མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་དུ་བོད་སྨན་ཚན་ཁག་དངོས་སུ་བཙུགས་པ།

        2010-08-26

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་ནད་བརྟག་སྨན་བཅོས་ཀྱི་སྟོབས་ཤུགས་ཇེ་ཆེར་སོང་བ་དང་བསྟུན་ནས་སྨན་ཁང་ལ་ཡོང་བའི་གྲངས་ཉུང་མི་རིགས་ཀྱི་ནད་པ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། ཡིན་ནའང་ནད་པ་མང་ཆེ་བ་རོང་འབྲོག་ས་ཁུལ་ནས་ཡོང་བ་ཡིན་པས་རྒྱ་ཡིག་རྒྱ་སྐད་མི་ཤེས་པར་བརྟེན་ནད་བརྟག་སྨན་བཅོས་བྱེད་སྐབས་དཀའ་ཁག་མང་ པོ་ཞིག་ལ་འཕྲད་བཞིན་ཡོད། དེ་བས་ཡོན་ཀྲང་ཀྲང་ཅན་ཆིན་གཙོ་བྱས་པའི་སྨན་ཁང་གི་མགོ་ཁྲིད་རིམ་པས་ནད་པའི་དགོས་མཁོ་གཙོར་འཛིན་པའི་ཞབས་ཞུའི་དམིགས་ཡུལ་དང་བསྟུན་ཏེ་ཕྱོགས་དུ་མ་ནས་འབད་བརྩོན་བྱས་ཤིང་། ཞིང་ཆེན་འཕྲོད་བསྟེན་ཐིན་གྱིས་རྒྱབ་སྐྱོར་བྱས་འོག༢༠༠༩ལོའི་ཟླ་༡༡པའི་ཚེས་༡ཉིན་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་དུ་བོད་སྨན་ཚན་ཁག་དངོས་སུ་བཙུགས་ནས་ནད་བརྟག་སྨན་བཅོས་བྱེད་མགོ་བརྩམས།

 ཚན་ཁག་འདི་རུ་བོད་ལུགས་གསོ་རིག་གི་ཆེད་མཁས་སྨན་པ་གྲགས་ཅན་ལྷ་ཆེན་ཚེ་རིང་ལགས་གཙོ་བྱས་ཏེ་སྨན་པ་རབ་འབྱམས་པ་ཤ་བོ་འབྲུག་མོ་དང་ཚེ་རིང་སྒྲོལ་མ་སོགས་ཀྱིས་རྒྱ་ཆེའི་ནད་པ་རྣམས་ལ་བོད་སྨན་གཙོ་བོར་བཟུང་སྟེ་ཀླད་སྙིང་ཁྲག་རྩའི་ནད་དང་མཆིན་མཁྲིས་ཀྱི་ནད། ཕོ་བའི་ནད། བྱིས་པའི་ནད། རྩ་དཀར་གྱི་ནད། རུས་ཚིགས་ཀྱི་ནད། པགས་ནད། མོ་ནད། གཅིན་སྙི་ཟ་ཁུའི་ནད་སོགས་ནད་རིགས་སྣ་ཚོགས་ལ་སྔོན་ཐོན་སྒྲིག་ཆས་ཀྱིས་བརྟག་དཔྱད་དང་ཟུང་དུ་སྦྲེལ་ནས། བོད་སྨན་གྱི་སྣ་ཁ་མང་ལ་བོད་ཀྱི་སྲོལ་རྒྱུན་གསོ་ཐབས་ལག་ལེན་གྱི་ཁྱད་ཆོས་ལྡན་པའི་གཏར་ག་དང་རྭ་འཇིབས། མེ་བཙའ་སོགས་བཀོལ་ནས་ནད་པའི་དགོས་མཁོ་ལྟར་ནད་བརྟག་སྨན་བཅོས་བྱེད་བཞིན་ཡོད་།

 བོད་སྨན་སྒོ་བསྟེན་ཁང་འདིས་ནད་བརྟག་སྨན་བཅོས་བྱེད་པའི་དུས་ཚོད་ནི་གཟའ་འཁོར་རེའི་གཟའ་ཟླ་བ་ནས་གཟའ་པ་སངས་ཉིན་བར་གྱི་སྔ་དྲོའི་དུས་ཚོད་བརྒྱད་ནས་དུས་ཚོད་བཅུ་གཉིས་བར་དང་། ཕྱི་དྲོའི་དུས་ཚོད་གཉིས་དང་ཕྱེད་ཀ་ནས་དྲུག་གི་བར་ཡིན་པས། རྒྱ་ཆེའི་ནད་པ་རྣམས་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་བོད་སྨན་སྒོ་བསྟེན་ཁང་དུ་ནད་བརྟག་སྨན་བཅོས་བྱེད་པར་ཕེབས་དང་། ཁོ་ཚོའི་རྣམ་དག་གི་ཞབས་ཕྱིའི་རྣམ་འགྱུར་དང་ནད་བརྟག་སྨན་བཅོས་ཀྱི་ཕུལ་བྱུང་ལག་རྩལ། ད་དུང་ནད་པར་མ་ལྟར་བྱམས་པའི་བྱ་སྤྱོད་ཀྱིས་ཉམས་ཐག་ནད་པ་རྣམས་ན་བའི་སྡུག་བསྔལ་ལས་སེལ་དང་སེལ་བཞིན་ཡོད།

  • ལེ་ཚན་སྔོན་མ།:མཚོ་ལྷོ་ཁུལ་བོད་སྨན་ཁང་ངོ་སྤྲོད་མདོར་བསྡུས།
  • ལེ་ཚན་རྗེས་མ།:མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་སྤྱིའི་གནས་ཚུལ།