ཁོར་ཡུག་སྲུང་སྐྱོབ་ཇི་ལྟར་བྱ་དགོས་སམ།

ཉི་གཞོན་གྱིས།    བོད་ཀྱི་རྩོམ་རིག་དྲ་བ།    2012-02-29

ཁོར་ཡུག་སྲུང་སྐྱོབ་ཇི་ལྟར་བྱ་དགོས་སམ།
 

འཛིན་མའི་ཁྱོན་གྱི་ཡངས་པོར་ལྗང་མདོག་དང་།།
ཟབ་བརླིང་དལ་འགྲོ་དྭངས་གཙང་འོ་མའི་རྒྱུན།།
རླུང་ཁམས་འཆི་མེད་བདུད་རྩིའི་ཉིང་བཅུད་དེ།།
རྟག་བརྟན་མཐོང་བ་ཁོ་བོའི་མངོན་འདོད་ཡིན།།
 
འཚོ་སྡོད་ཀྱི་རེ་བའི་མིག་ཞགས་བདེ་སྐྱིད་ལ་འཕེན་བཞིན།།
བདེ་སྐྱིད་ཀྱི་ངོ་བོ་ཕྱི་རོལ་ཐོན་རྫས་ལ་རྨོང ས་རྐྱེན།།
ལས་དབང་གི་ཁ་ཕྱོགས་བཙན་པོ་བདེ་སྐྱིད་དང་བྲལ་སྟེ།།
བདེ་སྐྱིད་ཀྱི་གོམ་པ་འཇིག་རོང་ལམ་འཕྲང་ན་སྙེག་གིན།།
   ཞེས་ མངོན་འདོད་དང་སེམས་འཚབ་ཀྱི་ཚིག་འབྲུ་དུ་མས་སྔུན་བསུས་ཏེ་སྐབས་བབ་ཀྱི་འཆད་ པར་འདོད་པའི་བརྗོད་དོན་ཏེ།  ཁོར་ཡུག་སྲུང་སྐྱོབ་ཇི་ལྟར་བྱ་དགོས་སམ་ཞེས་པའི་སྐོར་ལ་མདོར་ཙམ་གླེང་བར་ བྱའོ།
 ཁོར་ཡུག་གི་སྒྲ་དོན་ལ་བསམ་པ།
  ང་ཚོས་ནམ་ཞག་རྒྱུན་དུ་ནས་ཁོར་ཡུག་སྐྱིེད་པོ་དང་ཁོར་ཡུག་ལེགས་པོ།  ཟང་ཟིང་གི་ཁོར་ཡུག ཁོར་ཡུག་གཙང་བཟོ་སོགས་ཁོར་ཡུག་དང་འབྲེལ་བའི་བརྗོད་ཚིག་དུ་མ་ཞིག་བེད་སྤྱད་ དེ་ཁོར་ཡུག་སྐོར་ལ་ཁ་ན་ན་དང་ལྕེ་འཛར་འཛར་གྱི་གཏམ་བཤད་བྱེད་བཞིན་ཡོད་མོད་ ཀྱང། ང་ཚོས་ནམ་ཞིག་ཁོར་ཡུག་བྱ་བའི་ཚིག་འབྲུ་དེ་གཉིས་ཀྱི་སྒྲ་དོན་སྐོར་ལ་བསམ་ གཞིག་གི་མདའ་མོ་འཕེན་པ་ནི་ཤིན་ཏུ་དཀོན་པ་ཞིག་ཡིན་པར་མཐོང། དེ་ལྟར་ན་ཁོར་ཡུག་གི་སྒྲ་དོན་སྐོར་ལ་མདོར་ཙམ་བསམ་པར་བྱ་སྟེ།
དེའང་ ངེད་ཚོ་སློབ་ཆུང་ལོ་རིམ་འགྲིམས་པའི་གནས་སྐབས་སུ་ངེད་ཚོའི་སྤྱི་ཚོགས་རིག་ གནས་དགེ་རྒན་སོགས་ཀྱིས་ང་ཚོར་ཁོར་ཡུག་སྐོར་སློབ་འཁྲིད་མཛད་པའི་ཚེ་ཁོར་ཡུག་ཅེས་བྱ་བ་ནི་ང་ཚོའི་ཉེ་འཁོར་ན་ཡོད་པའི་དངོས་པོ་ཐམས་ཅད་ལ་ཟེར།  དཔེར་ན། སྒྲོག་ཙེ་དང་ནག་པང། ཁང་པ་དང་རྩེད་ཐང། རི་ཆུ་ནགས་སོགས་དང་།   དེ་བཞིན་མི་ལ་སོགས་པའི་སྲོག་ཡོད་དང་སྲོག་མེད་ཀྱི་དངོས་པོ་ཐ་དག་ནི་རང་ཉིད་ ཀྱི་ཁོར་ཡུག་ཡིན་ནོ།   ཞེས་ཁོར་ཡུག་སྐོར་ལ་འགྲེལ་བ་རེད།  དེ་ལྟར་ངེད་ཚོས་ཁོར་ཡུག་གི་གོ་དོན་ནི་ཕལ་ཆེར་ཡོངས་སུ་རྟོགས་སོང་བ་རེད།
  སྤྱིར་མིང་ཐོགས་ཚུལ་ལ་འདོད་རྒྱལ་དང་རྗེས་གྲུབ་གཉིས་ཡོད་པ་ལས་ཁོར་ཡུག་ལྟ་བུར་མཚོན་ ན། འདོད་རྒྱལ་ལས་སྒྲུབ་པ་ཞིག་ནི་མ་ཡིན་པར་དེ་ནི་རྗེས་གྲུབ་ལས་ཐོགས་པར་སེམས་སོ། གང་ལགས་ཞེ་ན། དག་ཡིག་གསར་སྒྲིག་སོགས་སུ། ཁོར་ཅེས་བྱ་བ་ནི། བཀར་བྱ་བའི་སྐུལ་ཚིག་ཡིན་ཞེས་དང། བཀར་གྱི་གོ་དོན་ནི་སོ་སོར་ཕྱེ་བ་དང་རང་ག་བར་འཇོག་པ་སྟེ་དཔེར་ན། ལོགས་སུ་བཀར་ལྟ་བུའོ། །ཡུག་ཅེས་བྱ་བ་ནི། ཉེ་འཁོར་གྱི་མིང་སྟེ། དཔེར་ན། ཁང་བའི་ཁོར་ཡུག གྲོང་ཁྱེར་གྱི་ཁོར་ཡུག་ཅེས་པ་ལྟ་བུའོ་ཞེས་འཁོད་དོ། དེ་ལྟར་ན་ཕྲན་གྱི་བསམ་ཚུལ་ལྟར་ན། ཚིག་དེ་གཉིས་བསྡུས་པའི་དོན་ནི་ཉེ་འཁོར་གྱི་ལོགས་སུ་བཀར་བྱའི་ཆོས་དུ་མ་ཞིག་ ཚོགས་པ་ལས་བྱུང་བ་ནི་ཁོར་ཡུག་ཅེས་བྱུང་བར་སེམས་སོ། མདོར་ན་རང་གི་འཚོ་བརྟེན་དུ་འགྱུར་བའི་ཉེ་འཁོར་གྱི་སྲོག་ཡོད་དང་སྲོག་མེད། དེ་བཞིན་ཆེ་ཆུང་གི་དབྱེ་བ་མེད་པའི་དངོས་པོ་ཐ་དག་ལ་ཁོར་ཡུག་ཅེས་ཟེར་བར་སེམས་ སོ།།
 རང་རང་སོ་སོའི་ཁོར་ཡུག་གི་གནས་བབ་ངོས་བཟུང་བ།
  སྤྱིར་ ཁོར་ཡུག་ཅེས་གླེང་བླང་བའི་ཚེ། ད་གཟོད་ང་ཚོའི་མིག་སྔུན་ན་འཆར་འོང་བ་ནི་རང་ཉིད་ཀྱི་སེམས་ཁོང་ན་ཉེ་འཁོར་གྱི་ སྲོག་ཡོད་དང་སྲོག་མེད་ཀྱི་དངོས་པོ་དག་ལྷམ་མེར་འཆར་འོང་ངེས་རེད། གཞན་ཡང་རང་ཉིད་ཀྱི་མིག་སྔུན་ན་འཆར་འོང་བའི་ཉེ་འཁོར་གྱི་སྣང་བརྙན་ཏེ། འབག་གཙོག་དང་ཟང་ཟིང། འདུ་འཛི་ཆེ་ལ་འཁྲུག་རྩོད་ལས་མིག་སྔུན་ན་མི་མཛེས་པ། ཕྱོགས་གང་ས་ནས་འུར་སྒྲ་སྒྲོགས་ཏེ་རྣ་བར་ཟན་པ། དེ་དག་གིས་བརླན་པའི་ཁོར་ཡུག་གི་སྣང་བརྙན་དེས་རང་ཉིད་ཀྱི་སེམས་ཁོང་ན་ཉོབ་ སྣང་དང་མི་བདེ་བའི་ཚོར་འདུ་ཞིག་འབྱིན་ཚེ་     ད་གཟོད་རང་ཉིད་ཀྱི་ཁོར་ཡུག་དེ་ཇི་ཙམ་གྱི་ཚད་ལ་སླེབས་ཡོད་པ་རང་ཉིད་ཀྱིས་ཚོད་ བགམ་བྱ་ཐུབ་ངེས་རེད།
དེ་བཞིན་ཁོར་ཡུག་གི་ཚིག་འབྲུ་གཉིས་པོ་ལས་རང་ཉིད་ ཀྱི་ཉེ་འཁོར་གྱི་སྣང་བརྙན་ཏེ། རང་འབྱུང་ལྗང་མདོག་གི་རྒྱན་ལ་གང་ཞིག་ལ་བལྟས་ཀྱང་ཡིད་ལ་སིམ་པ་སྟེར་བ་ལྟ་བུར་ཚོར་ཚེ། ད་གཟོད་རང་ཉིད་ཀྱི་ཁོར་ཡུག་དེའི་གནས་སྟངས་ཇི་ཙམ་ལ་སླེབས་ཡོད་པའང་རྟོགས་ངེས་ རེད།
 སྤྱི་བོ་གནམ་མཁར་བསྟན་ཞིང་རང་གི་བདེ་སྐྱིད་ཀྱི་ཆེད་དུ་སྙེག་གིན་པའི་མི་བུ་དག་གིས་རང་ཉིད་ཀྱིས་ལོངས་སུ་སྤྱོད་བཞིན་པའི་ཁོར་ཡུག་སྟེ།  གོང་སྨོས་ཀྱི་ཁོར་ཡུག་གཉིས་པོའི་སྙང་བརྙན་ལས་གང་ཞིག་ལ་དགའ་མོས་དང་འཐོབ་ འདོད་ཀྱི་འདུན་པ་འཕེལ་གྱིན་ཡོད་པ་ནི་རང་ཉིད་ནས་གསལ་པོར་ཐག་གཅོད་བྱ་ཐུབ་ངེས་ རེད།
དེ་ལྟར་ན་མཛོ་སུམ་བཅུར་རྭ་ཅོ་དྲུག་ཅུ་དང་མི་སུམ་བཅུར་བསམ་བློ་ སུམ་བཅུ་ཡོད་པ་བཞིན་ཀུན་གྱི་འདོད་དོན་གཅིག་མཚུངས་སུ་མེད་པ་ནི་སྨོས་མ་དགོས་ པ་ཞིག་རེད། འོན་ཏེ་ང་དང་འདྲ་བའི་མི་བུ་ཚོའི་སེམས་ཁོང་ལས་དགའ་མོས་དང་འཐོབ་འདོད་པའི་ཁོར་ ཡུག་གི་སྣང་བརྙན་ཏེ།  རང་འབྱུང་ལྗང་མདོག་གིས་རྒྱན་ཅིང་ཟང་ཟིང་དང་དུ་ཞགས་དབེན་ལ་འཁྲུག་འཛིང་དང་ རྙོག་འཛིང་མེད་པའི་ཞི་འཇམ་བག་ཕེབས་ཀྱི་ཁོར་ཡུག་ཉག་ཅིག་ཡིན།   དེ་ལྟར་ན་ང་ཚོས་འཆི་ལ་ཁད་པའི་རང་འབྱུང་གི་ཁོར་ཡུག་དེ་ཇི་ལྟར་སྐྱོབ་དགོས་སམ།
  དེའང་འདིར་འཆི་ལ་ཁད་པའི་ཡིད་དུ་འོང་བའི་རང་འབྱུང་གི་ཁོར་ཡུག་དེ་སྔར་ཡོད་བཞིན་ ཡོང་རྒྱུ་ནི་ཡོང་མི་སྲིད་པ་ཞིག་ཡིན་མོད་ཀྱང་ད་ལྟ་གང་ཡོད་དེ་ཡུན་རིང་དུ་གཙང་ ཞིང་ཡིད་དུ་འོང་བ་ཞིག་གནས་ཐུབ་པ་དང་། ཉམས་རྒུད་དུ་མི་འགྲོ་བའི་ཆེད་ཐབས་ལམ་གཙོ་བོ་གཉིས་ཀྱི་ཐོག་ནས་གླེང་བར་བྱ་ སྟེ།
