དཔྱིད་ཀའི་རྒྱུན་མཐོང་ནད་རིགས་དང་དེ་སྔོན་འགོག་བྱེད་ཐབས།(1)

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།        2010-08-26

དཔྱིད་ཀ་ནི་འགོས་ནད་མང་དུ་འབྱུང་བའི་དུས་ཚིགས་ཤིག་ཡིན་པས། འགོས་ནད་མང་པོ་ཞིག་གིས་མཉམ་བྱུང་ནད་ཚབས་ཆེན་སློང་སྲིད། དེར་བརྟེན་བར་སྐབས་འདིར་ནད་འགོག་ནུས་པ་ཞན་པའི་ལོ་ལོན་དང་བྱིས་པས་དོ་སྣང་ཅུང་མ་བྱས་ཚེ། བདེ་ཐང་ལ་གནོད་པའི་འགོས་ནད་མང་པོ་ཞིག་འབྱུང་སྲིད།

གཅིག ཆམ་རིམས།

དགུན་དཔྱིད་དུས་སུ་ཆེས་རྒྱུན་དུ་མཐོང་བ་ནི་ཆམ་རིམས་ཡིན་པ་དང་། དེའི་ནད་རྟགས་ནི་ཚ་རྒྱས་པ་དང་མགོ་ན་བ། ཤ་གནད་ན་བ། ཐང་ཆད་པ། སྣ་ཆུ་བཞུར་བ། མིད་པ་ན་བ། གློ་ལུ་བ་སོགས་ཡིན་ལ། ཚབས་ཆེ་ཚེ་ད་རུང་གློ་ཡུ་ཡན་ལག་གཉན་ཚད་དང་གློ་བའི་གཉན་ཚད། བར་རྣའི་གཉན་ཚད། སྣ་རྐོང་གཉན་ཚད། དལ་ལངས་རང་བཞིན་གྱི་གློ་སྙིང་ནད་སོགས་དེ་དང་བསྡོངས་ནས་འབྱུང་སྲིད།

སྨན་པས་བཤད་པ་ལྟར་ན། ལོ་ལོན་དང་ལོ་དྲུག་མན་གྱི་བྱིས་པར་ཆམ་རིམས་མ་བྱུང་བའི་སྔོན་ལ་ཆམ་རིམས་འགོག་ཁབ་བརྒྱབ་ནས། ལུས་སྟེང་ལ་ནད་འགོག་ནུས་པ་ཐོན་པར་བྱེད་རྒྱུ་དེ་ཆེས་བཟང་བ་ཡིན། ཡིན་ན་ཡང་འགོག་ཁབ་ཀྱིས་ནད་ཡོངས་སུ་འགོག་ཐུབ་པ་མིན་པས། འགོག་ཁབ་བརྒྱབ་རྗེས་ད་རུང་མཉམ་འཇོག་གང་ལེགས་དགོས། བཟའ་བཏུང་ཕྱོགས་ནས་ནད་འགོག་ནུས་པ་ཇེ་དྲག་ཏུ་གཏོང་ཐུབ་པའི་ཟས་རིགས་མང་པོ་ཟ་དགོས་མ་ཟད། འཕྲོད་བསྟེན་གཙང་སྦྲར་དོ་སྣང་བྱེད་པ་དང་། མི་མང་འདུ་སར་མི་འགྲོ་བ་བྱེད་དགོས།

སྤྱིར་བཏང་དུ་ཆམ་རིམས་དེ་གཟའ་འཁོར་གཉིས་ཀྱི་ནང་ཇེ་བཟང་དུ་འགྲོ་སྲིད་མོད། འོན་ཀྱང་གལ་ཏེ་གཟའ་འཁོར་གཉིས་ཡན་འགོར་བའམ་ཡང་ན་གསུས་པ་བཤལ་བ་དང་། དབུགས་ལེན་དཀའ་བ། ཚ་ཆེན་པོ་ལངས་བ་སོགས་ཀྱི་ནད་རྟགས་བྱུང་ཚེ། མྱུར་དུ་སྨན་ཁང་ལ་སོང་ནས་གསོ་བཅོས་བྱེད་རྒྱུ་ཧ་ཅང་གལ་ཆེ།

གཉིས། དབུགས་ལམ་སྟོད་མར་འགོས་བཙོག་བྱུང་བ།

དགུན་དཔྱིད་ཀྱི་དུས་ནི་དབུགས་ལམ་སྟོད་མར་འགོས་བཙོག་འབྱུང་ཚད་མཐོ་བའི་དུས་ཚིགས་ཡིན་ལ། དབུགས་ལམ་སྟོད་མར་འགོས་བཙོག་བྱུང་བ་དེ་ནི་སྤྱིར་བཏང་གི་ཆམ་ནད་ཡིན་པས། དེ་ལ་ཚ་རྒྱས་བ་དང་སྣ་ཆུ་བཞུར་བ་སོགས་ཀྱི་ནད་རྟགས་ཡོད་པ་རེད། ཆམ་ནད་དེ་ཆམ་རིམས་དང་མི་འདྲ་སྟེ། ཆམ་རིམས་ལ་ཚ་ཆེན་པོ་རྒྱས་བ་དང་ཤ་གནད་ན་བ། ཐང་ཆད་པ་སོགས་ཀྱི་ནད་རྟགས་ཡོད་པར་མ་ཟད། མཉམ་བྱུང་ནད་འབྱུང་ཚད་ཅུང་མཐོ་བ་རེད། སྤྱིར་བཏང་གི་ཆམ་ནད་ལ་ནད་རྟགས་དེ་དག་འབྱུང་མི་སྲིད་པ་ཡིན།

སྤྱིར་བཏང་གི་ཆམ་ནད་ལ་ངལ་གསོ་མང་པོ་བྱེད་པ་དང་ཆུ་ཁོལ་མང་པོ་འཐུང་ན། ཉིན་བདུན་གྱི་ནང་ཡོངས་སུ་དྲག་འགྲོ་བ་ཡིན། གལ་ཏེ་ལུས་ལ་ཚ་རྒྱས་ན་ཡང་ནམ་རྒྱུན་ཉིན་གསུམ་ནས་ལྔ་ཡི་ནང་ཚ་འཇོག་སྲིད།

  • ལེ་ཚན་སྔོན་མ།:དབུགས་ལམ་གྱི་འགོས་ནད་ཇི་ལྟར་སྔོན་འགོག་བྱེད་དགོས།
  • ལེ་ཚན་རྗེས་མ།:འཁོར་སྐྱོད་བྱེད་པའི་མི་རྣམས་ཀྱིས་གློ་གཅོང་ནད་ཇི་ལྟར་སྔོན་འགོག་བྱེད་དགོས།
  • དོ་སྣང་ཆེ་བའི་རྩོམ།