ལོ་ངོ་བཅུ་གཉིས་ཀྱི་རྗེས་སུ་མངའ་རིས་གུ་གེའི་རྗེས་ཤུལ་ལ་ཡང་བསྐྱར་བཅར་འདྲི་བྱས་པ།

ཁྲེང་ཝེ་ཏུང་གིས་བྲིས། བུ་བཞི་ཟླ་བས་བསྒྱུར།        2012-02-01

ལོ་ངོ་བཅུ་གཉིས་སྔོན་གྱི་ཟླ་དགུ་པར།ཕྲན་ཐེངས་དང་པོར་ནུབ་ཕྱོགས་མངའ་རིས་སུ་བསྐྱོད་པའི་གནས་ཚུལ་ཚེ་གང་བོར་བརྗེད་ཐབས་བྲལ།སྐབས་དེ་དུས་མངའ་རིས་ཀྱི་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་མིན་པས།རླངས་འཁོར་སྒུག་པ་དང་བཅར་འདྲི་བྱས་པར་ཁྱོན་བསྡོམས་ཉིན་༧༠ལྷག་འགོར་སོང་།ཕྲན་གྱིས་སེང་གེ་ཁ་འབབ་ཏུ་ཁུང་ཧྥན་སེན་ལགས་ཀྱི་ཞབས་རྗེས་བཙལ་བ་དང་།རུ་ཐོག་ཏུ་འོང་བའི་སྤང་གོང་མཚོ་དང་དེའི་བྱ་བྱེའུ་གླིང་དུ་དངོས་སུ་བཅར་བ།སྤུ་ཧྲེང་དུ་ལོ་ངོ་བརྒྱ་ཕྲག་དུ་མའི་ལོ་རྒྱུས་མངའ་བའི་སྤུ་ཧྲེང་མཐའ་མཚམས་ཀྱི་རྒྱལ་སྤྱིའི་ཚོང་ར་དངོས་སུ་མཐོང་བ།གངས་ཏི་སེ་རུ་དད་ལྡན་མང་ཚོགས་དང་ལྷན་དུ་ཉིན་གསུམ་རིང་གངས་རིན་པོ་ཆེར་བསྐོར་བ།རྩ་མདའ་རུ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གུ་གེ་རྒྱལ་རབས་ཀྱི་རྗེས་ཤུལ་དུ་སྒོ་སྲུང་མཁན་དང་ལྷན་དུ་ཉིན་བཞིར་འཚོ་བ་རོལ།བོད་ལྗོངས་ནི་འཛམ་གླིང་གི་ཡང་རྩེར་གྲགས་པ་དང་།མངའ་རིས་ནི་ཡང་རྩེའི་ཡང་རྩེ་རུ་གྲགས་ཡོད།སྐབས་དེ་ནུབ་ཕྱོགས་མངའ་རིས་སུ་བསྐྱོད་པ་ནི་ད་ལྟའི་བར་བདག་མཚོ་བོད་མཐོ་སྒང་དུ་ཐེངས་བཅུ་ཕྲག་དུ་མ་བསྐྱོད་པའི་ཁྲོད་དུ་བརྗེད་ཐབས་བྲལ་བའི་མི་ཚེའི་མྱོང་ཚོར་ཞིག་ཏུ་གྱུར་ཡོད།ལོ་ངོ་༡༢འདས་པའི་རྗེས་ཀྲུང་གོའི་མཚོ་བོད་མཐོ་སྒང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཐུན་ཚོགས་སོགས་ལས་ཁུངས་ཀྱིས་ཐུན་མོང་ཐོག་སྤེལ་བའི་འཛམ་གླིང་ཡང་རྩེར་མྱུལ་དཔྱད་བྱེད་པར་སྐྱོད་ཅེས་པིའ་བྱེད་སྒོ་དངོས་སུ་སྤེལ་རེད།སྔར་གནས་མྱོང་སར་བསྐྱར་དུ་འགྲོ་བའི་གོ་སྐབས་ཐོབ་པའི་རྐྱེན་གྱིས་ཡིན་ནམ་ཡང་ན་བོད་ཁུལ་དུ་བཅར་འདྲི་དུས་རྟག་ཏུ་འགྲོ་བའི་རྒྱུ་རྐྱེན་ཡིན་པ་རྟོགས་དཀའ་ཡང་།གང་ལྟར་ཐེངས་འདིར་བདག་གི་ཡིད་སེམས་དགའ་སྤྲོ་འབུམ་གྱིས་བརྟས་སོང་།
གུ་གེ་རྒྱལ་རབས་ཀྱི་གསང་བ།
གུ་གེའི་རྒྱལ་རབས་ཀྱི་རྗེས་ཤུལ་ནི་རྩ་མདའ་རྫོང་མཁར་དང་བར་ཐག་སྤྱི་ལེ18མ་གཏོགས་མེད་རུང་།རྫོང་འདིའི་འགྲིམ་འགྲུལ་སྟབས་བདེ་མེད་པས་རླངས་འཁོར་གླས་ནས་ཕྱིན། ས་ཁུལ་དུ་རླངས་འཁོར་སྒུག་ཆོག་རུང་རླངས་འའཁོར་ཧ་ཅང་དཀའ། གུ་གེའི་རྒྱལ་ཁབ་ཀྱི་རྗེས་ཤུལ་ནི་རྩ་ཧྲེང་གོང་ཚོར་སླེབས་རྗེས་དུ་དུང་སྤྱི་ལེ་གཅིག་གི་ལམ་ཐག་ཡོད།མངའ་རིས་སུ་ཁུལ་ནི་རྒྱལ་ཁབ་ཀྱི་མཐའ་མཚམས་སུ་ཡོད་པས།མངའ་རིས་ཀྱི་རྫོང་སོ་སོར་བསྐྱོད་པར་ངེས་པར་དུ་མཐའ་མཚམས་སུ་བསྐྱོད་པའི་ལམ་ཡིག་ལེན་དགོས།
