འཁོར་སྐྱོད་བྱེད་པའི་མི་རྣམས་ཀྱིས་གློ་གཅོང་ནད་ཇི་ལྟར་སྔོན་འགོག་བྱེད་དགོས།(1)

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།        2010-08-26

བཅོས་སྒྱུར་སྒོ་འབྱེད་ཀྱི་སྲིད་ཇུས་བཟང་བོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས། འཁོར་བསྐྱོད་བྱེད་པའི་མི་ཧ་ཅང་མང་པོ་ཞིག་མཁར་གྲོང་དུ་འདུ་རུབ་བྱེད་ཀྱིན་ཡོད་པས། མཁར་གྲོང་གི་འཁོར་བསྐྱོད་བྱེད་པའི་མི་རྣམས་ཀྱི་གློ་གཅོང་ནད་འགོག་བཅོས་བྱེད་པའི་བྱ་བ་སྤེལ་རྒྱུ་དེ་ཧ་ཅང་གལ་ཆེ་ཞིང་། དེ་སྣང་མེད་དུ་ཅུང་ཙམ་བཞག་ན་ཡང་ས་ཁུལ་རང་གི་གློ་གཅོང་ནད་སླར་ཡང་འབྱུང་སྲིད། འཁོར་སྐྱོད་བྱེད་པའི་མི་མང་ཆེ་བ་ནི་དཔལ་འབྱོར་འཕེལ་རྒྱས་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པའི་ས་ཁུལ་དང་ཞིང་སྡེ་ནས་ཡོང་བ་ཡིན་ཞིང་། དེའི་ནང་གི་མི་སྐོར་ཞིག་ལ་མ་གཞི་ནས་གློ་གཅོང་ནད་ཡོད་པ་དང་། ཁོ་ཚོ་མཁར་གྲོང་དུ་ཡོང་རྗེས། འཚོ་བ་བརྟན་འཇགས་མིན་པ་དང་སྡོད་གནས་འཚང་ཁ་ཆེ་བ་དེ་གློ་གཅོང་ནད་འགོས་མཆེད་འབྱུང་དུ་འཇུག་པའི་ཉེ་ཁ་ཆེ་བའི་མི་ཚོགས་སུ་གྱུར་བ་རེད། ཁོ་ཚོའི་ཁྲོད་ཀྱི་མི་ཁ་ཤས་ལ་ནད་བྱུང་རྗེས་ནད་གཞི་ཅུང་ཚབས་ཆེ་སྐབས་སུ་མ་གཏོགས་སྨན་པར་མི་སྟོན་པ་དང་། ནད་ཀྱི་འགོ་ཁུངས་དུས་ཐོག་ཏུ་མ་ཤེས་པས། ཡང་བསྐྱར་ནད་འགོས་མཆེད་འབྱུང་དུ་འཇུག་བཞིན་ཡོད། དེར་བརྟེན། འཁོར་སྐྱོད་བྱེད་པའི་མི་རྣམས་ཀྱི་གློ་གཅོང་ནད་འགོག་བཅོས་བྱ་བ་སྤེལ་བར་དོན་སྙིང་ཟབ་མོ་ཡོད།
    ཅི་ཞིག་ལ་གློ་གཅོང་ནད་ཟེར།

    གློ་གཅོང་ནད་ནི་འདུས་འདྲིལ་དབྱིག་དབྱིབས་འབུ་ཕྲ་མིའི་ལུས་ཐོག་ཏུ་ཞུགས་ནས་བྱུང་བའི་དལ་བའི་རང་བཞིན་གྱི་འགོ་ནད་ཅིག་ཡིན་ལ། གཙོ་བོ་གློ་བར་གནོད་པ་ཚབས་ཆེན་བཟོ་བའི་ནད་ཅིག་ཡིན། གཅོང་ནད་འབུ་ཕྲ་དེས་དོན་སྣོད་གང་ཞིག་ལ་གནོད་པ་བཟོས་ཚེ་དོན་སྣོད་དེའི་གཅོང་ནད་ཟེར་བ་དང་། དཔེར་ན་ཀླད་སྐྱིར་གནོད་པ་བཟོས་ན་ཀླད་སྐྱིའི་གཅོང་ནད་དང་། རུས་པར་གནོད་པ་བཟོས་ན་རུས་པའི་གཅོང་ནད་ཟེར་བ་ལྟ་བུ་རེད། གློ་གཅོང་ནད་ཀྱིས་གཅོང་ནད་སྣ་ཚོགས་ཀྱི་བརྒྱ་ཆའི་བརྒྱད་ཅུ་ཟིན་ཡོད།

