།གླིང་སེང་ཆེན་གྱི་བྱུང་བ་མདོར་བསྡུས།

དམུ་དགེ་བསམ་གཏན།        2010-08-27

གླིང་སེང་ཆེན་གྱི་བྱུང་བ་མདོར་བསྡུས།


ཆོད་ལུགས་ཀྱང་རྒྱལ་གསོལ་དང་དབྱིབས་འདྲ་བར་སྣང་ངོ་།།ཞེས་གསུངས་སོ།།མཚོ་སྔོན་ཕྱོགས་ཀྱི་ཧོར་སྦྲ་ཁྲ་ཟེར་བའི་སྡེ་ཤོག་དེ་ཡང་གུར་དཀར་གྱི་སྡེ་ལྷག་ཡིན་ལ།དེང་སང་ཅི་ཡིན་མ་ཤེས།བཅིངས་འགྲོལ་སྔོན་དུ་སྡེ་ཚོ་དེ་རྣམས་སུ་མུན་རུབ་ཁར་རྟ་རྐྱང་རྐྱང་བཞོན་མཁན་གྱི་འགྲུལ་བ་སླེབས་ན་ལྟས་ངན་དུ་བརྩི་ཟེར་ཞིང་།རྒྱལ་བོའི་མདུང་ལྷ་ཕབ་པའི་ལུགས་སྲོལ་ཀྱང་ཡོད་ཟེར་རོ།།
འཇང་ཡུལ་ནི།ཡུན་ནན་ཞིང་ཆེན་གྱི་ཁོངས་སུ་ཡོད།སྔར་སྟོབས་འབྱོར་ཆེ་ཡང་།བོད་ཆོས་རྒྱལ་གྱི་དུས་སུ་བོད་རྒྱལ་གྱིས་དབང་དུ་བསྡུས།བོད་སིལ་བུར་འཐོར་བའི་དུས་སུ།བོད་ལ་རྐུན་ཇག་སོགས་བརྙས་གཙེ་སྣ་ཚོགས་བྱས་པའི་དབང་གིས།འཇང་གླིང་གཡུལ་འགྱེད་བྱུང་།དེའི་སྟབས་ཀྱིས་འཇང་གི་སྟོབས་འབྱོར་ཉམས་ཤིང་།མི་སྡེ་འགའ་ཞིག་བོད་དུ་གྱུར་ན་ཡང་མི་སྡེ་དང་དཔོན་རྒྱུད་ད་དུང་ཡང་ཡོད།འཇང་ས་དམ་རྒྱལ་བོས་བཅོས་བསྒྱུར་གོང་དུ་གསེར་དངུལ་དྲེལ་ཁལ་བརྒྱད་ཁྱེར་ནས་ཕྱི་རྒྱལ་དུ་བྲོས་སོང་ཟེར།
སྟག་གཟིག་ནི་ཕྱི་རྒྱལ་སྐད་ཡིག་གཤིས།འབྲི་ལུགས་སྣ་ཚོགས་ཡོད་དེ།སྟག་གཟིག  ཏ་ཟིག  ཏ་ཞིག་ཅེས་བྲིས་པ་ཡོད།ཕྱིས་སུ་བོད་ཀྱིས་གར་ལོག་ཟེར་བ་ཡང་དེ་ཡིན་ཞེས་ལོ་རྒྱུས་འགའ་ཞིག་ན་སྣང་།ཏཱ་ར་ནཱ་ཐའི་སློབ་དཔོན་པད་མའི་རྣམ་ཐར་དུ།ཏུ་རུ་ཀྵ་དང་སྟག་གཟིག་གཉིས་གཅིག་པ་ཡིན་གསུངས།དེང་དུས་ཐུར་ཆི་ཟེར་བ་དེ་ཡིན་ཚོད་རེད།བོད་ཀྱི་སྟག་གཟིག་ཟེར་བ་ནི་ཡས་ལང་དང་།ཐུར་ཆི།ཆོས་ལུགས་ཧོས་ཧོས་དང་འདྲ་བ་དེ་དག་ཡིན་ཞིང་།གནའ་དུས་རྒྱལ་ཁབ་ཕྱུག་པོ་སྟོབས་དང་ལྡན་པ་ཡིན་གཤིས།  