༡  ཁོར་ཡུག་གི་དོན་གཞི་རྒྱ་ཆུང་ངུར་འཛིན་པའི་མི་བུ་དག་གིས་ཁོར་ཡུག་གཙང་མ་ཡོང་སླད་ནུས་པ་ཇི་ལྟར་སྟོན་དགོས་མིན།
སྤྱིར་ མི་བུ་འགའ་ཤིག་གིས་ཁོར་ཡུག་ཅེས་བྱ་བའི་སྒྲ་དོན་ལ་མནོ་བསམ་ལེགས་པར་མ་བཏང་བར་ ཁོར་ཡུག་ཅེས་བྱ་བ་ནི་རང་ཉིད་འཚོ་བསྟེན་བྱ་བར་རམ་འདེགས་བྱེད་མཁན་གྱི་ཉེ་ འཁོར་གྱི་སྲོག་ལྡན་དང་སྲོག་མེད་ཀྱི་དངོས་པོ་ཐ་དག་ལ་ཟེར་ཞེས་པའི་ཉེ་འཁོར་ ཞེས་བྱ་བའི་ཚིག་འབྲུ་དེ་གཉིས་ཀྱི་གོ་བ་ཤིནཏུ་ཁྱབ་ཆུང་ངུ་ཞིག་ལ་ངོས་འཛིན་ཏེ། རང་ཉིད་ཀྱི་ཉེ་འཁོར་ན་མཐོང་རྒྱུ་ཡོད་པའི་དངོས་པོ་ཙམ་ལས་གཞན་གྱི་ཁོར་ཡུག་ འཐད་བསམ་བློ་པུ་ཙམ་ཡང་མེད་པར་རང་ཉིད་ཀྱི་ཁང་ཁྱིམ་ཙམ་གཙང་བར་བྱས་ཏེ་གོ་ལ་ སྤྱིའི་ཁོར་ཡུག་ལ་བསམ་བློ་མི་འཕྱོར་བ་ནི་ཤེས་ཡོན་ཆུ་ཚད་ཀྱི་མི་འདང་བ་དང་ བསམ་བློའི་ནུས་པ་གོང་འཕེལ་མ་ཐུབ་པའི་རྐྱེན་གྱིས་རེད།  འོན་ཏེ།  སྐྱེས་བུ་དེ་ནི་ཁོར་ཡུག་འཐད་བློ་ཁ་ཅི་ཡང་མ་ཕྱོགས་པའི་མི་བུ་དག་ལས་ནི་ཤིན་ ཏུ་ནས་བཟང་བ་ཞིག་རེད།
  འོན་ཏང་། དེ་ལྟ་བུའི་མི་བུ་རེ་རེས་ཁོར་ཡུག་གི་ངོ་བོ་དེ་ལྟར་བཟུང་ཏེ་གོ་ལ་སྤྱིའི་ཁོར་ ཡུག་གཙང་མར་ཡོང་སླད་ནུས་པ་ཆེན་པོ་ཞིག་སྟོན་རྒྱུ་ཡོད་དེ། ནམ་ཞགས་རྒྱུན་གཏན་ནས་དེ་ལྟ་བུའི་མི་བུ་རེ་རེས་ཆེ་གོ་ལའི་རང་འབྱུང་ཁམས་ཀྱི་ ཐོན་རྫས་དང་ཁོར་ཡུག་ལ་སྲུང་སྐྱོབ་དང་དེའི་ཐོག་ལ་ཞབས་འདེགས་འགྲུབ་མ་ཐུབ་ ཀྱང་། རང་འཚོ་སྡོད་བྱ་བའི་ཁམ་ཁྱིམ་དང་ཁོ་ར་ཁོར་ཡུག་ཆུང་ངུ་དེ་གཙང་བར་བྱས་ཏེ་ སྤྱིར་བཏང་གི་ནད་རིགས་མི་ཡོང་བའི་སྔོན་འགོག་དང་དེ་བཞིན་སྲོག་རླུང་རྒྱས་ཆེད་ རྩེ་ཤིང་གང་མང་འདེབས་འཛུགས་བྱས་ཚེ་མི་བུ་སྒེར་གཅིག་ནས་གོ་ལ་སྤྱིའི་ཁོར་ཡུག་ ལ་ལེགས་སྐྱེས་ཆེན་པོ་ཞིག་ཕུལ་བ་དང་གཉིས་སུ་མ་མཆིས། དེ་ལྟར་ན་གོ་ལ་དེའི་སྟེང་འཚོ་སྡོད་བྱེད་བཞིན་པའི་སྐྱེ་བོ་ཐ་དག་གིས་རང་གི་ ཁོར་ཡུག་དེ་ཡིད་དུ་འོང་བ་ཞིག་ཡོང་སླད་དེ་ལྟ་བུའི་ལས་འགུལ་རེ་སྤེལ་ཚེ། དེ་གཟོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་སྡེ་ཚན་དང་ཁོར་ཡུག་ སྲུང་སྐྱོབ་ཆེད་ཆེས་འགྲོ་གྲོན་གྱིས་ཚོགས་པ་རང་ག་བ་སོགས་གསར་འཛུགས་བྱ་མི་ དགོས་པར་འཆི་ལ་ཁད་པའི་རང་འབྱུང་གི་ཁོར་ཡུག་དེ་སྲུང་སྐྱོབ་བྱ་ཐུབ་ངེས་རེད།།
དེ་ནས་མར་བཅོས་བྱ་རྒྱུ་ཡིན།
༢ ཁོར་ཡུག་གི་གོ་དོན་གཞི་རྒྱ་ཆེ་བར་འཛིན་པའི་མི་བུ་དག་གིས་ཁོར་ཡུག་གཙང་བར་ཡོང་སླད་ལེགས་སྐྱེས་ཇི་ལྟར་ཕུལ་དགོས་མིན།
ང་ ཚོའི་གོ་ལ་ནི་དཀའ་ཚེགས་ཀྱིས་ཡོངས་སུ་བརླན་པ་ཞིག་རེད། ང་ཚོས་ནམ་ཉིན་མཚན་དབྱེར་མེད་ལ་རང་དོན་ཁོ་ནར་དམིགས་ཤིང་སྤྱི་དོན་གྱི་གྱོང་ དགུལ་ལ་བསམ་པ་ནི་ངོ་མ་ཤིན་ཏུ་དཀའ་བ་ཞིག་རེད། ཆུ་ཡི་འཇིག་རྟེན་འདིར་འགྲོ་བ་མི་བྱུང་བ་ནས་བཟུང་ཡོད་ཚད་ཀྱི་ཡོད་ཚད་ལ་འཕོ་ འགྱུར་དང་ཉམས་རྒུད་གཅིག་པུས་ཟིན་ཏེ་ཡོང་བ་ཞིག་རེད། ལྷག་པར་ད་ལྟའི་ཆར་དུས་རབས་ཉེར་གཅིག་སྟེ་རྫས་མཚོན་གྱི་བསྐལ་པའི་དུས་འདིར་རང་ འབྱུང་ཁམས་ལ་གནོད་འཚབ་ཤིན་ཏུ་ཆེ་བའི་ཆགས་འཇིག་རབ་དང་རིམ་པ་ཞིག་རྒྱུན་མཐུད་ རེད།                 
   དེ་ལྟ་བུའི་རང་འབྱུང་ཁམས་ཀྱི་ཁོར་ཡུག་དེ་ཡོངས་སུ་སྟོང་བར་བྱེད་ པའི་དཔེ་མཚོན་འགའ་ཤིག་བརྗོད་ན། འབག་གཙོག་གིས་བརླན་པའི་ངེད་ཚོའི་ས་ཆུ་ རླུང་གསུམ་དང་། རྫས་རིགས་ཀྱི་རྡུལ་ལས་བྱུང་བའི་རྫས་སྦྱོར་གྱི་ཆར་པ། ནམ་དུས་འཁྲུག་པ། ནགས་ཤིང་དག་ལ་ཆུ་མི་འདང་བ། ཟས་ཀྱི་རྒྱུན་འཁོར་འཁྲུགས་པ། སྐྱེ་དངོས་ཀྱི་རིགས་སྟོང་ཕྲག་མང་པོ་ལོ་རེ་བཞིན་རྫོགས་འགྲོ་བ། དེ་བཞིན་གོ་བ་སྲུང་བར་བྱེད་མཁན་གྱི་སྲོག་འཛིན་རླུང་སོགས་བྱུང་མུས་རེད། ད་ལྟའི་ཆར་མིའི་བསམ་བློའི་ནུས་སྟོབས་གོང་འཕེལ་དུ་ཕྱིན་ཏེ་གོ་ལའི་ཁོར་ཡུག་ལ་ སེམས་འཁུར་མི་བྱེད་ཐབས་མེད་དང་དེ་ལྟ་བུའི་ཆགས་འཇིག་ནི་ཉིན་རེ་བཞིན་ཇེ་མང་ ནས་ཇེ་མང་དུ་འགྲོ་བ་དང་དེ་དག་ནི་ངེད་ཅག་མི་བུ་རྣམས་ཀྱིས་བསྐྲུན་པ་ཞིག་པས་ དེ་ལ་གདོང་ལེན་བྱ་རྒྱུ་དེ་རེད།
 དེ་ལྟ་བུའི་གནས་སྟངས་སུ་གྱར་བའི་རྒྱུ་རྐྱེན་གྱི་གཙོ་བོ་ངོས་འཛིན་པ།
  སྔོན་ དུས་སུ་ལྗང་མདོག་གི་རྒྱན་ལ་ཁ་རླུང་གཙང་ཞིང་། རང་འབྱུང་ཁམས་ཀྱི་རྒྱུན་འཁོར་མི་འཁྲུགས་ལ་ཕྱོགས་གང་ཞིག་ཏུ་བལྟས་ཀྱང་ཡིད་ལ་ སིམ་པ་སྟེར་བའི་ཡིད་དུ་འོང་བའི་ཁོར་ཡུག་སྟེ།  དེ་ལྟའི་ཆར་དེ་ལྟ་བུ་ཞིག་ཏུ་གྱར་བ་ནི་ངེད་ཚོའི་འདོད་སེམས་ལས་བསྐྲུན་པ་ཞིག་ རེད། དེའང་མིའི་འདོད་སེམས་ཀྱི་རླབས་རྒྱུན་ཉིན་རེ་བཞིན་དགུང་དུ་འཔྱུར་བའི་ཚེ།  རང་གི་དགོས་མཁོ་ཐ་དག་ཡོངས་སུ་འཐོབ་ཆེད་རང་འབྱུང་གི་ཐོན་ཁུངས་ཡོད་ཚད་བེད་ སྤྱད་རྒྱུ་ཤིན་ཏུ་མང་དྲག་པས་དེང་གི་ཆར་འདང་ངེས་ཞིག་མེད་རྐྱེན་གོང་སྨོས་ཀྱི་ གནོད་འཚབ་ཆེ་བའི་ཆགས་འཇིག་དག་བྱུང་བཞིན་པ་རེད།
  དཔེར་ན། ས་བཅུད་ཉམས་པས་ས་བསྙིལ་བ་དང། ས་ཡོམ་བྱུང་བ། དེ་བཞིན་རྩི་ཤིང་དང་སྟོན་ཐོག་སོག་མི་སྐྱེ་བ། རྫས་རིགས་འདྲེས་སྦྱོར་གྱི་དུ་བ་ལས་རྫས་རིགས་ཀྱི་ཆར་པ་དང་ཁ་རླུང་ཇེ་གཙོག་ཏུ་ གྱུར་བས་སྲོག་རླུང་མ་འདང་བའི་དཀའ་ངལ་བྱུང་བ། བཟོ་གྲྭ་སོགས་ལས་རྫས་རིགས་རྣམས་རྒྱ་མཚོའི་ནང་བསྐྱུར་བས་ཆུ་ཤིན་ཏུ་འབག་གཙོག་ ཏུ་གྱུར་ཏེ་ཆུའི་ནང་གི་སྐྱེ་དངོས་ཀྱི་རིགས་སྟོང་ཕྲག་མང་པོ་རྩ་མེད་དུ་འགྲོ་ བ། དེ་བཞིན་སེམས་ཅན་ཤིན་ཏུ་མང་པོ་གསོད་པ་ལས་ཟས་ཀྱི་རྒྱུན་འཁོར་འཁྲུགས་པ་སོགས་ རང་འབྱུང་ཁམས་ཀྱི་ཁོར་ཡུག་ལ་གནོད་པའི་ལས་སྣ་ཤིན་ཏུ་མང་པོ་ཞིག་བརྩམས་བཞིན་པ་ རེད། ངོ་མ་དེ་ལྟ་བུའི་གནས་སྟངས་དག་ལ་སེམས་ཚེ་སེམས་ནང་ན་ཟུག་ལྡང་ངེས་རེད།།
  གནོད་ འཚབ་ཆེ་བའི་ལས་བྱ་དེ་དག་ནི་ངེད་ཚོས་བསྐྲུན་བཞག་པ་ཞིག་ཡིན་པས་རང་ཉིད་ཀྱི་ བདེ་སྐྱིད་དང་རང་ཉིད་ཀྱི་ཁེ་ཕན། རང་ཉིད་ཀྱི་ནང་མི་དང་རང་ཉིད་ཀྱི་སྙིང་ཉེ། རང་ཉིད་ཀྱི་ཁྱིམ་ཚང་དང་རང་ཉིད་ཀྱི་རྒྱལ་ཁབ་འཚོ་འདོད་ན་ང་ཚོས་ཐབས་བརྒྱ་བྱུས་ སྟོང་བེད་སྤྱད་དེ་ང་ཚོའི་ཕ་མེས་ཡབ་མེས་དག་གིས་ངེད་ཚོར་བཞག་པའི་ཁྱིམ་གཞིས་ ཆེན་པོ་དེ་སྔོན་དུས་ཇི་ལྟར་ཡོད་པ་དེ་བཞིན་སླར་གསོ་ཐུབ་པ་ཞིག་ཡོང་ཐབས་བྲལ་ མོད་ཀྱང་དེང་ནས་བཟུང་སྟེ་གང་ཐུབ་ཀྱིས་བསྐྱར་གསོ་ཐུབ་པ་བྱ་རྒྱུ་ནི་ང་ཚོའི་ འགན་འཁྲི་ཡིན་ལ་ང་ཚོས་བསྒྲུབ་འོས་པའི་ལས་དོན་ཞིག་ཀྱང་ཡིན།།
  དེ་ལྟར་ན། ང་ཚོས་ཐབས་ཤེས་ཇི་ལྟ་བུ་ཞིག་བེད་སྤྱད་དེ་སྔོན་དུས་ཀྱི་ཡབ་མེས་ཚོའི་དུས་ཀྱི་ཁོར་ཡུག་དེ་ཇི་ལྟར་གསར་འཛུགས་བྱེད་དགོས་སམ།སྤྱིར་ལོ་རབས་ནས་ལོ་རབས་དང་དུས་རབས་ནས་དུས་རབས་བསྟུད་དེ་ཉམས་རྒུད་དུ་འགྲོ་བཞིན་ པའི་རང་འབྱུང་ཁམས་ཀྱི་ཡིད་དུ་འོང་བའི་ཁོར་ཡུག་དེ་དུས་ཡུན་ཉུང་ངུ་ཞིག་གི་ནང་ བསྐྱར་གསོ་ཐུབ་རྒྱུ་ནི་ཡོང་མི་སྲིད་པའི་འདོད་དོན་ཞིག་ཡིན་མོད་ཀྱང་། ནམ་ཞིག་གོ་ལའི་མི་བུ་དག་གི་སེམས་ནང་ཁོར་ཡུག་བྱ་བའི་ནང་དོན་ཡོངས་སུ་རྟོགས་ ཏེ་འདི་ཉིད་ཀྱི་རིན་ཐང་རྟོགས་པ་དང་། ཆགས་འཇིག་གི་དུས་དབང་དེའི་ཁྲོད་གཉན་འཕྲང་གི་གོ་ལའི་ཁོར་ཡུག་གི་གནས་སྟངས་ལ་ བསམ་གཞིག་བྱ་ཐུབ་ཚེ་ད་གཟོད་འཆི་ལ་ཁད་ཀྱི་ཁོར་ཡུག་དེ་སྐྱོབ་ཐུབ་ངེས་རེད། འོན་ཏང་དེ་ལྟ་བུའི་རེ་འདོད་ནི་ཡོང་མི་སྲིད་པ་ཞིག་རེད། དེ་ལྟར་ཡོང་མི་སྲིད་པའི་རེ་བ་ཞིག་བཟུང་སྟེ་རེ་སྒུག་བྱས་ཏེ་འདུག་ཚེ། དེ་ཚེ་གཞི་རྒྱ་ཆེ་བའི་གོ་ལ་དེ་སང་ཉིན་རང་འཇིག་འགྲོ་ངེས་རེད།།
  དེར་གོ་ལ་དེ་གནོད་འཚབ་ཆེ་བའི་ཆགས་འཇིག་དག་ལས་གྲོལ་ཆེད་ང་ཚོས་ལས་དོན་གང་ཞིག་སྤེལ་དགོས་མིན་འཐད་གལ་གང་ཆེ་བའི་དོན་ཚན་འགའ་ཤིག་བསྣན་ན།
  ༡  གད་སྙིགས་དང་འབྲེལ་བའི་སྐོར།
  དེའང་གད་སྙིགས་ཀྱི་དོན་རྐྱེན་ལ་གཞིགས་ན། འུ་ཅག་ནས་རང་ཉིད་ཀྱི་འདོད་རྒུའི་འཚོ་བ་ལོངས་སུ་སྤྱད་པའི་ཁྲོད་ཕྱིའི་ཁོར་ ཡུག་འབག་གཙོག་དང་རང་འབྱུང་ཁམས་ཀྱི་གནོད་འཚབ་ལ་བསམ་གཞིགས་མ་བྱས་པར་གད་སྙིགས་ མང་པོ་ཞིག་བཟོ་བཞིན་པ་རེད།
  ཉེ་ཆར་ཁོར་ཡུག་གི་ཞིབ་འཇུག་པ་དག་གི་དཔྱད་ ཞིབ་ལ་གཞིགས་ན། མི་བུ་རེ་རེས་ལོ་གཅིག་ནང་གད་སྙིགས་ཏྲོན་ (tone) གཅིག་དང་ཕྱེད་ཀ་ལྷག་བཟོ་བའི་གནས་ཚུལ་ཐོན་འདུག  ང་ཚོས་རང་ཉིད་ཀྱི་ཉེ་འཁོར་གྱི་གཞི་རྒྱ་ཆུང་ངུ་ཙམ་ཞིག་གཙང་བར་ཡོང་ཆེད་གད་ སྙིགས་དེ་དག་མེད་པ་བཟོ་ཆེད་ཐབས་ལམ་གཉིས་ཙམ་བེད་སྤྱད་བཞིན་པ་ནི།   ས་སྦད་དུ་གཏོང་བ་དང་མེར་སྲེག་གཏོང་བའི་ཐབས་ལམ་དེ་གཉིས་རེད།       གང་ལྟར་ཐབས་ལམ་དེ་གཉིས་ཀའང་རང་འབྱུང་ཁམས་ཀྱི་ཁོར་ཡུག་དེར་གནོད་འཚབ་ཤིན་ཏུ་ ཆེ་བ་ཞིག་ཡིན་ཏེ།       ངེད་ཚོས་ས་སྦས་སུ་བཏང་བའི་གད་སྙིགས་དག་ལས་ས་བཅུད་ཉམས་ཏེ་སྟོན་ཐོག་ལེགས་པོ་ མ་སྐྱེས་པ་དང་ས་སྙིལ་བ། དེ་བཞིན་ཆུའི་རྒྱུན་འཁོར་སོགས་འཁྲུག་སྟེ་སྐྱེ་དངོས་ཐ་དག་ལ་གནོད་འཚབ་ཤིན་ཏུ་ ཆེ་བ་ཞིག་རེད།
