གསེར་ཐར་ཡུལ་གྱི་གླིང་གེ་སར་རྒྱལ་པོའི་གནའ་ཤུལ་ཟུར་ཙམ་གླེང་བ

        2012-05-28

སྟོད་ན་གསེར་གྱི་མགོན་པོ་འབྲོང་རི་སྨུག་པོ་བཞུགས།།
རབ་མཛེས་གཡའ་སྤང་རི་ཡིས་མཐའ་ནས་བསྐོར།།
སྨད་ན་གཡུ་ཡི་མཎྜལ་ཕྱིས་འདྲ་བའི།།
གསེར་གྱི་སྐ་བླ་སྟག་རྩེ་ལྷང་ངེར་མངོན།།
བར་ན་རྨིག་ལྡན་ཕྱུགས་རིགས་གནས་པའི་གཞི།།
མཐའ་ཡས་རྩྭ་ཐང་ཨ་སྔོན་དབྱིངས་དང་འདྲ།།
མ་བཏབ་རི་སྐྱེས་མེ་ཏོག་རྣམ་པར་བཀྲ།
མ་བོས་གཡང་དཀར་ལུག་ཁྱུ་འཛིན་མར་ཁྱབ།།
མ་བཅོས་སེམས་ཀྱི་གླུ་དབྱངས་ལྷང་ལྷང་གྲག།
མ་བྲིས་རང་བྱུང་རི་མོ་བཀོད་པ་ལྷམ།།
ཞེས་ཚིགས་སུ་བཅད་པའི།དེ་ཡང་གྲགས་པ་འཛིན་མའི་ཁྱོན་ཡོངས་སུ་ལྷང་ངེར་ཁྱབ་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་ཕྱོགས་སུ་ཆགས་ཡོད་པའི་གསེར་ཐར་རྫོང་།གསེར་ཐར་ཞེས་པ་ནི་སྐད་ཟུར་ཆགས་པ་ཡིན་པའི་དོན་ལ་གསེར་ཐང་ཟེར།གསེར་གྱི་རྒོད་རྒན་ཐང་དུ་གསེར་རྟ་འདྲ་བ་ཞིག་ཡོད་ཅེས་བཤད་སྲོལ་ལ་བརྟེན་ནས་བཏགས་པ་ཞིག་ཡིན།དེ་ཡང་གསེར་ཐར་གྱི་ས་གཞི་ཆགས་ཚུལ་དང་རང་བྱུང་གི་ཆ་རྐྱེན་ནི།སྟོད་ན་གསེར་མགོན་པོ་འབྲོང་རི་སྨུག་པོ་ཞེས་དཔལ་རིགས་གསུམ་མགོན་པོ་གནས་རི།གླིང་གེ་སར་རྒྱལ་པོའི་ཕ་ལྷ།དཀར་ཕྱོགས་སྐྱོང་བའི་གཞི་བདག་སྐྱེས་བུ་ཡོངས་ཀྱི་དགྲ་ལྷ།དབུ་རྨོག་དཀར་ཐང་ལ་བཞག་འདྲ།དར་འཕྲུ་དགུང་ལ་བསྙེགས་འདྲ།བར་ན་གསེར་རྒོད་མ་ཐང་ཟེར་བའི།གསེར་གཞོང་མར་ཁུས་བཀང་འདྲ།རྐེད་ན་དམ་ཅན་རྡོ་རྗེ་ལེགས་པ་འབྲོང་སྙིང་སྡེར་ནང་དུ་བཞག་འདྲ།སྨད་ན་གསེར་གྱི་སྐུ་བླ་སྟག་རྩེ་སྔགས་པས་བེར་ནག་གྱོན་འདྲ།ས་ལ་པད་མ་འདབ་བརྒྱད་འཛོམས་ས།གནམ་ལ་འཁོར་ལོ་རྩིབས་དགུ་འཛོམས་ས།ས་ཡི་སྲུང་བ་རྣམ་བཞི་ཚང་ས།མཐོང་ལ་རྔམ་བརྗིད་ལྡན་པའི་རྫ་རི་དང་སྤང་རི་ནགས་རི་ཀུན་ཡོད་པ།དྭངས་ཤིང་བསིལ་བའི་ཡན་ལག་བརྒྱད་ལྡན་གྱི་གསེར་ཆུ།ཉི་ཆུ།ཟླ་ཆུ།རྟོ་ཆུ།འོམ་ཆུ།བྱ་ཆུ་བཅས་ལྷུང་ལྷུང་འབབ་པ།ཡུལ་ལྗོངས་འདི་ནི་མཛེས་ཤིང་ལྟ་ན་སྡུག་པ་དང་།ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཀུན་ཏུ་ཉམས་དགའ་བའི་མེ་ཏོག་དཀར་སེར་དམར་ལྗང་སྣ་ཚོགས་ཀྱིས་ཕྲ་བཏབ་པ།རི་ཐང་ཀུན་ཏུ་བཅུད་ལྡན་རྩི་ཏོག་སྣ་ཚོགས་ཀྱིས་ཁེབས་འདུག་པ།རྨིག་ལྡན་ཕྱུགས་རིགས་ཁྲི་མ་འབུམ་དགོང་གི་སྐར་ཚོགས་ས་གཞིར་འཕོས་པ་ཇི་བཞིན་གྲངས་ལས་འདས་པ།ཁོར་ཡུག་ཀུན་ཏུ་ནགས་ཚལ་སོགས་ལྗོན་ཤིང་གིས་མཛེས་པ་དང་།རི་དྭགས་ཤྭ་བ་གླ་བ་དགོ་བ་དང་གཙོ་འབྲོང་ལ་སོགས་ཀྱི་རི་སྐྱེས་རི་དྭགས་གྲངས་མེད་ཉམས་དགའི་དཔལ་ལ་རོལ་བ།བྱ་རིགས་རྣམ་པ་སྣ་ཚོགས་ཀྱིས་སྐད་སྙན་སྒྲོག་པ།དེ་མིན་གསེར་དངུལ་ཟངས་ལྕགས་ལ་སོགས་ཀྱི་རིན་ཆེན་གཏེར་མཛོད་དང་།རི་སྐྱེས་སྨན་ལྡུམ་དབྱར་རྩྭ་དགུན་འབུ་དང་གངས་རྒྱན་པདྨ་ཀླུ་བདུད་རྡོ་རྗེ་དབང་ལག་སོགས་རྩྭ་སྨན་རྩ་ཆེན་གཏེར་ནས་མི་རྫོགས་ཤིང་།དྲངས་ནས་མི་འཛད་པ་ཡོད་པར་མ་ཟད།མིག་ལ་མཛེས་ཤིང་ཡིད་དབང་འཕྲོག་པ་སྟེ་མདོག་ལྔའི་མཚོ་དང་ཉི་མཚོ་རྒྱང་མཚོ་མཚོ་ཞུའུ་མཚོ་སོགས་ཀྱི་ཀྱང་སེམས་ཅན་ཡོངས་ཀྱི་མིག་གི་དགའ་སྟོན་དུ་གྱུར་འདུག
ཡུལ་ཁམས་འདི་རུ་བོད་ཀྱི་གངས་ཅན་གྱི་རིག་གནས་དར་རྒྱ་ཆེ་བ་དང་།སྣང་པ་སངས་རྒྱས་ཀྱི་ཆོས་ལུགས་ལ་དད་འདུན་བཟློག་ཏུ་མེད་པ།ལྷག་པར་དུ་སྐྱེས་མཆོག་ནོར་བུ་དགྲ་འདུལ་གླིང་རྗེ་གེ་སར་རྒྱལ་པོའི་རྣམ་ཐར་ནི།བཤད་ན་ཚར་རྒྱུ་མེད་པ་དང་བྲིས་