བོད་རིགས་གླུ་བ་ཞིག་གི་མི་ཚེའི་གཏམ་གླེང་།

    མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།    2012-02-01

བོད་རིགས་གླུ་བ་ཞིག་གི་མི་ཚེའི་གཏམ་གླེང་།

རྡོ་རྗེ་ཚེ་རིང་ནི་ཕ་ཡུལ་བླ་བྲང་གི་ཡིན་ཞིང་། ཁོ་ནི་རྒྱལ་སྤྱིའི་གླུ་གར་སྟེགས་བུ་ན་བརྗིད་ཉམས་ཀྱིས་འགྱིངས་པའི་བོད་ཀྱི་གླུ་བ་གཅུག་པུ་ཡིན་ལ། སྨྱན་བྱེད་སྡེ་ཁག་མང་བོ་ཞིག་གིས་ཁོ་ནི་བོད་ཀྱི་ཕ་བཱ་ལོ་ཏུས་རེད་ཅེས་པའི་མཚན་སྙན་གནང་ཡོད། ད་ལྟ་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་གི་སློབ་དཔོན་ཆེན་མོ་དང་རབ་འབྱམས་པའི་མཛུབ་སྟོན་གེ་རྒན་གྱི་འགན་བཞེས་ཡོད། 1987ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་ཏེ་བོད་ལྗོངས་སློབ་གྲྭ་ཆེན་མོ་རུ་དགེ་རྒན་གྱི་བྱ་བ་གཉེར། 1992ལོ་ནས1993ལོའི་བར་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་བསྒྲུབས་པའི་ན་གཞོན་གླུ་བའི་འགྲན་བསྡུར་ཁྲོད་ཁོས་ཆེད་ལས་འཇམ་པའི་ལེན་ཚུལ་གྱི་ཨང་གསུམ་པའི་བྱ་དགའ་བླངས། 1994ལོར་མཁའ་དམག་ཆབ་སྲིད་གླུ་གར་ཚོགས་པར་ཞུགས་པ་དང་། དེ་ནས་བྱ་བ་སྒྲུབ་སྐབས་གླུ་ལེན་སློབ་གསོའི་དགེ་རྒན་ཆེན་མོ་ཅང་དབྱིན་དགེ་རྒན་དུ་བསྟེན་ཏེ་གླུ་ལེན་སྒྱུར་རྩལ་ལ་ལོ་གསུམ་རིང་སློབ་གཉེར་དཔྱིས་ཕྱིན་པ་གནང་།  1997ལོར་དགེ་རྒན་གྱིས་མཚམས་སྦྱོར་བྱས་པ་ལྟར་ཧྥ་རན་སིའི་མཱ་སེ་གྲོང་ཁྱེར་དུ་སྤེལ་གྱིན་པའི་སྐབས་དྲུག་པའི་རྒྱལ་སྤྱིའི་གླུ་ལེན་འགྲན་བསྡུར་ལ་ཞུགས། སྐབས་དེའི་འགྲན་བསྡུར་ལ་བསྡོམས་པས་རྒྱལ་ཁབ་བཅུ་གསུམ་གྱི་གླུ་ལེན་ཆུ་ཚད་ཧ་ཅང་མཐོ་བའི་འགྲན་ཞུགས་མི་སྣ་བརྒྱད་ཅུ་གྱ་ལྔ་ཞུགས་ཡོད་ཅིང་། ཁོས་རང་གི་ཐུན་མོང་མ་ཡིན་པའི་གླུ་སྐད་དང་ཞུམ་པ་མེད་པའི་སྙིང་སྟོབས་བཅས་ལ་བརྟེན་ནས་མཇུག་མཐར་འགྲན་བསྡུར་དེའི་ཨང་དང་པོའི་བྱ་དགའ་བླངས། དེ་ནས་རིང་བོ་མ་ལོན་པར་ཁོ་རང་ཨ་མེ་རི་ཀའི་ཁུ་ལོ་ལ་ཏོ་གླུ་གར་ཁང་དུ་ལོ་གཉིས་རིང་སློབ་