།གླིང་སེང་ཆེན་གྱི་བྱུང་བ་མདོར་བསྡུས།

རྩོམ་པ་པོ། དམུ་དགེ་བསམ་གཏན།        2010-08-27

ན་མོ་གུ་རུ་བྷྱཿ།སྣ་ཚོགས་སྒྱུ་མའི་འཕྲུལ་འཁོར་ལ་བརྟེན་ནས།།སྣ་ཚོགས་སྤྲོས་པའི་སྣང་བ་འབུམ་འཆར་ཞིང་།།སྣ་ཚོགས་དུཿཁའི་དགྲ་བོ་བཅོམ་དང་ལྷན།།སྣ་ཚོགས་བདེ་དགའ་རྒྱས་པའི་དཔལ་དེ་བསྔགས།།འདིར་གླིང་སེང་ཆེན་ནོར་བུ་དགྲ་འདུལ་འཛམ་གླིང་གེ་སར་རྒྱལ་བོ་ཞེས་གྲགས་པ་དེའི་དངོས་དོན་གྱི་ལོ་རྒྱུས་འགའ་ཞིག་བརྗོད་པར་བྱ་སྟེ།གླིང་གེ་སར་འདི་ནི་མདོ་ཁམས་སུ་སྐུ་འཁྲུངས་ཏེ།དཔའ་རྩལ་རབ་ཏུ་རྒྱས་ནས་ཕྱོགས་བཞིའི་དགྲ་འདུལ་མཁན་གྱི་བོད་ཀྱི་མི་དཔའ་བོ་ཞིག་ཡིན་པས་སྙན་པའི་གྲགས་པ་ཡོངས་ལ་ཁྱབ།དེ་ནི་མི་ངོ་མ་ཡིན་མིན་གྱི་དོགས་པ།སྔོན་གྱི་མཁས་མཆོག་སུ་ལའང་སྐྱེས་མ་མྱོང་།འོན་ཀྱང་།བར་སྐབས་ཤིག་ནས་བཟུང་།དངོས་དོན་ལ་ཞིབ་འཇུག་མེད་པའི་གཏམ་སྣ་ཚོགས་ཤིག་སྨྲ་བ་རྣ་བའི་ལམ་དུ་སོན་པ་འགའ་ཞིག་བརྗོད་ན།
ཁ་ཅིག་གིས།འདི་ལྷ་སྒྲུང་ཞིག་ཡིན་པ་ལས།དོན་དངོས་ལ་འདི་ལྟ་བུའི་མི་ཞིག་མེད་དོ་ཟེར།དེ་ནི་མི་འཐད་དེ།གླིང་མི་རེའི་ཁ་ན་སྒྲུང་རེ་ཟེར་བ་ལྟར།གཡུལ་འགྱེད་རེ་རེའི་སྐབས་སུ་དམག་མི་རང་རང་གི་སྣང་ཚུལ་དང་ལྟ་ཚུལ་ཅུང་རེ་མི་འདྲ་བའི་དབང་གིས་སྒྲུང་གླུ་དག་ལ་ཁྱད་པར་ཅུང་རེ་ཡོད་པ་དང་།མཁས་པ་སོ་སོས་ལེགས་བཅོས་བྱས་པ་དང་།ལྷ་སྒྲུང་བསྲེས་པ་འགའ་རེ་ཡོད་པ་མ་གཏོགས།གཞི་རྩའི་ཐོག་སྒྲུང་ནང་དུ་བཤད་པ་བཞིན།མི་དཔའ་བོ་ལག་རྗེས་ཅན་ཞིག་ཡིན་པ་ནི།དེའི་ལག་རྗེས་དང་།རྗེས་ཤུལ་གྱི་དངོས་རྫས།ཕ་ཡུལ།མི་རྒྱུད།མི་སྡེ་དང་བཅས་པ་ད་དུང་མངོན་སུམ་དུ་ཡོད་པ་འོག་ཏུ་འཆད་པར་འགྱུར་རོ།།