ན་འཛད་རྒྱུ་མེད་པ་ཞིག་ལགས།ད་དུང་མུ་མཐའ་མེད་པའི་ལྗོངས་དེའི་ས་གང་དུ་ཆས་ནའང་གླིང་གེ་སར་རྒྱལ་པོའི་རྟེན་འགངས་ཆེན་དང་གཏམ་རྒྱུད་ངོ་མཚར་ལྡན་པ་ཁྲི་སྟོང་མང་པོ་མེད་ས་ཞིག་གང་ན་མཆིས།ཡིན་ནའང་འདིར་སྐབས་སུ་བབ་པའི་བརྗོད་བྱའི་དོན་གྱི་སྙིང་བོ་ནི།གསེར་ཐར་རྫོང་ནས་ནུབ་བྱང་ཕྱོགས་སུ་ལེ་བར་ཉེར་ལྔ་ཙམ་གྱི་གསེར་ཁོག་ཀྲེན་དབལ་ཤུལ་ཤོས་ཐལ་སྟོད་མའི་ས་གནས་མཚམས་སུ།གསེར་འབྲོང་རི་སྨུག་པོ་ཞེས་པའི་གནས་རི་ཞིག་ཡོད།གནས་རི་དེ་མདོར་བསྡུས་ནས་བཤད་ན་འཕགས་པ་རིགས་གསུམ་མགོན་པོའི་གནས་རི་ཡིན་ལ།མདུན་གྱི་རྩྭ་ཐང་དུ་སྐྱེད་ཚལ་དང་མེ་ཏོག་གི་གླིང་ཆགས་པ་ཉི་ཟླ་ཤར་སྔ་ཞིང་སྡུད་ཕྱི་བ།ས་ཡི་ཀ་བ་བཞི་སོགས་ཀྱི་ཁྱད་པར་གྱི་ཆོས་དུ་མ་དང་མཐུན་པའི་ས་དཔྱད་ཕུན་སུམ་ཚོགས་པ་ཡོད་ལ།གནས་རི་འདི་ཡི་ཉེ་འདབས་སུ་རྡོ་ཕ་བོང་ཆན་པོ་ཞིག་གི་སྟེང་ན་འདམ་ནང་དུ་རྐང་རྗེས་བཞག་པ་ཇི་བཞིན་མི་ཞིག་གི་ཞབས་རྗེས་དང་ཁྱད་པར་སྤུ་ཙམ་ཡང་མེད་པ་ལྷང་ངེར་གནས་འདུག་ལ།རྡོ་དེའི་མཐའ་རུ་དཀར་པོ་མང་པོ་སྤུངས་ཡོད་པ།བཤད་པ་ལྟར་ན་ཞབས་རྗེས་དེ་སྐུ་རྗེ་འཛམ་གླིང་གེ་སར་རྒྱལ་པོ་གསེར་མགོན་པོ་འབྲོང་རི་ལ་བསང་མཆོད་སྐབས་གྲུབ་རྟགས་བཞག་པ་ཡིན་ཟེར།གཞན་ཡང་ཉེ་འཁོར་ཀུན་ཏུ་སྐུ་འཛམ་གླིང་གེ་སར་རྒྱལ་པོ་གྱི་རྟ་མཆོག་རྐྱང་རྒོད་གཡེར་བའི་རྨིག་རྗེས་དང་གེ་སར་བསང་ཁྲི་ལྷ་རྟ་བཏགས་སའི་རྡོ་རི་ཕུར་བ་ཡོད།ལྷ་ཁྱི་དུང་མོ་རྗེས་དང་ལྷ་ལུག་ཀ་བའི་རྗེས།འབྲུག་མོའི་སྦྲ་གུར་དང་གོས་སྒམ་སྟག་ཁྱི་གཟིག་ཁྱི།གྲུབ་ཆེན་བཻ་རོའི་ཞབས་རྗེས་སོགས་གྲུབ་པའི་རྟགས་རྣམས་དང་བྲག་རི་གཟར་མོ་ངོས་སུ་ༀ་ཨཱ་ཧོ་ལ་སོགས་པའི་རང་བྱོན་གྱི་རིགས་སོགས་གནས་འདི་ལ་ཡིག་གེ་ལྟར་ཚང་མ་མཐུན་སྣང་དུ་གྲུབ་ཡོད་པ་གདའ་འོ།།གཞན་ཡང་གསེར་ཐར་རྫོང་གྱི་ཤར་ལྷོ་ཕྱོགས་སུ་ལེ་བར་སོ་དགུ་མཚམས་སུ།ཧོར་ཤུལ་ཞེས་པའི་རྙིང་མའི་དཔལ་ཡུལ་བའི་དགོན་ཆེན་ཁག་ཅིག་ཡོད།བཤད་པ་ལྟར་ན་ཧོར་གླིང་གཡུལ་འཁྲུག་ཀྱི་འགོ་བཙུགས་ས་ཡིན་ཟེར་ཞིང་།གསེར་སྨད་རྔ་ལ་སྟག་རྩེའི་ཡར་ཐང་གསེར་ཆུའི་འགྲམ་གྱི་ཐང་དཀྱིལ་ན་གསེར་བའི་ཉི་འབུམ་དར་ཡག་གི་མཁར་ཤུལ་དངོས་སུ་མཇལ་རྒྱུ་ཡོད་པ་དང་།གསེར་ཐར་རྫོང་གི་གེ་སར་ཟློས་གར་ཚོགས་པའི་ལོ་རེ་བཞིན་མཆོད་བསྟོད་བྱེད་པའི་ཡུལ་སྲོལ་ཆགས་ཡོད།སྙག་གི་རྡོ་ཚ་དིལ་ལེ་ན་གསེར་བའི་ཉི་འབུམ་དར་ཡག་གི་དགུན་རའི་ཤུལ་དང་སྙག་གི་གཞི་བདག་ཨ་ལྕགས་ཨ་འབར་བུ་ཡི་སྟག་གི་མཁར་ཤུལ་མཇལ་རྒྱུ་ཡོད།གསེར་ཐར་རྫོང་གི་ཤར་ལྷོ་ཕྱོགས་སུ་ལེ་བར་གྱ་གསུམ་མཚམས་སུ་སྦོ་མདའ་ཀྲེན་དཀྱིལ་སྔོན་དགོན་པའི་འགྲམ་དུ་གླིང་གེ་སར་རྒྱལ་པོའི་བློན་ཆེན་བཀྲ་ཤིས་རབ་བརྟན་གྱི་མཁར་ཤུལ་གྱང་ཧྲུལ་མཇལ་རྒྱུ་ཡོད།གཞན་ཡང་རྫོང་སྟག་རྣ་གཟིག་རྣ་བ་དང་དཀྱིལ་གནས་མདོ་ནག་དངུལ་རི་བཅས་གནས་ཆེན་དང་གཞི་བདག་བཅས་ལ་གླིང་གེ་སར་རྒྱལ་པོ་ཞབས་རྗེས་དང་ལྷ་རྟའི་རྨིག་རྗེས།ཐབ་རྡོ་མདའ་ཡིས་བརྒྱབ་ཤུལ།འབྲུག་མོའི་འཚོ་བའི་ཡོ་བྱད་ཡིན་ཟེར་བའི་རྡོ་འདྲ་མིན་སྣ་ཚོགས་དང་སྲས་དགྲ་ལྷའི་སྐུ་རྗེས་དང་ཁྲབ་རྗེས་རྟ་ཕོ་བཏགས་ཤུལ་གྱི་ཕ་བོང་བུ་ག་ཅན་བཅས་ཡོད།།
  • ལེ་ཚན་སྔོན་མ།:མགོ་ལོག་ཁུལ་གྱི་གླིང་གེ་སར་སྐུ་འདྲ།
  • ལེ་ཚན་རྗེས་མ།:གཡུ་ཁོག་བྱ་བྲལ་བའི་འཁྲུངས་གནས་ཀྱི་གླིང་གེ་སར་རྡོ་བརྐོས་མཛེས་ལྡན།
  • དོ་སྣང་ཆེ་བའི་རྩོམ།