ཐུན་མིན་གྱི་ཧུང་ཡོན་རྫོང་འབྲོག་པའི་སྦྲ་ནག་སྤྲོ་སྐྱིད་གླིང་།

རྡོ་རྗེ་སེམས་དཔའ།    མཚོ་སྔོན་པོ་དྲ་བ།    2012-06-19

ཐུན་མིན་གྱི་ཧུང་ཡོན་རྫོང་འབྲོག་པའི་སྦྲ་ནག་སྤྲོ་སྐྱིད་གླིང་།
མཐིང་སྨུག་སྦྲ་ཡི་སྤྲོ་སྐྱིད་གླིང་ག་ཡིས་རྒྱ་ཆེའི་མགྲོན་པོ་བུང་བའི་ཚོགས་བཞིན་བཀུག

          ཧུང་ཡོན་རྫོང་འབྲོག་པའི་སྦྲ་ནག་སྤྲོ་སྐྱིད་གླིང་ནི་ཁྱུང་མཆུ་གྲོང་བརྡལ་གྱི་འབྲོག་པ་དཀྱུས་མ་རིག་བཟང་གིས་རང་གི་ངལ་རྩོལ་གྱི་འབྲས་བུ་དང་བློ་རིག་གི་ཐབས་ལ་བསྟེན་ནས་ད་ལོ་གསར་ཏུ་བཙུགས་པ་ཞིག་ཡིན་ལ། དེ་རུ་གཙོ་བོ་མཐིང་སྨུག་སྦྲ་ནག་གིས་གཙོ་བྱས་པའི་གནའ་བོའི་མཐོ་སྒང་འབྲོག་པའི་ཐོན་སྐྱེད་བརྒྱུད་རིམ་དང༌།  འཚོ་བའི་ཡོ་བྱད། འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་སྟངས། འོ་ཞོ་ཇ་ཆང་གི་བཏུང་བ། གྲོ་མར་ཐུད་གསུམ་གྱི་ཟས་མཆོག རིག་གནས་འཚོ་བའི་ལོངས་སྤྱོད་སོགས་ཡོངས་སུ་མངོན་པར་བྱས་ཡོད་པ་མ་ཟད། རྒྱ་ཆེའི་ཡུལ་སྐོར་ལྗོངས་རྒྱུའི་མགྲོན་པོ་རྣམས་རང་རང་སོ་སོའི་འདོད་མོས་དང་རེ་འདུན་ལྟར་འབྲོག་པའི་ཐོན་སྐྱེད་འཚོ་བའི་བརྒྱུད་རིམ་དུ་དངོས་སུ་ཞུགས་ཏེ་ཉམས་སུ་མྱོང་ཆོག་པའི་སྤྲོ་སྐྱིད་གླིང་ག་ཞིག་ཡིན་པ་རེད། ཚོང་བདག་རིག་བཟང་གིས་ངོ་སྤྲོད་བྱས་པ་ལྟར་ན། སྦྲ་ནག་སྤྲོ་སྐྱིད་གླིང་གི་ལོ་རེའི་ཡོང་འབབ་སྔོན་ཆད་འབྲོག་ལས་རྐྱང་རྐྱང་བྱས་པ་ལས་ལྡབ་བཅུ་ནས་བཅོ་ལྔ་བར་འཕར་ཡོད་ཟེར།

ཐུན་མིན་གྱི་ཧུང་ཡོན་རྫོང་འབྲོག་པའི་སྦྲ་ནག་སྤྲོ་སྐྱིད་གླིང་།
མཐིང་སྨུག་སྦྲ་ཡི་སྤྲོ་སྐྱིད་གླིང་ག་ཡིས་རྒྱ་ཆེའི་མགྲོན་པོ་བུང་བའི་ཚོགས་བཞིན་བཀུག

          ཧུང་ཡོན་རྫོང་ཡུལ་སྐོར་ལྗོངས་རྒྱུ་ཅུས་ཀྱི་ཧྲུའུ་ཅི་ལི་ཞའོ་ཏུང་གིས་འབྲོག་པའི་སྦྲ་ནག་སྤྲོ་སྐྱིད་གླིང་འདི་ལྟ་བུའི་གནའ་བོའི་མཐོ་སྒང་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་བརྒྱུད་རིམ་མངོན་ཐུབ་ཅིང་ཐུན་མོང་མིན་ཁྱད་ཆོས་ཀྱིས་ཕྱུག་པའི་གནས་གཞི་དག་ནི་ཧུང་ཡོན་རྩྭ་ཐང་ཆེན་མོའི་མཛེས་སྡུག་སྟོང་གིས་ཕྱུག་ཅིང་ངོ་མཚར་ཡིད་དུ་འོང་བའི་མཛེས་ལྗོངས་ཤིག་ཡིན་པར་ངེས་ལ། རྫོང་ཡོངས་སུ་འདི་དང་འདི་ལྟ་བུའི་འབྲོག་པའི་སྦྲ་ནག་སྤྲོ་སྐྱིད་གླིང་བཅུ་ཡོད་ཅིང༌། འདི་དག་ནི་ཡུལ་སྐོར་ལྗོངས་རྒྱུའི་རྣམ་པ་གསར་བའི་ཐོན་ཁུངས་ཤིག་ཡིན་པ་མ་ཟད། འབྲོག་པ་མང་ཚོགས་ཀྱི་ཕུན་སུམ་ཚོགས་པའི་དཔལ་འབྱོར་གྱི་འབྱུང་ཁུངས་གསར་བ་ཡང་ཡིན་པས་ཧུང་ཡོན་རྫོང་གི་ས་གནས་དཔལ་འབྱོར་འཕེལ་རྒྱས་འབྱུང་བར་སྐུལ་འདེད་ཀྱི་ནུས་པ་མི་དམན་པ་ཐོན་བཞིན་ཡོད་པ་རེད་ཅེས་ཡིད་ཆེས་དང་རེ་བའི་སྤོབས་པ་ཆེན་པོས་དེ་ལྟར་བཤད།

ཐུན་མིན་གྱི་ཧུང་ཡོན་རྫོང་འབྲོག་པའི་སྦྲ་ནག་སྤྲོ་སྐྱིད་གླིང་།
མཐིང་སྨུག་སྦྲ་ཡི་སྤྲོ་སྐྱིད་གླིང་ག་ཡིས་རྒྱ་ཆེའི་མགྲོན་པོ་བུང་བའི་ཚོགས་བཞིན་བཀུག

          ཐེངས་འདིའི་ཡུལ་སྐོར་ལྗོངས་རྒྱུའི་ལམ་ཐིག་མཇུག་རྫོགས་ལ་ཉེ་ཡང༌། དེ་རིང་ཧུང་ཡོན་རྫོང་གི་འབྲོག་པའི་སྦྲ་ནག་སྤྲོ་སྐྱིད་གླིང་འདིའི་མཐོང་ཐོས་མྱོང་གསུམ་ནི་ངོ་མ་བག་ཆགས་ཟབ་ཅིང་བརྗེད་དུ་མེད་པ་ཞིག་ཡིན་ལ། འདི་དག་ས་ཆ་གཞན་ནས་མཐོང་ཐུབ་རྒྱུ་མ་དགོས་ཐ་ན་འབྲོག་པའི་རྩྭ་ཐང་གཞན་ནས་ཀྱང་མཐོང་ཐུབ་རྒྱུ་དཀའ་ངེས། འདི་ནས་ལྗོངས་རྒྱུའི་རུ་ཁག་དུས་ཚོད་འགའི་རིང་ལ་འབྲོག་པ་བྱས་ཏེ། རི་འགོར་སོང་སྟེ་རྟ་ནོར་ལུག་གསུམ་འཚོ་སྐྱོང་བྱེད་པའམ་ཁྱིམ་ནས་བསྡད་དེ་འོ་རྐྱལ་གྱི་ནང་དུ་འོ་མ་བསྲུབ་ནས་མར་འདོན་པ། ཡང་ན། ལག་མཆིག་ཐོག་ནས་རྩམ་པ་འཐག་པའམ་ནས་བརྔོ་བ། དཀྲུགས་ཇ་བསྲུབ་པ། ཟོག་བཞོ་བ། ཁལ་འགེལ་བ་སོགས་འབྲོག་པའི་ཐོན་སྐྱེད་འཚོ་བ་དངོས་སུ་མྱོང་ཐུབ་ཅིང་དེ་ལས་ཤེས་རྟོག་མང་བོ་བྱུང་བ་མ་ཟད། ལྷག་པར་ཏུ་དེ་རིང་གི་མཐོང་ཐོས་མྱོང་གསུམ་ནི་གྲོང་ཁྱེར་འདུ་འཛིའི་ཁྲོད་ཀྱི་མི་རྣམས་ལ་མཚོན་ན། ངེས་པ་དོན་དུ་སེམས་ཀྱི་ལྷོད་གཡེང་ཐེངས་ཤིག་དང་ལུས་པོའི་ངལ་གསོའི་སྐབས་ཤིག  ལྷད་མེད་དགོད་སྒྲ་རེ་རེ་ཡིན་ཞེས་ཁྲོང་ཆིན་གྱི་ཡུལ་སྐོར་ལྗོངས་རྒྱུ་བ་ཀྲང་ཁའེ་ཡཱན་གྱིས་ཧུང་ཡོན་རྫོང་འབྲོག་པའི་སྦྲ་ནག་སྤྲོ་སྐྱིད་གླིང་ནས་ངོ་ལ་འཛུམ་མདངས་དང་སྤྲོ་དགས་ཁེངས་བཞིན་དེ་ལྟར་བཤད།

  • ལེ་ཚན་སྔོན་མ།:ལོ་ངོ་བཅུ་གཉིས་ཀྱི་རྗེས་སུ་མངའ་རིས་གུ་གེའི་རྗེས་ཤུལ་ལ་ཡང་བསྐྱར་བཅར་འདྲི་བྱས་པ།
  • ལེ་ཚན་རྗེས་མ།:བྱང་གནམ་མཚོ་བསྐོར་བའི་མཐོང་ཐོས།
  • དོ་སྣང་ཆེ་བའི་རྩོམ།