ཕོ་བའི་བདེ་སྲུང་ཤེས་བྱ།

སྒྲོལ་མ་སྐྱིད།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-05-08

སྤྱིར་ན་ཟས་གང་སྐོམ་གང་ཡིན་རུང་ངེས་པར་དུ་ཕོ་བ་བརྒྱུད་ནས་འཇུ་ཞིང་ལུས་ཀྱི་ཟུངས་སུ་གྱུར་བ་ཡིན་པས།ཕོ་བ་བདེ་སྲུང་ལེགས་པོ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ།དེ་ཡང་ཕོ་བ་བདེ་སྲུང་བཟང་བོ་བྱེད་དགོས་ན་ཐོག་མར་ངེས་པར་དུ་ཕོ་བའི་མེ་དྲོད་སྲུང་སྐྱོབ་བྱེད་དགོས།

 ཕོ་བའི་མེ་དྲོད་ཟེར་བ་དེ་གང་ཡིན།

ཕོ་བའི་མེ་དྲོད་ཟེར་བ་ནི་ང་ཚོས་རྒྱུན་པར་ཟས་སྐོམ་གང་ཞིག་ཟོས་པ་འཇུ་བ་དང་དྭངས་སྙིསག་འབྱེད་པ་སོགས་ཀྱི་ནུས་དེ་ལ་ཟེར་ཞིང་།ཕོ་བའི་མེ་དྲོད་དེས་རྒྱུན་དུ་ཟས་སྐོམ་རྣམས་འཇུ་ཞིང་དྭངས་སྙིགས་འབྱེད་པ་སོགས་ཀྱི་ལས་སྣོན་བྱས་ཏེ་དྭངས་མ་རྣམས་ལུས་ཟུངས་ཀྱི་གནས་སུ་འགྲོ་རུ་བཅུག་ནས་ལུས་སྟོབས་རྒྱས་ཤིང་འཕེལ་དུ་འཇུག་པ་དང་།སྙིགས་མ་རྣམས་བཙོག་པ་དང་གཅིན་པར་གྱུར་ནས་ཐུར་དུ་འགྲོ་རུ་འཇུག་པ།ཟས་སྐོམ་དྭངས་སྙིགས་མ་འབྱེད་པར་གང་བྱུང་དུ་མི་གཏོང་བ་སོགས་ཀྱི་བྱ་བ་བྱེད་ཀྱིན་ཡོད།གལ་ཏེ་ཕོ་བའི་མེ་དྲོད་ཞན་པོ་ཡིན་ན་ཟས་སྐོམ་གང་ཞིག་ཟོས་བ་དང་འཐུང་ནའང་འཇུ་མི་ཐུབ་པར་ཡར་སྐྱུགས་པ་དང་མར་བཤལ་བ།ཡང་ན་བཤལ་སྐྱུགས་མི་ཐུབ་པར་སྦོས་རྒྱངས་བྱེད་པ་སོགས་བྱས་ནས་ལུས་སྟོབས་ཉམས་འགྲོ་བ་དང་ལྷག་པར་དུ་དྭངས་མའི་གནས་སུ་སྙིགས་མ་ཤོར་ན་ཁྲག་ལ་སོགས་པའི་ལུས་ཟུངས་ཀྱི་སྤུས་ཚད་ཞན་པར་གྱུར་ནས་ཕོ་བ་སྨུག་པོའི་ནད་དང་འབྲས་སྐྲན་སོགས་ཀྱི་ནད་མང་པོ་བསྐྱེད་སྲིད་པས།ཕོ་བའི་མེ་དྲོད་ཟེར་བ་དེ་ནི་ལུས་སྟོབས་རྒྱས་པ་དང་ལུས་ཁམས་བདེ་ཐང་དུ་གནས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་སྟབས།དུས་ནམ་ཡང་ཟས་སྐོམ་འཇུ་བདེ་བ་དང་སྤྱོད་ལམ་དྲོ་བ་བསྟེན་པ་མ་ཟད།རྒྱུན་དུ་ཕོ་བའི་མེ་དྲོད་སྲུང་སྐྱོབ་བྱེད་པའི་སྨན་སེ་འབྲུ་བཞི་བའམ་ཡང་ན་སེ་འབྲུ་ལྔ་བ་བཏང་ན་ལུས་ཀྱི་སྟོབས་དང་གཟི་མདངས་རྒྱས་ཐུབ་ལ་ཕོ་བའི་ནད་གཞི་ཡང་སྔོན་འགོག་བྱེད་ཐུབ།