   ལོ་ངོ་སྟོང་ལྷག་གི་ཡར་སྔོན་དུ་ཡུལ་འདི་ནི་མི་འབོར་འབུམ་ཕྲག་ལྷག་མངའ་བའི་རྒྱལ་ཁབ་སྟོབས་ལྡན་ཞིག་ཡིན། ལོ་རྒྱུས་ཡིག་ཆ་ཐོར་བུ་དང་གཏམ་རྒྱུད་དག་ཏུ།གནའ་བོའི་རྒྱལ་ཁབ་འདི་ཇི་ལྟར་ཆགས་པའི་བརྒྱུད་རིམ་བཀོད་པ་ཡོད་ཀྱང་། རྒྱལ་ཁབ་འདི་ཇི་ལྟར་འཇིག་པ་བཀོད་མེད།གནའ་བོའི་ཞང་ཞུང་རྒྱལ་ཁབ་འདི་དར་རྒྱས་ལོ་ངོ་བརྒྱ་ཕྲག་ཁ་ཤས་བྱུང་བའི་རྗེས་སུ་ཡང་སྙིང་ཇི་ལྟར་གློ་བུར་དུ་མེད་པར་གྱུར་པ་དུས་རབས་རིམ་བྱུང་གི་དམངས་ཁྲོད་དུ་བཤད་ཚུལ་སྣ་མང་ཡོད་རུང་། དུས་ད་ལྟའི་བར་ཀུན་གྱིས་ཁས་བླངས་པའི་གཅིག་མཐུན་གྱི་སྡོམ་ཚིག་ཅིག་མེད།གུ་གེ་རྒྱལ་རབས་ནི་དུས་རབས་བཅུ་པའི་སྔོན་རྗེས་སུ་བོད་བཙན་པོའི་རྒྱལ་རབས་དུས་མཇུག་གི་བཙན་པོ་གླང་དར་མའི་ཡང་ཚ་སྐྱིད་ལྡེ་ཉི་མ་མགོན་གྱིས་གཉེན་ཉེ་དང་ཞབས་འབྲིང་ཁྲིད་དེ་མངའ་རིས་སུ་བྲོས་ཡོང་སྟེ་བཙུགས་པ་རེད།དུས་རབས་བཅུ་པའི་དུས་སྐེད་ནས་དུས་རབས་བཅུ་བདུན་པའི་དུས་འགོའི་བར་གྱི་ལོ་ངོ་700ལྷག་གི་འོད་སྟོང་འབར་བའི་ལོ་རྒྱུས་མངའ་བའི་གུ་གེ་རྒྱལ་རབས་གློ་བུར་དུ་མེད་པར་གྱུར་པ་ནི་དུས་ད་ལྟའི་བར་དུའང་རྟོགས་དཀའ་བའི་གསང་བ་ཞིག་རེད།བཤད་རྒྱུན་དུ་༡༦༣༠ལོར་གུ་གེ་རྒྱལ་རབས་དང་དུས་རབས་གཅིག་པ་ཡིན་པའི་ནུབ་རྒྱུད་ཀྱི་ཁྱིམ་མཚེས་མི་རིགས་ལ་དྭགས་པས་བཙན་འཛུལ་གྱི་དམག་འཁྲུག་བསླངས་ཏེ་གུ་གེ་རྒྱལ་རབས་རྩ་མེད་དུ་བཟོས་པར་གྲགས།ཡིན་ནའང་གནའ་རྫས་རྟོག་ཞིབ་པ་ཚོས་རྟོགས་དཀའ་བ་ཞིག་ལ། ལོ་རྒྱུས་སུ་བཀོད་པ་ལྟར་ན། དམག་འཁྲུག་གི་དམར་བསོད་དང་འཕྲོག་བཅོམ་ཙམ་གྱིས་གུ་གེའི་ཤེས་རིག་རྩ་བརླག་ཏུ་གཏོང་མི་སྲིད།དོན་དངོས་སུ་ཐལ་རླུང་འཇགས་ནས་གནམ་དྭངས་རྗེས་གུ་གེ་རྒྱལ་རབས་རིམ་བཞིན་མཁར་ཤུལ་ཆེན་པོ་ཞིག་ཏུ་ལུས།ལོ་རྒྱུས་སུ་བཀོད་པ་ལའང་ནོར་འཁྲུལ་ཡོད་སྲིད་ཅིང་།དམག་འཁྲུག་ལས་བྱུང་བ་ཡིན་བཤད་ཚུལ་དེ་རྒྱུ་རྐྱེན་གཙོ་བོ་ཡིན་སྲིད་མོད།འོན་ཀྱང་རྩ་མའི་ས་བབ་གནས་ཚུལ་ལ་བལྟས་ན།ད་ལྟའི་སེང་གེ་ཁ་འབབ་ནི་སྐབས་དེ་དུས་ཀྱི་སེང་གེ་ཁ་འབབ་གཏན་ནས་མིན་པ་དང་།བྱེ་ཐང་དུ་གྱུར་ཚུལ་ཧ་ཅང་ཚབས་ཆེ་བས།དེ་སྔར་མི་གྲངས་འབུམ་ཕྲག་ལྷག་འཚོ་གནས་བྱེད་སའི་སྔོ་ལྗོངས་ཆེན་པོ་ཞིག་འདི་ད་ལྟ་ཧ་ལམ་བྱེ་ཐང་དུ་གྱུར་ནས་ཡིད་སེམས་སྐྱོ་བའི་མྱ་ངམ་ཐང་ཞིག་ལས་མ་འདས།ཕལ་ཆེར་ས་བབ་འགྱུར་ལྡོག་བྱུང་བ་དེ་ནི་གུ་གེ་རྒྱལ་རབས་རྩ་མེད་དུ་གྱུར་བའི་རྒྱུ་རྐྱེན་དངོས་ཡིན་སྲིད། །ལོ་རྒྱུས་ཐོག་ཆེས་ཐོག་མར་གུ་གེ་རྒྱལ་རབས་ཀྱི་རྗེས་ཤུལ་ལ་རྟོག་ཞིབ་བྱེད་མཁན་ནི་དབྱིན་ཇི་བ་མའེ་ཁེ་ཧོ་སི་དབྱང་ཡིན།༡༩༡༢ལོར་ཁོང་རྒྱ་གར་ནས་གླང་ཆེན་ཁ་འབབ་གྱེན་དུ་དེད་དེ་ཡུལ་འདིར་རྟོག་ཞིབ་བྱེད་པར་ཡོང་བ་རེད།དུས་དེ་ནས་བཟུང་མྱུལ་དཔྱད་པ་དང་།ཡུལ་སྐོར་བ།སྒྱུ་རྩལ་བ་བཅས་གཅིག་རྗེས་གཉིས་མཐུད་དུ་འདིར་རྟོག་ཞིབ་དང་ལྟ་སྐོར་བྱེད་པར་ཡོང་བཞིན་ཡོད།
                   གུ་གེའི་གནའ་དེང་།
གུ་གེ་རྒྱལ་རབས་ཀྱི་རྗེས་ཤུལ་ནི་གླང་ཆེན་ཁ་འབབ་འགྲམ་གྱི་གྱི་རི་བོ་ཞིག་གི་སྟེང་དུ་ཆགས་ཡོད་ཅིང་།རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི༡༨ལྷག་ཡོད།འདི་ནི་རྒྱལ་ཡོངས་ཀྱི་རིག་དངོས་རྩ་ཆེན་སྲུང་སྐྱོང་བྱེད་ཡུལ་ཁག་དང་པོའི་གྲས་ཡིན།རྗེས་ཤུལ་ལ་ཐོག་བརྩེགས་གསུམ་ཡོད་པ་དང་།གོང་ནས་འོག་བར་རིམ་བཞིན་རྒྱལ་པོའི་ཕོ་བྲང་དང་།གཙུག་ལག་ཁང་།མི་སེར་གྱི་སྡོད་གནས་བཅས་ཡིན།མཐའ་སྐོར་དུ་ལྕགས་རིས་བསྐོར་བ་པ་དང་ཟུར་བཞི་རུ་མཁར་རྫོང་ཡོད།༡༩༥༨ལོར་བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་དོ་དམ་ཨུ་ལྷན་གྱི་རྟོག་ཞིབ་རུ་ཁག་མངའ་རིས་སུ་བསྐྱོད་དེ་གུ་གེའི་རྗེས་ཤུལ་ལ་རྟོག་ཞིབ་བྱེད་འགོ་བརྩམས།རྗེས་ཤུལ་གནས་ཡུལ་དངོས་ལ་ཚད་འཇལ་བྱས་པ་བརྒྱུད་རྗེས་ཤུལ་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི72ལྷག་ཡོད།བརྟག་དཔྱད་ཟིན་བྲིས་སུ་བཀོད་པ་ལྟར་ན།རྗེས་ཤུལ་ལ་ཁང་མིག་༤༤༥དང་།ས་ཕུག་879རྡོ་མཁར་58།ལྐོག་ལམ༤མཆོད་རྟེན་སྣ་ཚོགས་28དུར་དོང་1བཅས་ཡོད་པ་དང་། རྗེས་སུ་ད་དུང་གོ་མཛོད་༡དང་། འབྲུ་མཛོད་ཆེ་ཆུང་༡༡མཆོད་འབུལ་ས་དོང་༤དུར་ས་1སོགས་གསར་དུ་རྙེད།
   གུ་གེའི་རྗེས་ཤུལ་དུ་འབྱོར་རྗེས་མིག་ལམ་དུ་ཤར་བ་ནི། རྗེས་ཤུལ་གྱི་སྒོ་ཆེན་དེ་ནི་ལོ་༡༢སྔོན་བཟོས་པ་རེད་ལ། སྒོའི་མདུན་དུ་གུ་གེ་རྒྱལ་རབས་ཀྱི་རྗེས་ཤུལ་ཞེས་པའི་རྡོ་རིང་སྔར་བཞིན་འགྱིང་ངེར་བཞེངས་འདུགགུ་གེའི་རྗེས་ཤུལ་དུ་འགྲོ་བའི་སྒོ་འཛིན་རིན་གོ་ང་སྔར་བཞིན་མི་རེར་སྒོར་༢༠༠ཡིན་ལ། མི་རེས་ད་དུང་སྣེ་ཤན་གླ་ཆ་སྒོར་༡༠རེ་སྤྲོད་དགོས། ཡུལ་སྐོར་བ་ཚོ་ལྟ་སྐོར་དུ་འགྲོ་སའི་ཐེམ་སྐས་ཀྱི་ཞེང་ཁ་ཆེན་རུ་བཏང་བ་དང་།གྲལ་འགྲིག་པོ་བཟོས་འདུག་ལ།ཡུལ་སྐོར་བ་མགོ་འཐོམ་སླ་སར་ལམ་རྟགས་སོགས་གསར་དུ་བཟོས་འདུགཡིན་ནའང་རྗེས་ཤུལ་ཡོངས་ལ་བལྟས་ན།ས་འདམ་ལས་གྲུབ་པའི་གནའ་མཁར་ལ་ལོ་ཟླ་རིང་པོའི་ཆར་རླུང་གིས་ཟད་སྐྱོན་ཐེབས་པས་གྱར་རྩིག་ཟགས་པ་དང་།ལ་ལ་གས་ཆག་ཐེབས་ནས་བརྡིབས་འདུག