  གཉིས་པ་ངེད་ཚོས་མེར་སྲེག་བཏང་བའི་གད་སྙིེགས་ཀྱི་རིགས་ དེ་དག་ལས་རྫས་རིགས་དྲ་མིན་འདུས་པའི་དུ་བ་ལས་ཆར་བ་བྱུང་སྟེ། རང་འབྱུང་ཁམས་ལ་གནོད་འཚབ་ཤིན་ཏུ་ཆེ་བ་ཞིག་ཀྱང་རེད།
དེ་ལྟ་བུའི་དཀའ་ངལ་སེལ་ཆེད་ཀྱི་ཐབས་ལམ་འགའ་ཤིག་བཀོད་ན།
༡ ང་ཚོས་ཟས་ཀྱི་ལྷག་འཕྲོ་ལ་སོགས་པའི་རྩི་ཤིང་གི་ལུད་དུ་འགྱུར་རྒྱུ་ཡོད་པ་དང་ མེད་པའི་གད་སྙིགས་རྣམས་སོ་སོར་ཕྱེས་ཏེ་ལུད་དུ་འགྱུར་རྒྱུ་ཡོད་པ་རྣམས་ལོ་ ཏོག་སོགས་སྐྱེ་སྲིང་ཆེད་བེད་སྤྱད་རྒྱུ།
༢  དེ་བཞིན་ཤོག་བུ་དང། ཤེལ་དམ། ལྕགས་རིགས་སོགས་ལས་བྱུང་བའི་གད་སྙིགས་རྣམས་བཟོ་གྲྭ་ལས་སླར་ཡང་བེད་སྤྱད་ རྒྱུར་སྐྲུན་དགོས་ཏེ་ང་ཚོས་ཇི་ཙམ་གྱི་སླར་བེད་སྤྱད་རྒྱུར་སྐྲུན་པ་དེ་ཙམ་ གྱི་རང་འབྱུང་གི་ཐོན་རྫས་ལ་སྲུང་སྐྱོབ་བྱེད་ཐུབ།
༣ རང་འབྱུང་ཁམས་ལ་གནོད་འཚབ་ཤིན་ཏུ་ཆེ་ལ་བེད་སྤྱོད་ཀྱི་ཚད་ཀྱང་ཆེས་མང་བ་ཞིག་ ནི་འགྱིག་ལས་བྱུང་བའི་འགྱིག་ཤོག་དང་འགྱིག་སྣོད་ཡིན་ཏེ་དེ་ནི་རྩི་ཤིང་གི་ ལུད་དུ་མི་ཡོང་ལ་ལྷག་པར་དུ་བཟོ་གྲྭ་ལས་སླར་བཟོ་བའི་ཚེ་དེས་རང་འབྱུང་ཁམས་ལ་ གནོད་འཚབ་ཤིན་ཏུ་ཆེ་བའི་དུག་རྫས་འདྲ་མིན་གྱི་དུ་བ་འབྱུང་བ་རེད། དེ་ལྟར་ན་དེ་ལས་སྐྱོབ་པའི་ཐབས་ལམ་ཉག་ཅིག་ནི་ང་ཚོ་མི་རེ་ངོ་རེས་འགྱིག་སྣོད་ གང་ཉུང་ཉུང་བེད་སྤྱད་རྒྱུ་དང་དེའི་ཚབ་ལ་ཤོག་སྣོད་སོགས་བེད་སྤྱད་ཚེ་ཕན་རླབས་ ཤིན་ཏུ་ཆེ་བ་ཡིན།
༢   ནགས་ཚལ་གཅོད་སྲེག་གི་གནོད་འཚབ།
 ནགས་ཚལ་ནི་ང་ཚོ་འཚོ་བར་གཅེས་པའི་སྙིང་ལྟ་བུ་ཞིག་ཡིན་མོད་ཀྱང་ད་དུང་ང་ཚོས་རང་ དོན་ཁོ་ནའི་འདོད་དོན་འགྲུབ་ཆེད་གཅོད་སྲེག་བྱ་གིན་ཡོད། དེ་ལྟར་ནགས་ཚལ་ཇི་ཙམ་གྱི་ཉུང་དུ་འགྲོ་བ་ནི་ང་ཚོའི་སྙིང་གི་འཕར་ལྡིང་ཇེ་དལ་ དུ་འགྲོ་བ་དང་གཉིས་སུ་མ་མཆིས།
ནགས་ཚལ་ནི་ང་ཚོའི་སྲོག་རླུང་གི་འབྱུང་ རྩ་ཡིན་ལ་ང་ཚོའི་ནད་མནར་ལས་གྲོལ་ཆེད་ཀྱི་བདུད་རྩིའང་ཡིན། དཔེ་མཚོན་ཙམ་ཞིག་བརྗོད་ན། ཇི་ཙམ་ནགས་ཚལ་རྩ་མེད་དུ་འགྱུར་བའི་རྒྱུ་རྐྱེན་ལས་ཆུའི་རྒྱུན་འཁོར་འཁྲུག་པ། ནམ་དུས་འཁྲུག་པ། དེ་བཞིན་ལོ་ལྟར་སེམས་ཅན་གྱི་རིགས་སྟོང་ཕྲག་ལྔ་བཅུ་ལྷག་ཙམ་རྩ་མེད་དུ་འགྲོ་ བཞིན་པ་རེད།
དེ་ལྟ་བུའི་དཀའ་ངལ་སེལ་ཆེད་ཀྱི་ཐབས་ལམ་འགའ་ཤིག་བཀོད་ན།
༡  ང་ཚོར་སྲོག་རླུང་འབྱིན་པའི་ཤིང་སྡོང་གཅོད་མཚམས་འཇོག་པ་དང་དགོས་པའི་དབང་གི་ གཅོད་དགོས་ཚེ་ད་གཟོད་དགོས་པ་ཆུང་བའི་ཤིང་སྡོང་དག་བཅད་ན་ཅུང་ཕན་རླབས་ཆེ།
༢  སྲོག་རླུང་འབྱིན་པའི་ཤིང་སྡོང་ལས་བསྐྲུན་པའི་དངོས་པོ་ཉོ་རྒྱུ་མཚམས་འཇོག་བྱ་དགོས།
༣  ང་ཚོས་ཇི་ཙམ་གྱི་ཤིང་སྡོང་བཅད་པ་ལས་དེ་ལས་ཀྱང་མང་བའི་ཤིང་སྡོང་འདེབས་འཛུགས་བྱ་དགོོས་སོ།
༣  འབག་གཙོག
  དུས་ རབས་བཅུ་བདུན་པའི་འགོ་ནས་བཟུང་ནུབ་ཕྱོགས་རྒྱལ་ཁབ་ཁག་ན་ཚན་རྩལ་རིག་པ་ཡར་ རྒྱས་བྱུང་བ་ལས་དེང་དུས་ཀྱི་བཟོ་གྲྭའི་དཔལ་ཡོན་དར་སྤེལ་ཤིན་ཏུ་ཆེ་བ་ཞིག་བྱུང་བ་རེད།
