གཏེར་སྒྲུང་མཁན་པོ་ཉི་མ་རང་ཤར།

མཚོ་བྱུང་བཞད་པ་རྡོ་རྗེ།        2012-10-09

དེ་ཡང་གྲགས་དཀར་གྱི་སྙན་པ་མདོ་ཁམས་བསིལ་ལྡན་སྒེག་མོའི་མཐའ་དབུས་ཀུན་ལ་མངོན་པར་བསྒྲེངས་ཤིང་ཕུལ་བའི་གཏེར་སྒྲུང་མཁན་པོ་ཉི་མ་རང་ཤར་ནི་བོད་རང་བྱུང་བཅོ་ལྔ་བའི་མེ་བྱི་ཡི་སྤྱི་ལོ་༡༩༡༢་ལོར་ཟླ་ཐ་མར་འབྲོག་ཁྱིམ་ཕལ་བ་ཞིག་ཏུ་སྐུ་འཁྲུངས།མོན་དུང་སྐྱོང་སྟག་ལྷ་ཁྲི་དཀར་གྱི་རྣམ་སྤྲུལ་དགོང་ལོ་ཆུང་དུས་ནས་དགེ་རྩེ་གྲ་ལེགས་དགོན་དུ་གྲྭ་སར་བསྡད་ནས།ཡི་གེའི་ཕྱི་མོ་ནས་སྔོན་འགྲོ་ཆོས་བཅུ་སོགས་ལ་གོ་རིམ་ལྟར་གྱི་ཐོས་བརྩོན་སློབ་གཉེར་ཇི་བཞིན་མཛད་དེ་མཁས་པར་གྱུར།རྗེས་སུ་གསང་སྔགས་བསྟན་པའི་རྒྱལ་མཚན་སྲིད་པ་གསུམ་གྱི་བླ་རུ་བསྒྲེངས་པའི་སྐྱབས་རྗེ་བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱི་ཞབས་པད་སྤྱི་གཙུག་ཏུ་བསྐུར་ནས་སྨིན་གྲོལ་གྱི་གདམ་པ་ཅི་རིགས་གསན་ནས་སྔོན་གྱི་རྨི་ལམ་བཟང་པོ་དང་ཟབ་མོ་གཏེར་གྱི་ལས་འཕྲོ་སད།ཉིན་ཞིག་བླ་མས་དེ་རིང་ཁྱོད་ཀྱིས་གེ་སར་རྒྱལ་པོའི་སྒྲུང་ཅིག་ཕབ་དགོས་བཀའ་བསྩལ་ཅིང་སྣག་སྨྱུག་དང་ཤོག་བུ་སྦྱིན་ཏེ། བཙན་ཐབས་ཀྱི་རྟ་ཕོ་ལྕག་གིས་བསྐུལ་བ་དང་གཏེར་སྒྲུང་རིག་པའི་བློ་སྒོ་བཙན་གྱིས་ཕྱེས་པར་འབྲེལ།མོན་དུང་སྐྱོང་སྟག་ལྷ་ཁྲི་དཀར་གྱི་སྤྲུལ་བའི་རྣམ་རོལ་གཏེར་སྒྲུང་མཁན་པོ་ཉི་མ་རང་ཤར་གྱི་རང་བློ་མེ་ལོང་ངོས་སུ་སྔར་གནས་རྗེས་དྲན་གྱི་མཛད་པ་རླབས་པོ་ཆེན་འཛད་མེད་གཏེར་སྒྲུང་ནོར་བུའི་བང་མཛོད་ཀྱི་སྒོ་འཕར་ཐོག་མར་ཕྱིས་ཡོད་པ་རེད།དེ
ར་བརྟེན་ཁོང་གིས་རྩ་བའི་བླ་མའི་བཀའ་ལྟར།བླ་མའི་སྐུ་མདུན་ནས་མོན་གླིང་གཡུལ་འགྱེད་དང་ཏ་ཟིག་ནོར་བའི་གཡང་མཛོད་སོགས་ཀྱི་གཏེར་སྒྲུང་ཕབ་མྱོང་ཡོད་པ་རེད། བླ་མས་ཁྱོད་ནི་གླིང་རྗེ་གེ་སར་རྒྱལ་པོ་སྒྲུང་གཏེར་དུ་འབབ་པའི་གཏེར་སྟོན་ཡིན་ཕྱིར་ཕྱིས་སུ་སྒྲུང་གང་མང་ཕབ་ན་བསྟན་འགྲོའི་དོན་རྒྱ་ཆེར་ཡོད་ཅེས་གསུངས་མྱོང་བ་རེད།
  གཏེར་སྒྲུང་མཁན་པོ་ཉི་མ་རང་ཤར་གསེར་བའི་ཉི་འབུམ་དར་ཡག་གི་ཕ་ས་མ་ཡུལ་དབལ་ཤུལ་གསེར་ལྗོངས་ཕྱུག་མོར་བཞུགས་སྐབས་གཏེར་དུ་བཞེས་པའི་༼གླིང་སྒྲུང༽སྐོར་ཤིན་ཏུ་མང་ཡང་མཚོན་པ་ཙམ་བཀོད་ན་༼མོན་གླིང་གཡུལ་འགྱེད༽དང་༼ཏ་ཟིག་ནོར་བུའི་གཡང་མཛོད༽སོགས་གཙོ་བོ་ཡིན་པའི་༼གངས་དཀར་ཤེལ་རྫོང་༽དང་༼རི་གེ་དངུལ་རྫོང་༽༼ལྕགས་མོའི་འབྲུ་རྫོང་༽༼ཨ་སྲུ་ཁྲབ་རྫོང་༽༼འཛམ་གླིང་གསེར་རྫོང་༽སོགས་གཏེར་སྒྲུང་མང་པོ་ཕབ་ཡོད། སྒྲུང་ཡིག་བྲིས་མ་འགའ་རེ་དེང་སང་ཡང་དམངས་ཁྲོད་དུ་མཐོང་རྒྱུ་ཡོད། ཁོང་གི་གཏེར་སྒྲུང་ལ་བརྗོད་བྱའི་གོ་རིམ་འོས་ཤིང་འཚམ་པ་དང་རྗོད་བྱེད་ཚིག་སྙན་ཞིང་འཇེབས་པའི་ཁྱད་ཆོས་ལྡན་པ་རེད།གཏེར་སྒྲུང་མཁན་པོ་ཉི་མ་རང་ཤར་ནི་ཕུལ་དུ་བྱུང་ཞིང་མིང་དོན་མཚུངས་པའི་གཏེར་སྟོན་ཆེན་པོ་ཞིག་ཏུ་ངེས་སོ། །
  • ལེ་ཚན་སྔོན་མ།:བོད་ཀྱི་བཙུན་མ་གླིང་སྒྲུང་བ་མདོ་ཟླ་གསལ་དབང་མོ།
  • ལེ་ཚན་རྗེས་མ།:སྒྲུང་གཏེར་ཨོ་རྒྱན་བསྟན་འཛིན་གྲགས་པ་ངོ་སྤྲོད་མདོར་བསྡུས།