དེ་སྔར་ལྟ་སྐོར་བྱས་ཆོག་པའི་གཙུག་ལག་ཁང་༩ཡོད་ཀྱང་ད་ལྟ་༤ལ་མ་གཏོགས་ལྟ་སྐོར་བྱས་མི་ཆོག་པར་གྱུར། མཆོད་ཁང་དང་བྲག་ཕུག་ནང་གི་ལྡེབས་རིས་དང་ཆག་སྐྱོན་བྱུང་བའི་ལྷ་སྐུ་རྣམས་ཀྱི་སྟེང་དུ་ས་རྡུལ་མཐུག་པོས་ཁེབས་ཡོད་ཀྱང་།ལྡེབས་རིས་ཀྱི་ཚོན་མདོག་ལོ་ངོ་སྟོང་ལྷག་རིང་མ་ཡལ་བར་ད་དུང་གསོན་ཉམས་ལྡན།རྗེས་ཤུལ་དེད་དེ་འགྲོ་སྐབས་བྲག་ཕུག་འགའ་ཤས་ཀྱི་ནང་དུ་ད་དུང་ཡུལ་སྐོར་བས་དབྱུགས་པའི་པའི་ཐ་མག་འཐེན་འཕྲོ་དང་ཤོག་སྙིགས་སོགས་མཐོང་ཐུབ། དུས་ཡུན་རིང་པོར་ཀྲུང་དབྱང་སྲིད་གཞུང་དང་།བོད་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཁག་གནས་དེ་གའི་སྲིད་གཞུང་བཅས་ཀྱི་གུ་གེའི་རྗེས་ཤུལ་སྲུང་སྐྱོབ་བྱེད་ཕྱིར་མ་དངུལ་འབོར་ཆེན་བཏང་སྟེ་སྲུང་སྐྱོང་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་མོད།འོན་ཀྱང་རང་བྱུང་རླུང་གིས་ཟད་པ་ལས་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་གུ་གེའི་རྗེས་ཤུལ་གྲོང་རྡལ་དང་བར་ཐག་རིང་བས་མི་ནོར་རྒྱུ་གསུམ་གྱི་ནུས་ཤུགས་མི་འདང་བར་བརྟེན།གུ་གེའི་རྗེས་ཤུལ་དེ་ཉིད་སྔར་ལས་ནུས་པ་ལྡན་པ་དང་དུས་སུ་འཁེལ་བའི་བྱེད་ཐབས་ལག་ལེན་ཏུ་བསྟར་ཏེ་སྲུང་སྐྱོབ་བྱེད་དཀའ།གུ་གེའི་རྗེས་ཤུལ་གྱི་རྩེ་མོ་ནས་ཕྱོགས་བཞིར་ལྟ་དུས།ས་འབུར་དང་རི་འབུར་གྱིས་བསྐོས་པའི་གུ་གེའི་རྗེས་ཤུལ་ལ་ལོ་ཟླའི་རྨ་རྗེས་ཀྱིས་ཁེངས་པ་དངགྲང་ངར་ཆེ་བའི་རླུང་འཚུབ་གཅིག་རྗེས་གཉིས་མཐུད་དུ་ལྡང་བའི་ཁྲོད་དུ་གུ་གེའི་རྗེས་ཤུལ་འདར་སིག་རྒྱག་བཞིན་པ་དང་མཚུངས།ལོ་ངོ་སྟོང་ལྷག་རིང་སྤོབས་ཉམས་ཆེན་པོས་གརང་རླུང་འགོག་པའི་ནུས་པ་ད་ལྟ་ཉམས་རྒུད་དུ་སོང་འདུག་པས།མིའི་རིགས་ཀྱི་ངེས་པར་དུ་གུ་གེའི་རྗེས་ཤུལ་ལ་སྔར་ལས་ལྡབ་འགྱུར་གྱིས་གཅེས་སྤྲས་དང་སྲུང་སྐྱོབ་བྱེད་པའི་དགོས་པ་ཤིན་ཏུ་ཆེའོ། །
                   གུ་གེའི་རྗེས་ཤུལ་གྱི་སྒོ་སྲུང་བ།
དུས་རབས་གོང་མའི་ལོ་རབས་90པའི་དུས་འགོར་དགུང་ལོ26ལ་སླེབས་ཕུར་བུ་ཆོས་བཟང་གཅིག་པུས་གུ་གེ་རྒྱལ་རབས་ལྟ་སྐྱོང་བྱེད་འགོ་བརྩམས། 2003ལོརའི་མཚན་མོ་ཞིག་ལ་ཁོང་གིས་གུ་གེའི་རྗེས་ཤུལ་དུ་སྐོར་ཞིབ་བྱེད་སྐབས་རྐང་འདྲེད་ཤོར་ནས་མཛུབ་མོ་གཉིས་བཅགདུས་ཡུན་རིང་པོ་ནང་གུ་གེའི་རྒྱལ་རབས་ཀྱི་རྗེས་ཤུལ་ལྟ་སྐྱོང་བྱེད་མཁན་ཁོང་གཅིག་པོ་ལས་མེད་ཅིང་།ཁོང་ནི་རྒྱལ་པོ་ཡིན་ལ་མངའ་འབངས་ཀྱང་ཡིན་པ་དང་།ཉམས་གསོ་བྱེད་བྱེད་མཁན་ཡིན་ལ་སྒོ་སྲུང་བའང་ཡིན།ཁོང་གིས་ཉིན་ཐོག་ཟླ་བརྩེགས་དང་ཟླ་ཐོག་ལོ་བརྩེགས་ཀྱིས་མངའ་རིས་གུ་གེ་རྒྱལ་རབས་རྗེས་ཤུལ་གྱི་སྒོ་སྲུང་བ་ལོ་བཅོ་བརྒྱད་བྱས་པ་རེད།ལོ་བཅུ་ལྷག་གི་སྔོན་དུ་གུ་གེའི་རྗེས་ཤུལ་གྱི་སྒོ་སྲུང་བ་ཨང་དང་པོ་བོད་རིགས་བགྲེས་སོང་ངག་རྡོ་དགུང་ལོ༧༠སྟེང་ལས་འཁྱུར་ངལ་གསོ་བརྒྱབ་རྗེས་ཕུར་བུ་ཆོས་བཟང་འདིར་ཡོང་ནས་ཁོང་གི་རྗེས་བསྐྱངས།དུས་དེ་ནས་བཟུང་ཕུར་བ་ཆོས་བཟང་གིས་གུ་གེའི་རྒྱལ་རབས་ཀྱི་རྗེས་ཤུལ་ལྟ་སྐྱོང་བྱེད་པའི་ལས་འགན་ལྗིད་པོ་ཁུར་ཏེ་ད་ལྟའི་བར་ལོ་ངོ་༡༨འགོར།ལོ་ངོ་༡༢སྔོན་གྱི་གནས་ཚུལ་ཕྱིར་དྲན་ཞིག་བྱས་ན།1997ལོའི་ཟླ་8པའི་ཉིན་ཞིག་ལ་བདག་བོད་ལྗོངས་མངའ་རིས་ས་ཁུལ་གྱི་སེང་གེ་ཁ་འབབ་གྲོང་རྡལ་ནས་བྱེས་བགྲོད་རླངས་འཁོར་ལ་བསྡད་དེ་རྩ་མདའ་ཕྱོགས་སུ་བསྐྱོད།དེབ་ཐེར་དཔྱིད་ཀྱི་རྒྱལ་མོ་གླུ་དབྱངས་སུ་བཀོད་པ་ལྟར་ན།གུ་གེ་རྒྱལ་རབས་ལ་རྒྱལ་པོ་16གིས་རྒྱལ་རབས་རྒྱུན་འཛིན་བྱས་པ་དང་།གུ་གེའི་མཁར་རྫོང་ནི་སྤྱི་ལོའི་དུས་རབས་༡༠པ་ནས་དུས་རབས་༡༦པའི་བར་རིམ་བཞིན་ཟིམ་མ་ཆད་པར་བཞེངས་པ་རེད།བོད་ལྗོངས་ཀྱི་དཔལ་འབྱོར་དང་རིག་གནས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་གུ་གེ་ཡིས་གོ་གནས་གལ་ཆེན་བཟུང་ཡོད་དེ། སྐབས་དེའི་གནའ་བོའི་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ནི་ཡུལ་འདི་ནས་བོད་ལྗོངས་སུ་དར་བ་རེད།དེ་སམ་ཚད་ཡུལ་འདི་ནི་གནའ་བོའི་བོད་ལྗོངས་ཀྱི་ཕྱི་ཕྱོགས་ཉོ་འཚོང་གི་གྲོང་ཁྱེར་གལ་ཆེན་ཞིག་ཀྱང་ཡིན།བོད་བཙན་པོ་རྒྱལ་རབས་འཇིག་ནས་བོད་སིལ་བུར་ཐོར་བའི་ལོ་ངོ་༤༠༠ལྷག་འགོར་བའི་རིང་གུ་གེ་རྒྱལ་རབས་ནི་ཐོག་མཐའ་བར་གསུམ་དུ་སྟོབས་ཤུགས་དུ་སྟོབས་ཤུགས་ཅུང་ཆེ་བའི་རྒྱལ་རབས་ཤིག་རེད།ད་ལྟ་དགུང་ལོ་༣༠སླེབས་པའི་བོད་རིགས་གཞོན་ནུ་ཞིག་ཁོ་ནས་ལོ་ངོ་སྟོང་ལ་ཉེ་བའི་སྟོང་འབར་བའི་ལོ་རྒྱུས་ལྡན་པའི་གནའ་བོའི་རྒྱལ་རབས་ཆེན་པོ་ཞིག་ལྟ་སྐྱོང་བྱེད་བཞིན་ཡོད་ཅིང་།ཁོང་གི་མཚན་ལ་ཕུར་བུ་ཆོས་བཟང་ཟེར་བ་དང་།ཁོང་ནི་གུ་གེ་རྒྱལ་རབས་རྗེས་ཤུལ་གྱི་སྒོ་སྲུང་བ་ཨང་གཉིས་པ་རེད།ཁོང་དང་གུ་གེ་གཉིས་ཀྱིས་བདག་གི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་བཞིན་ཡོད།
གུ་གེའི་རྗེས་ཤུལ་དུ་འབྱོར་རྗེས།བདག་གི་ཅ་ལག་རྣམས་ཕུར་བུ་ཆོས་བཟང་གི་ཁང་པའི་ནང་བཞག་མ་ཐག་ཁོང་ལ་ང་ཁྲིད་དེ་གུ་གེའི་རྗེས་ཤུལ་ལ་ལྟ་སྐོར་བྱེད་དུ་བཅུགའདི་ནི་རོ་བོར་བརྟེན་ནས་བཞེངས་པའི་མཁར་རྫོང་ཞིག་ཡིན་ཞིང་།གྲངས་ལས་འདས་པའི་བྲག་ཕུག་རྣམས་ཆག་སྐྱོན་ཐེབས་ནས་ཤུལ་རྙིང་གང་སར་ལུས་ཤིང་།ཤུལ་དུ་ལུས་པའི་ཅུང་ཆ་ཚང་བའི་མཆོད་ཁང་ངམ་བྲག་ཕུག་ནི་ཤིན་ཏུ་ཉུང་།ལོ་རྒྱུས་ཀྱི་བགེགས་བར་མངོ་བརྒྱུད་པའི་གུ་གེའི་རྗེས