  དེའི་རྒྱུ་རྐྱེན་ལས་ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་བཟོ་ལས་ཀྱི་ གསར་བརྗེ་བྱུང་བ་དང་སྲོལ་རྒྱུན་གྱི་བཟོ་ལས་ལ་ཉམས་རྒུད་ཤིན་ཏུ་ཆེ་བ་བྱུང་ སྟེ་སྲོལ་རྒྱུན་གྱི་ཁྱད་ལས་པ་རྣམས་བེད་མེད་དུ་འགྱུར་བ་རེད། དེ་ལྟར་ནགས་ཚལ་ལ་སོགས་པའི་རང་འབྱུང་གི་ཐོན་རྫས་ཤིན་ཏུ་མང་པོ་ཞིག་བཟོ་གྲྭའི་ ཆེད་བེད་སྤྱད་པ་དང་འབྲེལ་བཟོ་གྲྭ་ལས་མི་མཁོ་བའི་དུ་བ་དང་རྡུལ་རྫས་ཀྱི་ སྙིགས་རོ་རྣམས་བར་སྣང་དང་ཆུའི་ནང་གཏོང་བས་ཆུ་ཁམས་དང་རླུང་ཁམས་ལ་གནོད་འཚབ་ ཤིན་ཏུ་ཆེ་བ་མ་ཟད་དེ་དག་ནང་འཚོ་བའི་སེམས་ཅན་གྱི་རིགས་མང་དག་ཞིག་ཀྱང་རྩ་མེད་ དུ་འགྲོ་བ་རེད།
  བཟོ་གྲྭ་ནས་དངོས་རྫས་གསར་བཟོ་དང་ལྷག་པར་རྫས་སྦྱོར་ གྱིས་མཚོན་ཆ་གསར་སྐྲུན་བྱ་བའི་ཚེ་རྫས་རིགས་འདྲ་མིན་གྱི་སྙིགས་རོ་རྣམས་ཆུའི་ ནང་དུ་དབྱུག་པས་ཆུའི་ནང་འཚོ་སྡོད་ཀྱི་རྩི་ཤིང་དང་སེམས་ཅན་གྱི་རིགས་མང་པོ་ ཞིག་རྩ་མེད་དུ་འགྲོ་བ་རེད། རྡུལ་ཕྲན་མང་དག་འདུས་པའི་རྫས་རིགས་ཀྱི་དུ་བ་དེ་ལས་རླུང་ཁམས་འབག་གཙོག་ཏུ་ འགྱུར་ཏེ་་ཁོར་ཡུག་ལ་ཤིན་ཏུ་གནོད་འཚབ་ཆེ་བའི་རྫས་སྦྱོར་གྱི་ཆར་བ་ལ་སོགས་ བྱུང་བ་རེད།
  དཔེར་ན། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཨ་རིས་འཇར་པན་གྱི་གྲོང་ཁྱེར་ཧི་རོ་ཤི་ མ་(heroshima)དང་ན་ཀ་ས་ཀི་(nakasaki)གཉིས་ན་རྡུལ་ཕྲན་མཚོན་ཆ་དབྱུག་པའི་ རྒྱུ་རྐྱེན་ལས་དུས་  ད་ལྟའང་སྟོན་ཐོག་མ་བྱུང་བ་དང་རྡུལ་རྫས་དེ་ལས་དབང་པོ་སྐྱོན་ཅན་གྱི་ཕྲུ་གུ་ སྐྱེ་བ་སོགས་ཀྱི་གནད་དོན་བྱུང་བཞིན་ཡོད།
དེ་ལྟ་བུའི་དཀའ་ངལ་སེལ་ཆེད་ཀྱི་ཐབས་ལམ་འགའ་ཤིག་བཀོད་ན།
༡ རང་འབྱུང་ཁམས་འབག་གཙོག་ཏུ་འགྱུར་བའི་འབྱུང་རྐྱེན་གཙོ་བོ་ནི་བཟོ་གྲྭ་ཡིན་པས་ང་ཚོས་བཟོ་གྲྭའི་ཐོན་ཁུངས་གང་ཉུང་ཉུང་བེད་སྤྱད་དགོས།
༢ རླུང་ཁམས་གཙང་བར་གནས་ཆེད་སྣུམ་འཁོར་བེད་སྤྱད་རྒྱུའི་ཚབ་ལ་རྐང་འཁོར་དང་ཉི་གློག་རླངས་འཁོར་སོགས་བེད་སྤྱོད་བྱ་དགོས།
༣ གལ་ཏེ་རང་ངོས་ནས་ཁོར་ཡུག་གཙང་བར་གནས་ཆེད་ལེགས་སྐྱེས་ཆེན་པོ་ཞིག་འབུལ་མ་ཐུབ་ ཀྱང་འབག་གཙོག་ཏུ་འགྱུར་བའི་གནས་ཤིག་མཐོང་ཚེ་ངེས་པར་དུ་ཁུལ་དེའི་འཕྲོད་ བསྟེན་ལས་ཁུངས་དང་རང་འབྱུང་ཁོར་ཡུག་སྲུང་སྐྱོབ་པ་སོགས་ལ་བརྡ་ལན་བྱ་དགོས།
༤    ས་ཞིང་རྨོ་འདེབས་བྱ་བའི་ཚེ་རྫས་ལུད་བེད་སྤྱོད་འདོར་ཏེ་ས་ཁམས་ལ་སྲུང་སྐྱོབ་བྱ་དགོས།
༤    སྲོག་འཛིན་རླུང།
  དེའང་ozone layerབྱ་བའི་ཐ་སྙད་དེ་སྲོག་འཛིན་རླུང་ལ་བསྒྱུར་ན་འགྲིག་མིན་མི་ཤེས།       འོན་ཏེ་རླུང་དེ་ནི་ང་ཚོའི་གོ་ལའི་རླུང་ཁམས་ཀྱི་ཁྲོད་གལ་གནད་ཤིན་ཏུ་ཆེ་བའི་ རིགས་ཤིག་ཡིན།       དེ་ནི་ང་ཚོས་རྒྱུན་དུ་ལོངས་སུ་སྤྱོད་བཞིན་པའི་ཉི་མའི་འོད་ཟེར་ནང་ultra violet raysཅེས་བྱ་བའི་གོ་ལར་གནོད་འཚབ་ཤིན་ཏུ་ཆེ་བའི་འོད་ཟེར་ཞིག་ཀྱང་འདུས་ ཡོད།       དེ་ལྟར་ན་སྲོག་འཛིན་རླུང་དེས་ང་ཚོར་མི་མཁོ་བའི་འོད་ཟེར་དེ་དག་ཐམས་ཅད་ལས་ སྲུང་བ་རེད།      གལ་ཏེ་འོད་ཟེར་དེ་ང་ཚོའི་གོ་ལར་ཕོག་ཚེ་ད་གཟོད་རྩི་ཤིང་སོགས་ཡོངས་སུ་སྐམ་པར་ འགྱུར་བ་དང་པགས་ནད་སོགས་བྱུང་ངོ། དེ་བཞིན་དེང་གི་ཆར་ཚན་རིག་པ་ཚོས་བཤད་ཚུལ་ལ་རས་གོས་འདྲ་བའི་སྲོག་འཛིན་རླུང་ དེ་ཨི་ཁུང་ཆུང་ཆུང་མང་དག་ཞིག་གི་ཟིན་ཏེ་ཆགས་འཇིག་གི་གནས་སུ་གྱར་ཡོད་ཟེར།
དེ་ལྟ་བུའི་དཀའ་ངལ་སེལ་ཆེད་ཀྱི་ཐབས་ལམ་འགའ་ཤིག་བཀོད་ན།
དེ་ བྱུང་བའི་རྒྱུ་རྐྱེན་ཉག་གཅིག་ནི་ང་ཚོས་བཟོ་གྲྭ་སོགས་ལས་བྱུང་བའི་རྫས་སྦྱོར་ གྱི་དུ་བ་ཡིན་པས་ང་ཚོས་ངེས་པར་དུ་བཟོ་གྲྭའི་ཐོན་ཁུངས་གང་ཉུང་ཉུང་བེད་སྤྱད་ དགོས།
༥ མི་འབོར་གྱི་དཀའ་ངལ།
  གོང་སྨོས་ཀྱི་དཀའ་ངལ་དེ་དག་གི་འབྱུང་རྩའི་དངོས་ནི། དེང་གི་ཆར་གོ་ལའི་སྟེང་གནས་ཡུལ་གཞི་རྒྱ་ཆུང་ཡང་མི་འབོར་ཤིིན་ཏུ་མང་བས་དེ་ དག་རེ་རེའི་འདོད་དོན་བཀོང་ཕྱིར་རང་འབྱུང་ཁམས་ཀྱི་ཁོར་ཡུག་གི་གནས་སྟངས་དེ་ ལྟ་བུ་ཞིག་ཏུ་འགྱུར་བ་རེད། དེ་ལྟར་ན་ང་ཚོས་དཀའ་ངལ་ཡོང་བའི་རྒྱུའི་གཙོ་བོ་སེལ་ཐུབ་ཚེ་ད་གཟོད་དེ་ལས་ བྱུང་བའི་འབྲས་བུ་ཐམས་ཅད་ཀྱང་འགོག་ནུས་པར་སེམས་ཏེ། དཔེར་ན། འདི་ལོར་ཚད་གཞལ་བྱས་པའི་འཛམ་གླིང་མི་འབོར་ནི་དུང་ཕྱུར་བདུན་བཅུའི་ཡས་མས་ རེད།  དེ་བཞིན་ཉིན་རེའི་མི་འབོར་འཕེལ་རིམ་ལ་གཞིགས་ན།       ཉིན་གཅིག་ནང་འཛམ་གླིང་མི་འབོར་འབུམ་གཉིས་དང་སྟོང་ཕྲག་དྲུག་བཅུ་ཡས་མས་ཡིན་ པར་འདུག
དེ་ལྟ་བུའི་དཀའ་ངལ་སེལ་ཆེད་ཀྱི་ཐབས་ལམ་འགའ་ཤིག་བཀོད་ན།
༡     ཡང་དག་པའི་ཐབས་ལམ་གཅིག་པུ་ནི་འཛམ་གླིང་མི་མང་ལ་ཤེས་རིག་གི་གོ་རྟོགས་སྤེལ་ སྟེ།  ཁོར་ཡུག་དེ་ཇི་ཙམ་གལ་གནད་ཆེ་ཚུལ་དེ་མི་བུ་མི་རེ་ངོ་རེས་ཚོར་ཐུབ་པ་བྱེད་ དགོས།
༢ དེ་བཞིན་གྲོང་གསེབ་ཁུལ་དུ་ཆེས་དཀའ་ངལ་འཕྲད་བཞིན་པ་ནི་ཤེས་རིག་གི་གོ་རྟོགས་ དབེན་པས་ཁོང་ཚོས་དུན་ཡུན་ཐུང་ངུའི་བདེ་བ་ཁོ་ནར་སེམས་ཏེ་ཕྲུ་གུ་མང་པོ་སྐྱེ་ སྲིང་བྱ་བ་དེ་རེད།  དེ་དག་ལ་རྒྱལ་ཁབ་སོ་སོ་དང་ཚོགས་པ་སོ་སོས་འགན་བླངས་ཏེ་ཕྲུ་གུ་སྐྱེ་འགོག་དང་ ནད་རིགས་དུ་མ་ཞིག་ལས་གྲོལ་ཆེད་རིན་མེད་ཀྱི་འགྱིག་ཤུབས་སོགས་འབྱིན་དགོས། མདོར་ན། རང་འབྱུང་ཁམས་ཀྱི་ཁོར་ཡུག་དེ་སྲུང་སྐྱོབ་ཡོང་བ་ནི་གོ་ལའི་སྟེང་འཚོ་སྡོད་ བྱེད་མཁན་གྱི་མི་བུ་རེ་རེའི་འགན་འཁྲི་ཡིན། ནམ་ཞིག་མི་བུ་དེ་དག་གི་བསམ་པའི་ངོར་ཤེས་རིག་གི་ནུས་སྟོབས་རྒྱས་ཏེ་ཁོར་ཡུག་ དེ་ཇི་ཙམ་གྱི་གལ་གནད་དུ་མཐོང་ཚེ་ད་གཟོད་རང་བཞིན་གྱི་གོ་ལའི་ཁོར་ཡུག་དེ་ གསོན་ཉམས་ལྡན་པ་ཞིག་ཏུ་ཡོང་ངེས་རེད།།
དགེ་ལེགས་སུ་གྱུར་ཅིག།
གངས་དབང་གིས་པར་བླངས།
  • ལེ་ཚན་སྔོན་མ།:དབྱར་རྩྭ་རྐོ་སྒྲུབ་བྱེད་སྐབས་དོ་སྣང་བྱེད་དགོས་པ་འགའ།
  • ལེ་ཚན་རྗེས་མ།:ཤིང་འཛུགས་སྐོར་གྱི་ལོ་རྒྱུས་འགའ།