སྟག་གཟིག་ནོར་གྱི་རྒྱལ་བོ་ཟེར།གེ་སར་སྒྲུང་དུའང་སྟག་གཟིག་ནོར་རྫོང་བཅོམ།ཞེས་པའི་ནོར་རྫོང་ནི་གྲོང་ཁྱེར་དང་ཕོ་བྲང་ཕྱུག་པོའི་བརྡ་ཆད་རེད།བོད་ཆོས་རྒྱལ་གྱི་དུས་སུ་བོད་ལ་བཙན་འཛུལ་དུ་མ་བྱས་ཀྱང་།མཐར་གཡུལ་ཕམ་ཏེ་བོད་རྒྱལ་ལ་དཔྱ་ཁྲལ་འབུལ་དགོས་བྱུང་།བོད་ཁ་འཐོར་གྱི་དུས་སུ།བོད་ཀྱི་སྲིད་ཉམས་ཤིང་མགོ་འཐོར་དུ་སོང་བ་ཤེས་ནས།བོད་ལ་རྐུན་ཇག་སོགས་གནོད་པ་བྱས་ན་ཡང་།དེའི་སྐབས་དབུས་གཙང་དུ་སྡེ་དཔོན་སྟོབས་ལྡན་དམག་ཤུགས་ཅན་མེད་གཤིས།དབུས་གཙང་གི་ཆེ་གཙོ་འགས་མདོ་ཁམས་ཀྱི་དཔའ་བོ་སྟོབས་ལྡན་དམག་ཤེད་ཅན་གླིང་གེ་སར་རྒྱལ་བོ་སྐུལ་སློང་བྱས་པ་སོགས་ཀྱི་རྐྱེན་གྱིས།སྟག་གླིང་གཡུལ་འགྱེད་བྱུང་སྟེ།སྟག་གཟིག་ནོར་རྫོང་བཅོམ་སྟེ་རྒྱལ་ཁ་བླངས།དེ་དུས་བོད་ལ་གནོད་པ་བྱེད་པའི་རྒྱ་ནག་གི་གྲོང་དང་གྲོང་རྡལ་འགའ་ཞིག་བཅོམ་པའི་མཁར་ཤུལ་རྔ་བ།ཟངས་དཀར།མཛོད་དགེ་དང་།ཀན་ལྷོ་ཕྱོགས་སུའང་ཡོད།
དེ་དག་ལ་སོགས་པ་གཡུལ་ཆེན་བཅོ་བརྒྱད་སོགས་བགྱིས་པ་དང་།རྨ་སྟོད་སྨད་བར་གསུམ་སོགས་མདོ་ཁམས་ཡོངས་ལ་དབང་བསྒྱུར་ཅིང་།བོད་ཡུལ་ཕལ་མོ་ཆེ་ལ་ལུང་འབེབས་པ་བྱུང་ངོ་།།
གླིང་གེ་སར་འདས་རྗེས་རིམ་གྱིས་མངའ་ཐང་ཉམས་པར་གྱུར་ནའང་གདུང་རྒྱུད་དང་མི་སྡེའི་ལྷག་དུ་མ་ཡོད།སྡེ་དགེ་ཕྱོགས་ཀྱི་སྡེ་དཔོན་གླིང་ཚང་རྒྱལ་བོ་ནི་གླིང་སེང་ཆེན་གྱི་རྒྱལ་རྒྱུད་རེད།གླིང་འགུ་ཟིའི་རྒྱལ་བོ་ཟེར་ལ།སྲས་དགྲ་བླ་རྩེ་རྒྱལ་ནས་བརྩིས་པའི་གདུང་རབས་ཞེ་དགུ་སོང་།ཞེས་སྔོན་གྱི་གླིང་ཚང་རྒྱལ་བོའི་རྒྱལ་རབས་ལོ་རྒྱུས་སུ་ཡོད་འདུག  གླིང་ཚང་རྒྱལ་བོ་ནི་དེང་སང་རྒྱ་གར་ན་བསྡད་ཡོད།གླིང་ཚང་རྒྱལ་བོའི་རྒྱལ་ས་དེ་ན་སྔོན་གྱི་གླིང་གེ་སར་གྱི་སྦྲ་ཤུལ་ཡོད་པ་དང་།གེ་སར་སོགས་ཀྱི་གོ་མཚོན་དང་།བ་སོའི་ཕྱག་ཐམ་སོགས་ཡོད།སྡེ་དགེའི་ལྕང་ར་ན་ཁྲོ་ཆུའི་དངུལ་རྫོང་གི་ཤུལ་ཡོད་འདུག་ལ།མཚོ་སྐྱ་རེངས་དང་སྔོ་རེངས་གཉིས་ཀྱི་བར་དུ་འབྲུག་མོའི་གསེས་མཁར་དང་།འབྲུག་མོའི་ཆུ་འཁུར་སའི་རྡོ།སྐྱ་ལོའི་གཡག་རྔའི་ལབ་རྩེ།ཕོ་བྲང་སྟག་རྩེའི་མཁར་ཤུལ་ཡོད།འདན་ཁོག་གི་ས་སྐྱིད་སོས་གཡག་གི་མདོ་ན།གེ་སར་གྱི་ལྷ་ཁང་ཡོད་ཀྱང་།གོད་ཆག་སྐབས་གཏོར་བརླག་བྱས་ཡོད་པ་གཞིར་བཞག་ཡིན་ཀྱང་གྱང་རོ་རེ་ལྷག་ཡོད་ལས་ཆེ།དེ་ན་གེ་སར་གྱི་རེད་ཟེར་བའི་ཁྲབ་རྨོག་གོ་མཚོན་སྒ་སྲབ་སོགས་སྔར་ཡོད།ད་སྐབས་ཅི་ཡིན་མ་ཤེས།མགོ་ལོག་གི་གླིང་བླ་མ་ཆོས་རྡོར་ཡང་གླིང་གི་རྒྱུད་པ་ཡིན་གཤིས།གླིང་བླ་མ་ཞེས་འབོད།དེ་གའི་གླིང་སྐོར་ཞེས་པའི་རུ་སྡེ་དེ་ཡང་གླིང་གི་སྡེ་ལྷག་ཡིག་འདུགསྡེ་དགེའི་ཕྱོགས་ཀྱི་རྫ་ཁོག་གི་ཆབ་བཙའ་དགོན་པའི་གཡོན་ཟུར་དུ་ཨ་མྱེ་ཁྲ་རྒན་གྱི་སྦྲ་ཤུལ་ཡོད།རྫ་དཀར་ནག་གི་ཕྱོགས་སུ་གླིང་གིས་མདའ་རྩལ་སྦྱང་སའི་ཕ་བོང་གྲུ་བཞི་མ་ཕ་རི་ཚུ་རི་གཉིས་ཀ་ན་ཡོད།ཁྲ་གླིང་དགོན་པའི་ཐག་ཉེ་ས།རྒྱུ་དར་གྱི་ས་ནག་ལུང་མདོ་ན།གེ་སར་གྱི་མཁར་ཤུལ་ཡོད།རྨ་སྨད་གཡུ་ལུང་སུམ་མདོ་ཟེར་བའི་ས་དེ་རེད་ཟེར།རྨ་ཆུ་དང་ཁོ་ཆུ་འདྲེས་མཚམས་ཁོ་མདོ་ཟེར་བའི་ས་ཆ་ན།ཁྲོ་ཐུང་གི་ཕོ་རོག་སྙིང་རྫོང་གི་མཁར་ཤུལ་ཡོད་ལ།གོ་ཇོ་ན་སེང་སྟག་ཨ་དོམ་གྱི་མཁར་ཤུལ་ཡོད།མགོ་ལོག་པད་མ་རྫོང་ན་གེ་སར།འབྲུག་མོ།འདན་མ་རྣམས་ཀྱིས་ཁྲུས་བྱེད་སའི་ཆུ་ཚན་ཡོད།ང་རང་ཡང་དེ་གར་སོང་ནས་བདུན་གཅིག་ལ་བསྡད་དེ་ཁྲུས་བྱས་མྱོང་།མགོ་ལོག་ཕྱོགས་སྐྱོང་གི་ས་ཆ་ན་གླིང་ཁྱ་ཡི་རི་བཤོལ་ཟེར་བའི་རིའི་ངོ་ནས།གླིང་གི་དུས་ཀྱི་ལྕགས་ཀྱི་མདེའུ་མཐོ་གང་རེ་ཡོད་པ་རྙེད་རྒྱུ་ཡོད་ཟེར།མགོ་ལོག་མི་ར་ཟེར་བའི་ས་ན།གེ་སར་གྱི་ལྷ་རྟ་རྐྱང་ལིའི་རྔོག་མ་འབྲེག་ས་བྲག་ཟོར་ཡོད་པ་དེར།དེང་སང་ཡང་རྟའི་རྔ་རྔོག་མཆོད་སྲོལ་འདུགམགོ་ལོག་དཀར་བོའི་ཁོག་ན་གེ་སར་གྱི་བཞུགས་ཁྲི་རྡོ་ཁྲི་རྒྱབ་ཡོལ་ཅན་ཞིག་གདའ།ས་དེ་ན་འཇང་གི་སོ་དེའུ་ཟེར་བའི་འཇང་གླིང་འཁྲུགས་སྐབས་སུ་འཇང་དམག་ཨེ་ཡོང་སོ་བྱེད་སའི་སོ་ཁང་རི་རྩེ་ན་ཡོད་པ།རྡོ་ཕ་བོང་ཆེན་པོ་གསུམ་གྱི་སྟེང་དུ།རྡོ་གྲུ་བཞི་རྒྱ་ཁྱོན་ཁང་མིག་ཆེ་བའི་ཚད་ཙམ་གྱིས་བཀབ་ཡོད་པ།དེའི་མཐར་རྡོ་གྲུ་བཞི་མ་རྣམས་ཀྱིས་བསྐོར་ཡོད་པ་ཞིག་ཡོད།རྔ་བའི་ཡུལ་གྱི་རྔ་སྟོད་རྩི་མདའ་མན་ན་གེ་སར་གྱི་རྟ་འདོགས་ས་རེད་ཟེར་བའི་བྲག་རྡོ།རྔ་བའི་རྨེ་སྐོར་གྱི་ས་ཆ།སྟོད་ན་ཤྭ་ཡུ་འཁོར་ས།བར་ན་ཕྱུགས་རིགས་སྐྱོང་ས།སྨད་ན་འབྲུ་རིགས་འཁྲུངས་ས།ཟེར་བའི་ས་དེ་ཨ་མྱེ་ཁྲ་རྒན་གྱིས་བཟུང་བའི་ལོ་རྒྱུས་ཡོད།སྐ་ཆུའི་སྟོད་དུ་གླིང་མཁར་སྟག་རྩེའི་མཁར་ཤུལ་ཡོད་པ་དང་།དེ་མན་གྱི་ཨ་མོའི་ཁོག་ཏུ་འབྲུག་མོའི་རྟ་ར་ཡིན་ཟེར་བའི་བྲག་ར་ཟླུམ་པོ་ཞིག་ཡོད།དེང་སང་ཧོང་ཡོན་རྫོང་ཟེར་བའི་ས་ཁོངས་བརྒལ་མཚམས།ཟུང་ཆུ་རྫོང་གི་ཁོངས་ཀྱི་ས་སྣེ་ཟིན་མཚམས་སུ་སྟོན་མོ་ལུང་ཟེར་བའི་ས་ཆ་ཞིག་ཡོད།ས་དེར་ཧོར་གླིང་གཡུལ་འགྱེད་སྐབས་གླིང་གིས་རྒྱལ་ཁ་ཆེན་པོ་ཞིག་ལོན་ནས།ས་དེར་དགའ་སྟོན་ཆེན་པོ་ཞིག་བྱས་པས།སྟོན་མོ་ལུང་ཞེས་མིང་ཐོགས་པ་རེད།དེ་དང་ས་ཐག་ཉེ་སར་མདའ་སྦྱངས་རྒོད་ཡུལ་ཟེར་ས་དེར།གླིང་གི་དཔའ་བོ་རྣམས་ཀྱིས་མདའ་རྩལ་སྦྱངས་ཏེ།བྱ་རྒོད་ལ་མདའ་འཕངས་པས་ས་དེའི་མིང་ལ་དེ་ལྟར་གྲགས།
དམུ་དགེ་དགོན་པའི་རྒྱབ་རིའི་ཁ་ན་འོབས་ཆེན་པོ་ཞིག་ཡོད་པའི་མིང་ལ་ཧོར་སྐུང་ས་ཟེར།  སྔར་ཧོར་གླིང་འཁྲུགས་སྐབས་ཧོར་དམག་སྐུང་ས་རེད།དམུ་དགེ་དགོན་པའི་དཀྱིལ་དུ་འོབས་ཆེན་པོ་མི་རྟ་བརྒྱ་ཕྲག་ཆུད་ས་ཞིག་བརྐོས་པ།ཧོར་གྱིས་ས་སྲོག་བཅད་པ་རེད་ཟེར་ཡང་།འཐབ་རའམ་མི་རྟ་བརྒྱ་ཕྲག་དུ་མ་སྐུང་ས་བཟོས་པ་རེད།དེང་སང་དེའི་དཀྱིལ་དུ་ས་རྡུལ་གྱིས་བསུབ་ཡོད་ཀྱང་།སྣེ་གཡས་གཡོན་གཉིས་ད་རུང་ཁ་མ་གང་བར་ལུས་ཡོད།དམུ་དགེའི་མཆོད་རྟེན་སྣར་འབྲུག་མོའི་སྦྲ་ཤུལ་ཡོད།དེ་དང་མི་རིང་བ་ན་ར་ཕུག་ཟེར་བའི་ས་ཆར་མོ་དེའུ་ཟེར་བའི་དེའུ་ཆུང་ཞིག་ཡོད་པ་དེ་གླིང་སེང་ཆེན་གྱིས་མོ་འདེབས་ས་ཡིན་ཟེར།དམུ་དགེ་དང་མཁར་ལུང་གི་བར་དུ་ས་རྡོ་གྲུ་བཞི་མ་ལེབ་མོ་མཐར་འོབས་ཀྱིས་བསྐོར་ནས་ཡོད་པ་ཞིག་ཡོད་པ་དེ།གླིང་དཔོན་རྣམས་ཀྱིས་ཤོ་རྩེད་བྱེད་ས་ཡིན་ཟེར།དེ་ནས་ཤར་ཕྱོགས་སུ་སོང་མཚམས་གཉང་རྐྱལ་ཁ་ཟེར་བའི་ལ་ཁ་དེར།གླིང་དམག་འགྲོ་སྐབས་ཨ་མྱེ་ཁྲོ་ཐུང་གི་ཁོག་པ་མ་བདེ་ནས།ཁྲོ་ཐུང་བཤལ་གཉང་བྱས་སྟབས།གཉང་རྐྱལ་ཁ་ཞེས་མིང་ཐོགས་པ་རེད་ཟེར།དེ་ནས་ཕར་སོང་ན་ཟུང་ཆུ་ཟེར་བའི་ཆུའི་ཕར་ཁ་དང་།ཚུར་ཁར་གླིང་གིས་དམག་སྒར་བརྒྱབ་པའི་ཤུལ་དང་།ཟུང་ཆུའི་ཀྲེན་ཅང་ཀོན་མན་ཆད་དུ་དཔའ་ཆེས་གདོང་ཟེར་ས་དེ་གླིང་གིས་དམག་རྩེད་བྱེད་ས་ཡིན་ལ།སེང་ཆེན་གྱི་མདའ་ཟུག་ཤུལ་ཡིན་ཟེར་བའི་བྲག་ངོ་ཞིག་ཏུ་མདའ་ཤུལ་ཡོད།ཟུང་ཆུའི་སྟོད་ཨ་གླིང་ཟེར་བའི་སྡེ་བ་དེ་གླིང་དམག་བསྡད་པའི་སྡེ་ཤུལ་ཡིན་ཟེར་བ་དང་།རྒྱ་རྩེ་ཟེར་བའི་སྡེ་བ་དེ་རྒྱ་ཚ་ཞལ་དཀར་གྱི་སྡེ་འཐོར་ཞིག་ཡིན་ཟེར་བ་དང་།དེའི་བར་དུ་གླིང་གི་དམག་རུ་བར་མ་བསྡད་པའི་ས་དེར་བར་རུ་ཟེར་མོད།དེང་སང་བརྡ་ཅུང་ཟད་འགྱུར་ནས་བར་རུང་ཟེར།དེ་ཡན་ཆད་ཅིག་ན།རྟ་ར་རྟེའུ་ར་ཟེར་བའི་བྲག་ར་ཞིག་ཡོད་པ་དེ།གླིང་དམག་དེར་བསྡད་དུས་འབྲུག་མོའི་རྟ་ར་བྱས་པ་རེད་ཟེར།ས་དེ་ནས་བྱང་ཕྱོགས་སུ་བརྒལ་བ་མཛོད་དགེ་ཟེར་བའི་ས།སྐ་ཆུ་རྨ་ཆུ་རྨེ་ཆུ་འདྲེས་པའི་ཆུ་རྒྱུད་དུ།ཧོར་གླིང་གཡུལ་འགྱེད་ཆེན་པོ་ཞིག་བྱས་ནས།ཧོར་དམག་ཁྲི་ཕྲག་བརྒལ་བ་བསད་དེ།གླིང་གིས་རྒྱལ་ཁ་ཆེན་པོ་ཐོབ་པའི་ལོ་རྒྱུས་ཡོད་ལ།སྒྲུང་ཡིག་ཏུའང་ཡོད།མཛོད་དགེའི་ས་དེར།སྔོན་མངའ་བདག་ཁྲི་རལ་བ་ཅན་གྱི་དུས་སུ།བློན་པོ་དགའ་ཡེ་ཤེས་དར་རྒྱས་ཟེར་བས་གཞི་བཟུང་ནས།འབྲོག་སྡེ་ཆགས་པ་ཡིན་མོད།ཧོར་གླིང་འཁྲུགས་ནས་གླིང་གིས་དབང་བསྒྱུར་པས།མཛོད་དགེ་གླིང་དཀར་སྟོད་ཀྱི་ས་ཆ།ཞེས་པའི་མིང་དེ་ཆགས།གླིང་གི་སྡེ་ལྷག་ཞིག་ཡོད་པའི་སྡེ་བ་དེ་ལ་“གླིང་བ”ཞེས་མིང་མ་འགྱུར་བར་ཡོད།མཛོད་དགེ་བཞག་སྡོམ་ཞེས་པའི་སར་གླིང་གི་དཔོན་འདུག་སའི་ས་སྟོན་རྒྱུ་ཡོད།མཛོད་དགེ་སྡེ་གི་ཆོས་རྗེ་ན་གླིང་གི་འབྲུག་དགའ་བདེ་ཟེར་བའི་སྡེ་སྐོར་འབྲུག་སྡེ་ཟེར་བ་ཡོད།ཁོ་ཚོ་ལ་མ་བགོས་སྤྱི་ནོར་དུ་ཁྲོ་ཆུའི་གསེར་རྡོ།འབྲུག་མོའི་རྔ་སོགས་ཡོད་ཟེར།དེ་ནས་བྱང་ཕྱོགས་སུ་སོང་བའི་བླ་བྲང་དགོན་པའི་གཡས་ཕྱོགས་ཀྱི་སྤང་གཞུང་ཆེན་པོ་དེར་གླིང་གི་དཔའ་ཐུལ་དམག་དཔུང་དང་བཅས་པས་ལྷ་བསང་ཆེན་པོ་ཞིག་བཏང་བའི་སྟབས་ཀྱིས།སྤང་གཞུང་དེ་ལ་བསང་གཞུང་ཟེར་ཞེས་བླ་བྲང་གདན་རབས་སོགས་ལོ་རྒྱུས་འགའ་ན་ཡོད།དེ་ནས་འབབ་པའི་ཆུ་བླ་བྲང་གདན་རབས་སོགས་ལོ་རྒྱུས་འགའ་ན་ཡོད།དེ་ནས་འབབ་པའི་ཆུ་བླ་བྲང་གདན་རབས་སོགས་ལོ་རྒྱུས་འགའ་ན་ཡོད།དེ་ནས་འབབ་པའི་ཆུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་མདུན་བརྒྱུད་དེ།ཧོར་ཚང་ཁོག་ཏུ་འབབ་པ་དེ་ལ་བསང་ཆུ་ཟེར།འོན་ཀྱང་།གོ་མེན་ཏང་གི་རྒྱ་མི་ཁ་ཤས་ཀྱིས་ཆུ་བོ་དེའི་མིང་ལ་“ཞ་ཧུ”ཞེས་བཏགས་ནས་བཙན་ཤེད་ཀྱིས་རྫོང་དེའི་མིང་ལའང་ཞ་ཧུ་རྫོང་ཞེས་འབོད་དགོས་བྱུང་།དེང་སང་དེར་མཐུད་དེ་ས་ཁྲ་དང་།བོད་ཡིག་ཚགས་དཔར་ཐོག་ལ་དེ་བཞིན་དགོས་པའི་བཀའ་ཤེད་བཞིན་བྱེད་ཀྱིན་འདུག

  • ལེ་ཚན་སྔོན་མ།:གླིང་སེང་ཆེན་གྱི་བྱུང་བ་མདོར་བསྡུས།
  • ལེ་ཚན་རྗེས་མ།:གླིང་གེ་སར་རྒྱལ་པོ་ཐོག་མ་འཁྲུངས་པའི་གནས་ལ་དཔྱད་པ།