་ཤུལ་གནའ་བོའི་དར་ཞིང་རྒྱས་པའི་བརྗིད་ཉམས་མེད་པར་གྱུར་ཀྱང་དེའི་བརྗིད་ཉམས་འགྱུར་ད་དུང་སྔར་བཞིན་གནས།ཕུར་བུའི་སྣེ་ཤན་འོག་ང་ཚོ་ཀྱག་ཀྱོག་གི་ས་ལམ་དེད་དེ་ཡར་འཛེགས་ཤིང་།ལམ་བར་དུ་སོར་གནས་་ལེགས་ཙམ་བྱུང་བའི་ཕོ་བྲང་དཀར་དམར་གཉིས་དང་།སྒྲོལ་མ་ལྷ་ཁང་།འཇིགས་བྱེད་ལྷ་ཁང་སོགས་ལ་ལྟ་སྐོར་བྱས།རི་འདབས་ནས་རི་རྩེའི་ཕོ་བྲང་བར་མིས་བཟོས་པའི་ལམ་ཕྲན་ཞིག་ལས་མེད།ང་ཚོས་མུན་ནག་ཁྲོད་དུ་ལག་འཁྱེར་གློག་ཞུན་བརྟེན་ནས་ལམ་བུ་ཕྲ་མོ་དེད་ནས་ཆུ་ཚོད་གཉིས་ལྷག་འཛེགས་རྗེས་ད་གཟོད་རི་རྩེར་སླེབས།དེ་དུས་བདག་ནི་དབུགས་ལྷད་ཤོར་བར་གྱུར་ལ་གོན་གྱོས་ཡོངས་ཀྱང་རྔུལ་ཆུས་རློན་པར་བཟོས་འདུགགནའ་བོའི་རྒྱལ་པོའི་ཕོ་བྲང་གི་གྲོས་ཁང་ཆེན་མོ་དང་རྒྱལ་པོའི་གཉེན་ཉེ་རྣམས་ཀྱི་དབྱར་དགུན་གཉིས་ཀྱི་བཞུགས་གནས་ཕོ་བྲང་སོགས་ད་ལྟ་སྟོང་བར་གྱུར་ནས་མིང་གི་ལྷག་མ་ཙམ་དུ་སྣང་།ཡིན་ནའང་དེར་ཡོད་པའི་དཀྱིལ་འཁོར་ནང་གི་ལྡེབས་རིས་དང་ཤིང་བརྐོས་རི་མོ་རྣམས་ཉར་ཚགས་ལེགས་པོ་བྱས་ཤིང་།སྐུ་འདྲ་དང་ལྡེབས་རིས་དང་ཤིང་བརྐོས་རི་མོ་རྣམས་ཉར་ཚགས་ལེགས་པོ་བྱས་ཤིང་།སྐུ་འདྲ་དང་ལྡེབས་རིས་ཀྱི་རི་མོ་དག་ཉམས་འགྱུར་འདྲ་མིན་སྣ་ཚོགས་དང་གསོན་ཉམས་ལྡན་ཞིང་དེ་རང་མ་གཏོགས་མེད་ཅེས་བཤད་འོས།གུ་གེ་རྒྱལ་རབས་སྐབས་ཀྱི་རྒྱན་རིས་དང་།ལྡེབས་རིས།འཇིམ་རྐོས་སོགས་ཀྱི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་ལ།སྒྱུ་རྩལ་ཆུ་ཚད་ཧ་ཅང་མཐོ་བས་ཞིབ་འཇུག་བྱེད་རིན་ཧ་ཅང་ཆེན་པོ་ལྡན།གུ་གེའི་རྗེས་ཤུལ་གྱི་རིན་ཐང་གཞལ་དུ་མེད་པའི་ལོ་རྒྱུས་ཀྱི་རིག་གནས་ཤུལ་རྫས་སྲུང་སྐྱོབ་བྱེད་ཆེད།1961ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གུ་གེའི་རྗེས་ཤུལ་དེ་ཉིད་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོང་བྱེད་ཡུལ་གལ་ཆེན་དུ་གཏན་ལ་ཕབ་པ་དང་།1997ལོར་བོད་རང་སྐྱོང་ལྗོངས་སྲིད་གཞུང་དང་རྒྱལ་ཁབ་རིག་རྫས་ཅུས་གཉིས་ཀྱིས་ལྷན་དུ་གུ་གེའི་རྗེས་ཤུལ་མྱུར་སྐྱོབ་དང་ཉམས་གསོ་བྱེད་འགོ་བརྩམས།
ས་རུབ་ལ་ཉེ་དུས་ང་ཚོ་རི་ལས་བབས་ཏེ་འདུག་གནས་སུ་ལོག་ནས་ཟ་མ་ཟ་ཞོར་དུ་ཕུར་བུ་ལགས་དང་ཁ་བརྡ་བྱས།ཁོང་ནི་གུ་གེའི་རྗེས་ཤུལ་དང་བར་ཐག་སྤྱི་ལེ༢༥༠ལྷག་ཡོད་པའི་རྩ་མདའ་རྫོང་ནས་ཡིན་ལ།ཁོང་གི་ཕ་ཡུལ་ལ་རྟར་བཞོན་ནས་སོང་ན་ཉིན་གསུམ་ལྷག་དགོས།1991ལོར་ཁོང་ས་འདིར་ཡོང་ནས་གུ་གེའི་རྗེས་ཤུལ་ཀྱི་ལྟ་སྐྱོང་པ་བྱས་ཏེ་གུ་གེ་རྒྱལ་རབས་ཀྱི་་རྒྱལ་པོ་དང་།འབངས་མི་གཅིག་པུར་གྱུར།ཕུར་བུ་ལགས་ཀྱིས་ཉིན་ལྟར་གུ་གེའི་རྗེས་ཤུལ་དུ་སྐོར་ཞིབ་བྱེད་དགོས་པ་དང་།གལ་ཏེ་ཡུལ་སྐོར་བ་ཡོང་དུས་ངེས་པར་དུ་རྫོང་ཡུལ་སྐོར་ཅུས་ཀྱི་ངོ་སྤྲོད་ཡི་གེ་ཡོད་པ་མ་གཏོགས་ལྟ་སྐོར་བྱས་མི་ཆོགཡུལ་སྐོར་བ་ཡོང་ཚེ་ཁོང་གིས་སྣེ་ཤན་བྱེད་དགོས་ཤིང་།གུ་གེའི་རྗེས་ཤུལ་ཡོངས་སུ་ལྟ་སྐོར་བྱེད་གནས་ཁྱོན་བསྡོམས་༩ཡོད་པས།ཁོང་གི་ལག་ཏུ་ག་དུས་ཡིན་འང་ལྡེ་མིག་༩བཏགས་ཤིང་བྱང་ཞིག་ཁྱེར་ཡོད།ལོ་ངོ་མང་པོའི་རིང་ཕུར་བུ་ལགས་ཀྱིས་རང་གི་ལས་འགན་ནན་ཏན་ཁུར་ནས་ཧུར་ཐག་འབད་ཐག་བྱེད་ཀྱིན་ཡོད།ཆར་བ་འབབ་དུས་ཁོང་གིས་རང་གི་སྡོད་ཁང་ལ་ཆུ་ཐིགས་འཛག་པ་རྒྱབ་ཏུ་བསྐྱུར་ནས་ལྷ་ཁང་དང་མཆོད་ཁང་དུ་ཆུ་ཐིགས་འཛག་མིན་ལྟ་བར་སོང་སྟེ་ཆུ་ཐིགས་འཛག་པ་ཡོད་ཚེ་དུས་ཐོག་རུ་ཉམས་གསོ་བྱེད་ཀྱིན་ཡོད།ལྟ་སྐོར་བ་ཡོང་མཁན་མང་དུས་ཁོང་ཉིན་གཅིག་ལ་རི་རི་རྩེ་རི་འདབས་བར་ཐེངས་བདུན་བརྒྱད་ལྷག་ཙམ་འགྲོ་དགོས་པ་དང་།ཁོང་གིས་རང་གི་རྐང་པར་མཛུབ་མོ་བཙུགས་ནས་བདག་ལ་ཟླ་བ་རེར་ལྷམ་རེ་དགོས་ཞེས་བཤད།ཕུར་བུ་ལགས་ཀྱི་འཚོ་བ་ཧ་ཅང་བབ་ཆགས་ཡིན་ཏེ།འཐུང་ཆུ་ལམ་ཐག་སྤྱི་ལེ་གཅིག་ལྷག་ཡོད་པའི་རི་ཁུལ་ནས་ལེན་དགོས་པ་དང་།དུས་རྒྱུན་གྱི་ཟས་སུ་རྩམ་པ་དང་ཇ་བསྲུབས་མ་ལས་མེད།ཁོང་གིས་ང་ལ་ཁོ་རང་ཐང་ག་འབྲི་རྒྱུར་ཧ་ཅང་དགའ་པོ་ཡོད་ཅིང་།དེ་སྔ་རྒྱ་གར་གྱི་ཚོང་པ་ཞིག་དགེ་རྒན་དུ་བསྟེན་ནས་རི་མོ་སྦྱངས་མྱོང་།ཁོམ་པོ་ཡོད་པ་ཙམ་དུ་རི་མོ་འབྲི་ཞེས་བཤད།ཁོང་གསི་རི་མོ་དང་སངས་རྒྱས་ཆོས་ལུགས་ཐད་ཀྱི་ཤེས་བྱ་མི་ཉུང་བ་ཤེས་ཀྱི་འདུགལོ་འགའི་རིང་ཕུར་བུ་ལགས་ཀྱིས་འདུ་འཛི་མེད་པའི་འཚོ་བ་བབ་ཆགས་སྐྱེལ་བ་དང་།ཁོང་ཡང་རང་ཉིད་གཅིག་པུས་འཚོ་བ་སྐྱེལ་བར་གོམས་པ་རེད།ཉིན་ཞིག་བདག་གིས་དབང་མེད་དུ་ཁོང་ལ་ཁྱེད་རང་གཉེན་སྒྲིག་བྱས་ཡོད་དམ་ཞེས་དྲིས།ཕུར་བུ་ལགས་ཀྱིས་དགོད་ཞོར་དུ་འདི་རུ་མི་གཅིག་ཀྱང་མཐོང་རྒྱུ་མེད་པས་ང་རང་གང་དུ་དགའ་རོགས་འཚོལ་བར་འགྲོ་ཞེས་ལན་བཏབ།ངས་ཁོང་ལ་ལོ་མང་པོར་ཁྱེད་རང་གཅིག་པུ་འདིར་བསྡད་ན་སྐྲག་གི་མི་འདུག་གམ་ཞེས་དྲིས་པར་ཁོང་གིས་ད་ལྟ་རྦད་དེ་གོམས་སོང་ཞེས་ལན་བཏབ་བྱུང་།བདག་གིས་གཤིས་འཇམ་གཞུང་དྲང་ཞིང་བབ་ཆགས་པའི་ཁོང་མཐོང་དུས་སེམས་གཏིང་ནས་ཁོང་ལ་བརྩི་འཇོག་ཡིད་སྨོན་བྱས།