ཡང་ཁ་ཅིག་གིས་དེབ་ཐེར་དུ་བཀོད་པ་ལྟར་ན།བོད་ཀྱི་གེ་སར་ཟེར་བ་དེ་ནི་མི་རིགས་གཞན་ཞིག་ཡིན་ཏེ།བོད་ཀྱི་བྱང་ཕྱོགས་ཀྱི་མི་རིགས་ཤིག་ཡིན་པ་དང་།དྲག་རྩལ་ཅན་གྱི་མིང་རེད།མི་རིགས་དེ་ནི་རྒྱུན་པར་བོད་ལ་བཙན་འཛུལ་བྱེད་མཁན་ཞིག་རེད།དེབ་ཐེར་མཁས་པའི་དགའ་སྟོན་ལས།རྒྱ་ནག་རྒྱལ་བོ་ཤིང་ལ་སྦྲུལ་འཁྱིལ་འདྲ།།གེ་སར་རྒྱལ་བོ་ཤིང་ལ་རྟ་བཏགས་པ་འདྲ།།ཞེས་དང་།པད་མ་བཀའ་ཐང་དུ་རྒྱ་གར།རྒྱ་ནག  ཨོ་རྒྱན།སྟག་གཟིག  གེ་སར་སོགས་ཟ་ཧོར་ལ་སོང་ཞེས་བྲིས།འདི་དག་གི་ནང་དུ་གེ་སར་ནི་བྱང་ཕྱོགས་ཀྱི་རུ་དཔོན་གྱི་སྤྱི་མིང་རེད།སྲོང་བཙན་གྱིས་རྒྱ་བཟའ་ཀོང་ཇོ་སློང་དུས་ཡང་“གེ་སར་དམག་གི་རྒྱལ་བོ་ཡོད”ཅེས་བྲིས་ཏེ།མཐོང་རྒྱ་དང་ཞིབ་འཇུག་མེད་པར་ཁ་ཚོན་གཅོད་པ་ལ་དགའ་ནས།སྲོང་བཙན་དུས་ཀྱི་སོག་པོ་གེ་སར་དམག་གི་རྒྱལ་བོ་དང་།བོད་སིལ་བུར་འཐོར་བའི་དུས་ཀྱི་བོད་མི་གེ་སར་ནོར་བུ་དགྲ་འདུལ་གཉིས་གཅིག་རེད་སྙམ་པའི་རི་བོང་གནམ་རྡིབ་ཀྱི་དོགས་པ་འདྲ་བ་ཞིག་སྐྱེས་འདུགདེ་ནི་ར་མགོ་ལུག་སྦྱར་ཡིན་ཏེ།སྔོན་མཁས་མཆོག་སུ་ལ་དེ་གཉིས་གཅིག་རེད་སྙམ་པའི་འཁྲུལ་བློ་མ་སྐྱེས་ཤིང་།སྐྱེ་དོན་ཡང་མེད་དེ།གེ་སར་དམག་གི་རྒྱལ་བོ་ནི་བྱང་ཕྱོགས་སོག་པོའི་ཡུལ་གྱི་རྒྱལ་བོ་དག་ཤེད་ཅན་ཞིག་ཡིན་པས།གེ་སར་དམག་གི་རྒྱལ་བོ་ཟེར།དེའི་རྒྱལ་རྒྱུད་ནི་སོག་པོའི་ཨོ་རོད་ཚོ་དྲུག་གི་རྒྱལ་རྒྱུད་རྣམས་ཡིན་ཞིང་།རྒྱལ་དབང་ལྔ་བའི་དུས་སུ་བོད་ཡོངས་ལ་དབང་བསྒྱུར་ནས།བོད་སྲིད་རྒྱལ་དབང་ལྔ་བར་འབུལ་མཁན་“བསྟན་འཛིན་ཆོས་རྒྱལ”ཟེར་བའང་དེའི་རྒྱུད་ཡིན་ཏེ།སྡེ་སྲིད་གཙང་བའི་ལོ་རྒྱུས་ལས་“སྟག་གཟིག་ནོར་གྱི་རྒྱལ་བོ་ནི།རྒྱ་གར་ཁ་ཆེའི་མཐའ་ཡི་སོག་པོ་ཕྱིའི་རྒྱ་མཚོ་ཆེན་པོ་ལས་ནོར་བུ་ལོན་པ་འདི་རྣམས་ཡིན་ཞིང་།བྷ་ཏ་ཧོར་གྱི་རྒྱལ་བོ་ནི་སོག་པོ་གཞུང་དྲུག་ཏུ་གྲགས་པ་དེ་ཡིན་པ་དང་།གེ་སར་དམག་གི་རྒྱལ་བོ་ནི།ཨོ་རོད་ཚོ་དྲུག་གི་རྒྱལ་རྒྱུད།བསྟན་འཛིན་ཆོས་རྒྱལ་ནི་འདིའི་རྒྱུད་པ་ཡིན”ཞེས་གསུངས་པ་ལྟར་རོ།།གནའ་དུས་བོད་མི་དག་གིས་བྱང་དང་ནུབ་ཀྱི་མི་རིགས་གཞན་པ་རྣམས་ལ་སོག་པོ་ཞེས་སྤྱི་མིང