 ཟས་སྐོམ་གདམ་གསེས་བྱེད་སྟངས།

དེང་སྐབས་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་ནས་ཟས་རིགས་ལ་ཆ་བཞག་ན་འབྲུའི་རིགས་དང་ཤའི་རིགས།སྣུམ་གྱི་རིགས།མངར་ཆའི་རིགས།སྔོ་ཚོད་ཀྱི་རིགས་རྣམ་གྲངས་ཧ་ཅང་མང་པོ་ཡོད་པ་དེ་དག་ལ་བྲོ་བ་དང་རང་བཞིན་མི་འདྲ་བ་རེ་ཡོད་པ་མ་ཟད།ནུས་པ་ཡང་མི་འདྲ་བ་རེ་ཡོད།དེར་བརྟེན་ང་ཚོས་རྒྱུན་དུ་ཟས་རིགས་སོ་སོའི་རང་བཞིན་དང་ནུས་པ་ཁོང་དུ་ཆུད་པ་བྱས་ནས་ལུས་ཁམས་ལ་འཕྲོད་པ་དང་བཅུད་ལྡན་པ།འཇུ་བདེ་བ་བཅས་ཀྱི་ཟས་སྐོམ་མང་ཙམ་ཟ་བ་དང་།ལུས་ཁམས་ལ་མི་འཕྲོད་པའི་ཟས་སྐོམ་དང་འཇུ་མི་བདེ་བའི་ཟས་སྐོམ།ཡང་ན་ཕོག་དུག་ཡོད་པའི་ཟས་སྐོམ་སྟེ་དཔེར་ན་ཆང་རག་དང་ལ་ཅོ་སོགས་ཉུང་ཙམ་ཟ་བ་དང་།ལྷག་པར་དུ་ཟས་སྐོམ་རྙིང་བ་དང་རུལ་བ།བཙོག་པ།མ་ཚོས་པ།རྗེན་པ།ནད་བྱུང་ནས་ཤི་བའི་ཕྱུགས་རིགས་ཀྱི་ཤ་སོགས་དེ་བས་ཟ་མི་རུང་།གལ་ཏེ་ཁ་ཟས་ཟ་སྟངས་ལ་དོ་སྣང་མ་བྱས་པར་གང་བྱུང་དུ་ཟོས་པ་ཡིན་ན་ཕོ་བའི་མེ་དྲོད་ཀྱི་ནུས་པ་ཉམས་ནས་ལུས་སྟོབས་ཇེ་ཞན་དུ་འགྲོ་བ་དང་ནད་འགོག་པའི་ནུས་པ་ཇེ་ཞན་དུ་འགྲོ་བ།མ་ཞུ་བའི་ཕོ་བའི་ནད་སོགས་ནད་མང་པོ་སློང་བ་མ་ཟད།ཐ་ན་ཟས་དུག་ཕོག་པ་སོགས་ཀྱི་སྣང་ཚུལ་ཡང་འབྱུང་སྲིད།

  ཁ་ཟས་ཟ་ཚོད་ལ་དོ་སྣང་བྱེད་པ།

སྤྱིར་ན་ཁ་ཟས་ཟ་ཚོད་རན་པར་བྱེད་རྒྱུ་ནི་མིའི་ངལ་རྩོལ་བྱེད་ཤུགས་དང་ཕོ་བའི་མེ་དྲོད་ཀྱི་ནུས་པ་ཆེ་ཆུང་བཅས་དང་འབྲེལ་བ་ཡོད་པ་མ་ཟད།ཟས་རིགས་འཇུ་བདེ་དང་མི་བདེའི་ཁྱད་པར་ཡང་ཡོད།དེས་ན་རབ་ཡིན་ན་ཁ་ཟས་ཟ་ཚོད་རན་པར་བྱེད་རྒྱུ་ནི་མི་སོ་སོའི་ཕོ་བ་ཆ་བཞི་ལ་བགོས་ཏེ་ཆ་གཅིག་ཟས་དང་ཆ་གཉིས་སྐོམ།ཆ་གཅིག་སྟོང་ཆ་སྟེ་རླུང་འགུལ་སྐྱོད་ཀྱི་གནས་སུ་འཇོག་པ་བཅས་བྱས་ན་ལུས་སྟོབས་རྒྱས་ཤིང་འཕེལ་བ་དང་།ལུས་པོ་ཡང་ཞིང་ཟས་ཀྱི་དང་ག་བདེ་བ།མིག་ལ་སོགས་པའི་དབང་བོ་རྣམས་གསལ་བ།གཅིན་པ་དང་བཙོག་པ་དུས་ཐོག་ཏུ་འབབ་པ་བཅས་འབྱུང་ཐུབ།

 དེ་ལྟར་མ་ཡིན་པར་རང་ཉིད་ཀྱི་འདོད་པ་ལྟར་ཁ་ཟས་བཟང་བོ་ཡོད་ན་མང་དུ་ཟ་བ་དང་།ཁ་ཟས་མ་བཟང་ན་མ་ཟོས་པར་ལྟོ་སྟོང་དུ་བསྡད་ཚེ་ཁ་ཟས་ཉུང་དྲགས་པ་དེས་ལུས་ཀྱི་སྟོབས་དང་མདངས་ཤོར་བ་དང་མགོ་ཡུ་འཁོར་བ།རྣ་བ་འུར་བ།སྙིང་སྟོབས་ཉམས་པ་སོགས་རླུང་གི་ནད་མང་པོ་སློང་བ་དང་།ཚད་ལས་བརྒལ་ཏེ་ཁ་ཟས་མང་དྲགས་པ་ཟོས་ན་ཕོ་བའི་མེ་དྲོད་ཀྱིས་འཇུ་མི་ཐུབ་པ་དང་།ཕོ་བར་བེ་སྣབས་འཕེལ་ཏེ་མེ་དྲོད་དང་འཇུ་བྱེད་ཀྱི་ནུས་པ་ཤོར་ནས་ལུས་ཕུང་བདེ་ཐང་ལ་གནོད་པ་འབྱུང་སྲིད།

   སྤྱོད་ལམ་ཐད་ནས་ཇི་ལྟར་བྱེད་དགོས།

སྤྱིར་ན་དུས་ཚིགས་བཞི་དང་གནམ་གཤིས་ཚ་གྲང་གང་ཡིན་ཡང་གཙོ་བོ་ལུས་པོར་ཚ་གྲང་མི་འཐབ་པ་དང་།ཁ་ཟས་ཟོས་རྗེས་རབ་ཡིན་ན་སྐར་མ་ལྔ་ནས་བཅུའི་བར་འཆམ་འཆམ་བྱེད་དགོས།གཙང་སྦྲའི་ཐད་ནས་རྒྱུན་དུ་ཁ་དང་ལག་པ།སྣོད་ཅ་ལག་སོགས་བཀྲུ་བའི་གོམས་གཤིས་ཆགས་པར་བྱེད་པ་དང་།ལྷག་པར་དུ་གནམ་གཤིས་ཚ་དྲོད་ཆེ་བའི་སྐབས་སུ་དེ་བས་ཀྱང་གཙང་སྦྲར་དོ་སྣང་བྱེད་དགོས།

 སྨན་རྫས་ཁ་ཤས་ཕོ་བར་གནོད་པས་དོ་སྣང་བྱེད་དགོས།

བོད་སྨན་དང་རྒྱ་སྨན་མི་ཉུང་བ་ཞིག་གིས་ཕོ་བར་གནོད་པ་སྟེ།དཔེར་ན་ན་ཟུག་གཅོག་བྱེད་ཀྱི་སྨན་དང་ཚ་བ་གཅོག་བྱེད་ཀྱི་སྨན།གཉན་རིམས་ཀྱི་སྨན་སོགས་ཕལ་ཆེ་བས་ཕོ་བར་གནོད་པ་བཟོ་བས།སྨན་རྫས་དེ་རིགས་དགོས་ངེས་ཀྱི་སྐབས་མ་གཏོགས་གང་བྱུང་དུ་མི་འཐུང་བ་དང་།གལ་ཏེ་ངེས་པར་དུ་འཐུང་དགོས་ན་ཁ་ཟས་ཟོས་རྗེས་འཐུང་ན་གནོད་པ་ཆུང་།སྤྱིར་ན་སྨན་འཐུང་ནས་ནད་བཅོས་ཐུབ་པ་ནི་ཆེས་བཟང་མོད།འོན་ཀྱང་ནད་གཞིར་ཏག་ཏག་མ་འཕྲོད་པ་དང་སྨན་འཐུང་ཚད་མང་དྲགས་པའི་རྐྱེན་གྱིས་ལྡོག་ཕྱོགས་ཀྱི་འབྲས་བུ་ངན་པ་མང་པོ་འབྱུང་སྲིད་པར་བརྟེན་ང་ཚོ་རོང་འབྲོག་མང་ཚོགས་ཚང་མས་གང་ཐུབ་ཅི་ཐུབ་སྒོས་སྨན་རིགས་ཀྱི་ཕན་ནུས་ཤེས་པའི་ཐོག་སྨན་རིགས་དེ་ཚོར་གནོད་པ་གང་ཡོད་མེད་ལ་རྒྱུན་དུ་ཤེས་རྟོགས་དང་དོ་སྣང་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ།

  • ལེ་ཚན་སྔོན་མ།:འཚོ་བའི་རྒྱུན་ཤེས་འགའ།
  • ལེ་ཚན་རྗེས་མ།:གཅོང་ནད་སྔོན་འགོག་བྱེད་པའི་སྐོར་གྱི་ཤེས་བྱ།
  • དོ་སྣང་ཆེ་བའི་རྩོམ།