཀྱིན་པའི་བོད་ལྭ་ཁ་ཚང་ཞིག་གི་རིན་གོང་ལ་སྒོར་ཁྲི་ཡས་མས་ཡིན་ནའང་། རྒྱུ་བཟང་བ་དང་ཚོས་གཞི་ལེགས་པ། བཟོ་ལྟ་གསར་བ་སོགས་ཀྱི་དབང་གིས་འཛད་སྤྱོད་པ་མང་པོ་ཞིག་གི་དགའ་བསུ་ཐོབ་ཀྱིན་ཡོད་ཟེར།
         པ་སངས་ལགས་ཀྱིས་ད་དུང་སྔ་མའི་འཁེལ་འཐག་སྒྱུ་རྩལ་གྱི་རྨང་གཞིའི་སྟེང་དྲན་ཚུལ་གསར་བ་ཁ་སྣོན་བྱས་ཡོད། ཁོས་རང་གི་ལྷ་རིས་བཞེངས་པའི་འཇོན་ཐང་སྤྱད་དེ་མངོན་པར་མཛེས་པའི་རི་མོ་རིགས་མི་འདྲ་བ་ཇུས་འགོད་བྱས་ཏེ་ད་ལྟའི་ན་གཞོན་དག་གི་དགའ་ཁ་འཁྱེར་ཕྱོགས་ལ་དམིགས་ནས་ཐགས་ཚར་བའི་ཐེར་མའི་ངོས་སུ་གཙག་བཞིན་ཡོད།
         པ་སངས་ལགས་ཀྱིས་གསུང་དོན། “སློབ་མ་ཚོས་སློབ་ཡོན་སྤྲོད་མི་དགོས་པ་མ་ཟད་ཉལ་ཆགས་དང་ཟ་མར་ཡང་རིན་ལེན་གྱིན་མེད། དེའི་དམིགས་ཡུལ་ནི་རང་ཉིད་ཀྱིས་བཏིང་པའི་སྡིངས་ཆ་འདིར་བརྟེན་ནས་གཞོན་རབས་མང་པོ་ཞིག་ལ་ཡོང་སྒོ་འཕར་སྣོན་ཡོང་བའི་ཞོར་དུ“རྩེད་ཐེར”ཉམས་གསོ་བྱེད་པའི་གྲལ་དུ་ཚུད་པར་བྱས་ཏེ། ལོ་ངོ་སྟོང་གི་ལོ་རྒྱུས་ཡོད་པའི་ལག་ཤེས་འདིར་རྒྱུན་འཛིན་ཡོད་པའི་སྒོ་ནས་དར་རྒྱས་ལ་གཏོང་ཐུབ་ན་བསམ་གྱིན་ཡོད” ཅེས་ཟེར།
         བཟང་བྱས་ལ་བཟང་ལན་ཞེས་པའི་དཔེ་ལྟར། ཕྱི་ལོ2010ལོའི་ཟླ2པར། རྩེད་ཐང་ཐེར་མའི་འཁེལ་འཐག་སྒྱུ་རྩལ་དེ་བོད་རང་སྐྱོང་ལྗོངས་ཀྱིས་རང་སྐྱོང་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ལ་བདམས། ད་ལྟ་དངོས་སུ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ལ་སྙན་ཞུ་འབུལ་བཞིན་ཡོད།

  • ལེ་ཚན་སྔོན་མ།:བོད་ཀྱི་རྡོ་བརྐོས་སྒྱུ་རྩལ་པ་མགོན་པོ་ཚེ་བརྟན་ལགས་ཀྱི་གནས་ཚུལ།
  • ལེ་ཚན་རྗེས་མ།:བོད་ཀྱི་རི་མོ་མཁས་ཅན་ཁམས་སྐལ་བཟང་ཡེ་ཤེས།
  • དོ་སྣང་ཆེ་བའི་རྩོམ།