    གློ་གཅོང་ནད་དེ་ཅི་ལྟར་འགོ་བ་ཡིན།

    གློ་གཅོང་ནད་ནི་དབུགས་ལམ་གྱི་འགོས་ནད་ཅིག་ཡིན་པ་དང་། གློ་གཅོང་ནད་པ་ཚང་མར་འགོ་བའི་རང་བཞིན་ལྡན་པ་ཡིན། ཡིན་ན་ཡང་གློ་གཅོང་ནད་པ་རེ་རེའི་འགོ་བའི་རང་བཞིན་གྱི་ཚབས་ཆེ་ཆུང་དེ་མི་འདྲ་བ་ཡིན། ཞིབ་འཇུག་ལས་བདེན་དཔང་བྱུང་བ་ལྟར་ན་ལུད་པར་ཞིབ་བཤེར་བྱས་ཏེ་ལུད་པའི་ནང་འབུ་ཕྲ་ཡོད་པའི་གློ་གཅོང་ནད་པ་དང་འབྲེལ་འདྲིས་བྱུང་མཁན་ལ་འགོ་བའི་ཉེན་ཁ་ཧ་ཅང་ཆེ་བ་དང་། ལུད་པར་ཞིབ་བཤེར་བྱས་ནས་ལུད་པའི་ནང་གློ་གཅོང་འབུ་ཕྲ་མེད་པའི་གློ་གཅོང་ནད་པ་དང་འབྲེལ་འདྲིས་བྱུང་མཁན་ལ་འགོ་བའི་རང་བཞིན་ཧ་ཅང་ཆུང་བ་ཡིན། ལུད་པར་ཞིབ་བཤེར་བྱས་ནས་ལུད་པའི་ནང་འབུ་ཕྲ་ཡོད་པའི་གློ་གཅོང་ནད་པ་ནི་གློ་གཅོང་ནད་ཀྱི་འགོ་ལམ་གཙོ་བོ་ཡིན་ལ། གློ་གཅོང་ནད་འགོག་བཅོས་བྱ་བ་སྤེལ་ཡུལ་གཙོ་བོ་ཡང་ཡིན། གློ་གཅོང་ནད་དེ་གཙོ་བོ་གློ་གཅོང་ནད་པས་ལུ་བ་དང་སྣ་སྦྲིད་རྒྱག་པ། ཤུགས་ཆེན་པོས་སྐད་ཆ་བཤད་པ་བཅས་ཀྱི་གློ་བ་དང་གློ་སྦུག་ཕྲ་མོའི་ནང་གི་འདུས་འདྲིལ་དབྱིག་དབྱིབས་འབུ་ཕྲ་ཡོད་པའི་མཆིལ་མ་མཁའ་དབུགས་ནང་གཏོར་བ་དེ། བདེ་ཐང་ཅན་གྱི་མིས་འབྱིན་རྔུབ་བྱས་པ་ལས་ཕན་ཚུན་ལ་འགོས་བ་རེད། གཞན་ད་རུང་འཇུ་ལམ་དང་རྨ་ཁ་ལས་ཀྱང་ནད་དེ་འགོ་སྲིད། གལ་ཏེ་ཕ་མ་སོགས་ལ་གཅོང་ནད་ཡོད་ཚེ། ཁོ་ཚོར་འབྲེལ་འདྲིས་དམ་པོ་ཡོད་པའི་བྱིས་པར་གློ་གཅོང་ནད་འགོ་སླ་བ་ཡིན། མཁའ་དབུགས་རྒྱུ་མི་ཐུབ་པའི་ཁོར་ཡུག་དང་ཁྱད་པར་དུ་ཐུན་མོང་གི་འཚོ་བ་དང་སྡོད་གནས་འཚང་ཁ་ཆེ་བའི་མི་ཚོགས་ཀྱི་ཁྲོད་དུ། གལ་ཏེ་མི་ཞིག་ལ་གློ་གཅོང་ནད་བྱུང་ཚེ། རྒྱུན་པར་གློ་གཅོང་ནད་འགོ་བ་དང་མཆེད་དུ་འཇུག་སྲིད།

  • ལེ་ཚན་སྔོན་མ།: དཔྱིད་ཀའི་རྒྱུན་མཐོང་ནད་རིགས་དང་དེ་སྔོན་འགོག་བྱེད་ཐབས།
  • ལེ་ཚན་རྗེས་མ།:མཁྲིས་པའི་རྡོ་སྐྲན་གྱི་སྔོན་འགོག
  • དོ་སྣང་ཆེ་བའི་རྩོམ།