མགར་ཁྲི་འབྲིང་བཙན་བྲོད།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-11-15

ཡོངས་གྲགས་སུ་བློན་པོ་མགར་གྱི་བུ་འབྲིང་བ། མང་སྲོང་དང་འདུས་ཡབ་སྲས་གཉིས་ཀྱི་བློན་པོ། འདིས་མང་སྲོང་གི་སྐུ་དུས་སུ་རང་གི་གཅེན་པོ་མགར་བཙན་སྙ་ལྡོམ་བུར་གཞོགས་འདེགས་བྱས་ནས་དམག་དོན་དང་། ཆབ་སྲིད། དཔལ་འབྱོར་བཅས་ཀྱི་འགན་ཆེན་པོ་ཁུར་བ་མ་ཟད། རང་གི་གཅེན་པོ་འདས་རྗེས་བཙན་པོའི་བཀའ་བཞིན་བློན་ཆེན་གྱི་འགན་ཁུར་ནས་བཙན་པོར་ཆབ་སྲིད་བསྐྱངས་རོགས་བྱས། འདིས་བློན་ཆེན་གྱི་འགན་བླངས་རྗེས་འ་ཞའི་ཡུལ་དུ་དམག་དྲངས་ཤིང་། རྒྱའི་དམག་དཔོན་འོ་ཞང་ཤོ(ཝང་ཞའོ་ཅེ)དང་གཡུལ་སྤྲད་དེ་ཕམ་པར་བྱས་ནས་ཤར་ཕྱོགས་སུ་རྒྱལ་ཁམས་རྒྱ་བསྐྱེད་པ་སོགས་བྱས་པར་གྲགས་ནའང་། 《ཆོས་འབྱུང་མཁས་པའི་དགའ་སྟོན》ནང་མགར་ཁྲི་འབྲིང་གིས་རྒྱལ་པོ་ཁྲི་གཉན་གཟུངས་བཙན་གྱི་བློན་པོ་བྱས་པར་གསུངས་པ་དང་། ཏུན་ཧོང་ནས་ཐོན་པའི་རྒྱལ་རབས་ལོ་ཚིགས་ནང་བོད་ས་ཁྱི(༦༩༨)ལོར་བཙན་པོ་འདུས་སྲོང་དབྱར་དུས་བྱང་ཕྱོགས་སུ་ཕེབས་པ་དང་། དགུན་དུས་བློན་ཆེན་པོ་མགར་ཁྲི་འབྲིང་བཙན་བྲོད་ཀྱིས་མདོ་སྨད་ཙོང་ཁ་ཆེ་ཆུང་དུ་དམག་དྲངས། དགུན་དུས་དེ་རང་ལ་བཙན་པོས་མགར་ལ་བཀྱོན་ཕབ་ཅེས་གསལ་བ་དང་། ཁྲི་འབྲིང་གནས་དབྱུང་བཏང་བའི་ཕྱི་ལོར་རང་ཤི་བརྒྱབ་ཅེས་རྒྱའི་ཡིག་ཚང་དུ་གསལ་ཞེས་པ་སོགས་མདོར་ན། ཏུན་ཧོང་ནས་ཐོན་པའི་ལོ་རྒྱུས་ཡིག་ཆའི་ནང་མགར་ཁྲི་འབྲིང་ནི་བློན་པོ་མགར་སྟོང་བཙན་གྱི་བུ་འབྲིང་བ་ཡིན་པ་དང་། རྒྱལ་པོ་སྲོང་བཙན་སྒམ་པོ་འདས་རྗེས་བློན་པོ་མགར་སྟོང་བཙན་གྱིས་མང་སྲོང་མང་བཙན་ལ་རོགས་རམ་བྱས་ནས་སྲིད་དབང་ལོ་བཅོ་ལྔའི་རིང་བསྐྱངས་ཏེ་འདས། དེ་ནས་ལོ་མང་སོང་མཚམས་བཙན་པོ་འདུས་སྲོང་མང་པོ་རྗེ་སྐུ་ན་གཞོན་དུས་མགར་ཁྲི་འབྲིང་བློན་ཆེན་བྱས་ཏེ་དུས་སྐབས་དེར་མགར་གྱི་མི་རྒྱུད་རྣམས་རྒྱལ་པོ་ལས་ལྷག་པའི་དབང་ཆ་ཡོད་པ་ལྟ་བུར་གྱུར་རྐྱེན་བཙན་པོ་ནར་སོན་མཚམས་རི་དྭགས་རྔོན་པར་ཁ་གཡར་ཏེ་མགར་ཁྲི་འབྲིང་ལ་དམག་དྲངས་ཤིང་། མགར་ཁྲི་འབྲིང་རང་ཉིད་རང་ཤི་བརྒྱབ་པ་སོགས་ཀྱི་གནས་ཚུལ་ཡིད་སྐྱོ་བོ་མང་པོ་འདུག་གོ
  • ལེ་ཚན་སྔོན་མ།:བྲག་དཀར་བློ་བཟང་དཔལ་ལྡན།
  • ལེ་ཚན་རྗེས་མ།:སྡེ་སྲིད་སངས་རྒྱས་རྒྱ་མཚོའི་མཛད་རྣམ་མདོར་བསྡུས།