་དུ་འབོད་པས།སྟག་གཟིག་ལའང་ནུབ་ཕྱོགས་ཀྱི་སོག་པོ་ཞིག་ཅེས་འབོད་དོ།།གེ་སར་ནོར་བུ་དགྲ་འདུལ་ལ་གེ་སར་ཞེས་པའི་མིང་ཐོགས་ཚུལ་དང་བོད་མི་ཡིན་ཚུལ་སོགས་འོག་ཏུ་འཆད་པར་འགྱུར་ལ།དེས་ན་མིང་གི་ཐོག་མ་འདྲ་བའི་མི་ཐམས་ཅད་གཅིག་ཡིན་པར་མ་སེམས་ཤིག
ཡང་ཡི་གེ་མ་མཐོང་ཡང་རྒྱུས་མེད་ཀྱི་མི་རིགས་གཞན་པ་ཁ་ཅིག་གིས།གླིང་གེ་སར་ནི་ཁྲི་སྲོང་ལྡེ་བཙན་རེད་ཟེར་གྱིན་འདུགཅེས་པའི་གཏམ་ཐོས་སོ།དེ་ནི་མི་འཐད་དེ།དེ་ལྟ་བུའི་དོགས་པ་སྔོན་གྱི་མཁས་མཆོག་སུ་ལའང་སྐྱེས་མ་མྱོང་ཞིང་།སྐྱེ་དོན་ཡང་མེད་དེ།ཁྲི་སྲོང་དང་གླིང་སེང་ཆེན་གཉིས་བྱུང་དུས་དང་སྐྱེ་ཡུལ་དང་།ཕྱག་རྗེས་དང་།མིང་དང་།སྲིད་ཀྱི་ཁྱབ་ཁོངས་སོགས་གཏན་ནས་མི་འདྲ་བ་ཡིན་ཏེ།བྱུང་དུས།ཁྲི་སྲོང་ནི་བསྟན་པ་སྔ་དར་བོད་ཁམས་གཅིག་གྱུར་གྱི་སྐབས་ཡིན་པ་སྨྲོས་མ་དགོས།གླིང་གེ་སར་ནི་བོད་སིལ་བུར་འཐོར་ནས།དཔའ་བོ་བཙན་ཤེད་ཅན་དང་།མཁས་པ་སྙན་གྲགས་ཅན་གྱིས་ཚོ་ཤོག་གི་མགོ་བསྡུ་བ་ཙམ་ལས།བོད་སྤྱི་ལ་དབང་བའི་རྒྱལ་པོ་མེད་པའི་དུས་སུ་བྱུང་བ་ཡིན་པ་ནི།དེས་བསྟེན་པའི་བླ་མ་དང་།དེའི་སྡེ་ཤོག་གི་ལམ་ལུགས།ལྷ་ལ་འབོད་བསྐུལ་དང་མཆོད་གསོལ་གྱི་སྒྲུང་གླུ་སོགས་ཀྱིས་ཤེས་ལ།སྔོན་གྱི་ལོ་རྒྱུས་རྣམས་ལས་ཀྱང་དེ་འཁྲུངས་དུས་རབ་བྱུང་དང་པོ་ཡས་མས་སུ་བཙལ་བ་ལས།བསྟན་པ་སྔ་དར་གྱི་དུས་སུ་བྱུང་བ་ཡིན་མིན་གྱི་དོགས་པ་སྔོན་གྱི་མཁས་མཆོག་སུ་ལ་མ་སྐྱེས་ཤིང་།སྐྱེ་དོན་ཡང་མེད་དོ།།
སྐྱེ་ཡུལ།ཁྲི་སྲོང་དབུས་ཀྱི་ཡར་ལུང་བསམ་ཡས་ཕྱོགས་སུ་འཁྲུངས་པ་ནི་རྩོད་མེད་མགྲིན་གཅིག་ཡིན་ལ།གླིང་སེང་ཆེན་ནི་མདོ་ཁམས་སུ་འཁྲུངས་པ་ལ་བོད་ཀྱི་མཁས་ཆེན་དག་ལ་རྩོད་པ་མེད་ཅིང་།མགྲིན་གཅིག་དབྱངས་གཅིག་ཡིན་ནོ།།
  • ལེ་ཚན་སྔོན་མ།:གླིང་གེ་སར་གྱི་འཁྲུངས་ཡུལ་སྡེ་དགེ---ཨ་ཕྱུག
  • ལེ་ཚན་རྗེས་མ།:གླིང་སེང་ཆེན་གྱི་བྱུང་བ་མདོར་བསྡུས།