སྦྱོང་བྱེད་པའི་སྐལ་བ་ལྡན་པར་མ་ཟད། ཨ་མི་རི་ཀའི་རྒྱལ་ནང་གི་ཆུ་ཚད་མཐོ་ཤོས་ཀྱི་འགྲན་ཚོགས་མང་པོར་ཞུགས་ནས་སྔ་གཞུག་ཏུ་ཨང་དང་པོའི་བྱ་དགའ་བསྟུད་མུར་ཐེངས་བདུན་ལ་བླངས། ལོ་འགའི་རིང་ལ་ཁོས་འཛམ་གླིང་གི་གླུ་གར་ཁང་མང་བོ་དང་མཉམ་འབྲེལ་བྱས་ཏེ། གླུ་གར་མང་བོའི་ཁྲོད་ཁོས་གཙོ་འཁྲབ་པའི་འགན་ཁུར། གླུ་གར་ཁང་དེ་དག་ནི་ཨ་མེ་རི་ཀའི་ཁུན་ཐ་ཇུས་གླུ་གར་ཁང་དང་ནཱེ་ཧྭ་ཏཱ་གླུ་གར་ཁང་། ཁུ་ལོ་ལཱ་ཏོ་གླུ་གར་ཁང་། ཏཱ་ལ་སི་གླུ་གར་ཁང་། ཧྥུ་ཐི་བོའུ་སི་གླུ་གར་ཁང་། དེ་མིན་དབྱི་ཐ་ལིའི་བེ་ལོ་ནཱ་གླུ་གར་ཁང་། དབྱི་ཐ་ལིའི་ལཱོ་མཱ་གླུ་གར་ཁང་། ཁ་ན་ཏ་ཁེ་པེ་ཁུ་གླུ་གར་ཁང་དང་བུན་གུ་ཧྭ་གླུ་གར་ཁང་སོགས་སུ་འཁྲབ་སྟོན་བྱས་མྱོང་ལ། ཕྱིའི་རྒྱལ་ཁབ་ཀྱི་ལྟད་མོ་བའི་ཁོ་ལ་གདེངས་འཇོག་ཚད་མཐོན་པོ་གནང་། ཁོ་ཕྱི་རྒྱལ་གྱི་འཁྲབ་སྟོན་སྣ་ཚོགས་ལ་ཞུགས་པ་ལས་གཞན་རྒྱལ་ནང་གི་རིག་རྩལ་སྤྲོ་ཚོགས་ཆེན་མོ་དག་ལའང་ཞུགས་མྱོང་། ཐེངས་མང་པོར་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་བསྒྲུབས་པའི་ལོ་སར་སྤྲོ་ཚོགས་དང་ལེ་ཚན་མང་བོར་ཞུགས་མྱོང་། 1997ལོར་ཞང་ཀང་ཕྱིར་མེས་རྒྱལ་གྱི་པང་དུ་ལོག་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོར་ཞུགས་པ་དང་། 2009ལོར་སློབ་གསོ་པུའུ་ཡི་ཀྲུང་གོ་སློབ་གསོ་སློབ་ཚོགས་ཀྱི་རོལ་མོ་ཚོགས་པས་གླུ་ལེན་ཨུ་ཡོན་ལྷན་ཚོགས་ཀྱི་རིག་གཞུང་ཨུ་ཡོན་ལ་བདམས། 2010ལོར་ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་སློབ་ཚོགས་ཀྱི་ལས་འཛིན་བདམས། 2011ལོར་རྒྱལ་ཡོངས་མཐོ་རིམ་སྒྱུ་རྩལ་སློབ་གླིང་གི་སྐབས་བཞི་བ་དང་ལྔ་བའི་གླུ་གར་འགྲན་བསྡུར་གྱི་དཔྱད་འདེམས་པར་བསྐོས།

  • ལེ་ཚན་སྔོན་མ།:བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་དང་ཁོང་གི་བརྩམས་ཆོས།
  • ལེ་ཚན་རྗེས་མ།:བོད་ཀྱི་རྡུང་ལེན་མཁན་པོ་དཔལ་མགོན་ངོ་སྤྲོད།
  • དོ་སྣང་ཆེ་བའི་རྩོམ།