2001ལོ་གུ་གེ་རྒྱལ་རབས་ཀྱི་རྗེས་ཤུལ་ལ་ལྟ་སྐྱོང་བྱེད་མཁན་གཅིག་ལས་མེད་པའི་ལོ་རྒྱུས་ཀྱི་མཇུག་གྲིལ།ད་ལྟ་འདི་རུ་དོ་དམ་མི་སྣ་༤དང་སྣེ་ཤན་པ་༡༡ཡོད།ལོ་བཅུ་སྔོན་དུ་ཕུར་བུ་ལགས་ཀྱང་སྐབས་འཕྲལ་གླ་པ་ནས་དངོས་གཞིའི་བཟོ་པར་བསྒྱུར་ནས་ད་ལྟ་ཟླ་ཕོགས་སྒོར་༣༠༠༠ལྷག་ཡོད།དེ་ལས་ཀྱང་འཕོ་འགྱུར་ཆེ་བ་ཞིག་ནི་ལོ་ངོ་དྲུག་གི་སྔོན་དུ་ཁོང་དང་བོད་རིགས་བུ་མོ་འཆི་མེད་སྒྲོལ་མ་གཉིས་གཉེན་སྒྲིག་བྱས་ཤིང་།ད་ལྟ་བུ་ཀརྨ་པ་སངས་ལོ་གཉིས་ལ་སླེབས་པ་རེད།ང་ཚོ་འདིར་ཡོང་བར་ཕུར་བ་ཆོས་བཟང་ཧ་ཅང་དགའ་པོ་བྱུང་བས།ཁོང་གིས་ང་ཚོར་སྣེ་ཤན་པ་མ་ཟད་ད་དུང་ང་ཚོར་ཁོང་གིས་བྲིས་པའི་ཐང་ག་བསྟན་ཞིང་།གོང་རིམ་རྩ་འཛུགས་ཀྱིས་བདག་ལ་གཟིགས་སྐྱོང་མཛད་ནས་ཕྲན་ལ་བོད་ལྗོངས་སློབ་གྲྭ་ཆེན་མོར་ཐང་ག་འབྲི་རྩལ་ལོ་གཉིས་སློབ་སྦྱོང་བྱེད་དུ་བཅུགད་ལྟ་གུ་གེའི་རྗེས་ཤུལ་དང་རང་ཉིད་མིང་གྲགས་ཆེ་རུ་འགྲོ་བའི་ཆེད་དུ་ཁོང་གིས་ཕྱི་ཕྱོགས་ལ་རང་ཉིད་གུ་གེའི་རྗེས་ཤུལ་གྱི་རི་མོ་བ་ཡིན་ཞེས་བཤད།ཁོང་གིས་ལོ་བཅུ་ལྷག་ཙམ་རིང་ཐང་ག་འབྲི་མཚམས་འཇོག་མ་མྱོང་བས་ཁོང་གི་ཐང་ག་འབྲི་རྩལ་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ཅེས་ང་ཚོས་ཁ་བརྡ་བྱེད་བཞིན་པའི་སྐབས་སུའང་ཁོང་གིས་ཐང་ག་ཉོ་མཁན་འགའ་ཤས་བྱུང་།ཁོང་གིས་ང་ད་དུང་ང་ལ་དེང་སྐབས་གུ་གེའི་རྗེས་ཤུལ་དུ་འཐུང་ཆུ་ད་དུང་ཐག་རིང་ནས་ལེན་དགོས་མོད།འོན་ཀྱང་འདི་རུ་ཉི་འོད་གློག་གསོག་འཕྲུལ་ཆས་ལ་བརྟེན་ནས་གློག་མེད་པིའ་ལོ་རྒྱུས་མཇུག་བསྒྲིལ་བ་དང་།ཁོམ་པ་ཡོད་དུས་ཁོང་གིས་ཆུང་མས་ད་དུང་ཡུལ་སྐོར་གྱི་དྲན་རྟེན་དངོས་རྫས་ཆུང་ཆུང་ཁ་ཤས་བཟོས་ཏེ་ཕྱིར་འཚོང་གི་ཡོད་པར་བརྟེན་འཚོ་བ་ཧ་ཅང་སྐྱིད་པོ་ཡིན་ཞེས་བཤད།བདག་གུ་གེའི་རྗེས་ཤུལ་དང་ཕུར་བུ་ཆོས་བཟང་དང་ཁ་གྱེས་ནས་པེ་ཅིང་དུ་ལོག་སྟེ་ཉིན་བཅུ་ལས་མ་འགོར་བའི་ཉིན་ཞིག་ལ་གློ་བུར་དུ་ཕུར་བུ་ཆོས་བཟང་གིས་བཏང་ཡོང་བའི་ཁ་པར་འབྱོར་ནས་ཁོང་གིས་ད་ལྟ་གུ་གེའི་རྗེས་ཤུལ་འདིར་གློག་འཕྲིན་སྒུལ་བདེའི་བརྡ་རྟགས་ཡོད་པར་གྱུར་པས།ཁ་པར་འདི་ནི་ཁོང་གིས་གསར་དུ་ཉོས་པའི་ལག་འཁྱེར་ཁ་པར་སྤྱད་ནས་བཏང་བ་ཡིན། ངའི་ཁ་པར་ཨང་གྲགས་མ་བརྗེད་པ་གནང་རོགས་ཞེ་ས་བཤད་བྱུང་། ལོ་ངོ་བཅུ་གཉིས་ཀྱི་སྔོན་མི་ཧྲེང་གྲོགས་མེད་ཀྱི་ཕུར་བུ་ཆོས་བཟང་ལ་ད་ལྟ་བཟའ་ཟླ་དང་ཕྲུ་གུ་འཛོམས་པའི་ཁྱིམ་གཞིས་ཡོད་པར་གཡྭར་ལ།གྱོས་མོ་ཡང་གུ་གེའི་རྗེས་ཤུལ་དུ་ཕེབས་ནས་ཁོང་ཚོ་དང་ལྷན་དུ་འཚོ་བ་སྐྱེལ་བཞིན་ཡོད་པས།སྔོན་ཆད་ཀྱི་གྲོགས་མེད་ཁེར་རྐྱང་གི་གུ་གེའི་རྗེས་ཤུལ་གྱི་སྒོ་སྲུང་བར་ད་ལྟ་འཕོ་འགྱུར་བྱུང་སྟེ་གུ་གེའི་རྗེས་ཤུལ་གྱི་སྒོ་སྲུང་བའི་ཁྱིམ་ཚང་ཞིག་ཆགས་ཡོད་དོ། །
  • ལེ་ཚན་སྔོན་མ།:ཏུའུ་ལན་ཐུ་བྷོད་བང་སོའི་མཐོང་ཐོས།
  • ལེ་ཚན་རྗེས་མ།:ཐུན་མིན་གྱི་ཧུང་ཡོན་རྫོང་འབྲོག་པའི་སྦྲ་ནག་སྤྲོ་སྐྱིད་གླིང་།
  • དོ་སྣང་ཆེ་བའི་རྩོམ།