འབའ་ཆོས་སྡེ་དགོན་གྱི་འབག་འཆམ་སྐོར་གྱི་ངོ་སྤྲོད་གནད་བསྡུས། །

ཆོས་འཕེལ་ནས།        2011-09-15

དེ་ཡང་འབའ་ཐང་རྫོང་གི་དགའ་ལྡན་ཕན་བདེ་གླིང་དེ་ཉིད་རབ་བྱུང་༡༡པའི་ས་མོ་ཕག་གི་ལོ་སྟེ་སྤྱི་ལོ༡༦༥༩ལོར་པད་དཀར་འཆང་བ་སྐུ་ཕྲེང་ལྔ་པ་ཆེན་པོས་ཕྱག་བཏབ་ཅིང་བཀའ་དགེར་བསྒྱུར་བ། ལྷ་སའི་གདན་ས་གསུམ་གྱི་མཐོ་བཙུན་རྣམས་ཀྱི་བར་མ་རབ་བྱུང་སྒྲུབ་པའི་མཁན་པོ་དེ་མོ་སྤྲུལ་སྐུ་ངག་དབང་དགེ་ལེགས་ཀྱིས་རབ་གནས་མཛད་ཅེས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཆོག་གི་<<བེེཌཱུརྱ་སེར་པོ>>ལས་གསུངས། བཀའ་དགེ་ལ་མ་བསྒྱུར་གོང་འབའ་ཐང་དུ་འབག་འཆམ་སྲོལ་ལུགས་མེད་པར་གྲགས། རྒྱལ་མཆོག་ལྔ་པས་འབའ་དགའ་ལྡན་ཕན་བདེ་གླིང་ཕྱག་གྲུབ་མཚན་གསོལ་རྗེས་སུ་ལྷ་སའི་གདན་ས་བསྟན་རྒྱས་གླིང་ནས་བསླབ་གཉེར་བྱས་པ་ཞིག་ཡིན་ཞིང་ཕལ་ཆེར་དུས་རབས་༡༧པའི་མཇུག་ཏུ་འབའ་ཐང་དུ་འབག་འཆམ་སྲོལ་གསར་དར་བྱུང་བ་རེད།
  དགོན་དེ་ཉིད་ནི་མདོ་སྨད་ལྷོ་རྒྱུད་དགེ་ལུགས་པའི་གྲུབ་མཐའི་དགོན་སྡེ་སྔ་ཤོས་ཤིག་དང་དགོན་སྡེ་ཁག་ཆེ་གྲས་ཤིག་ཡིན་ཞིང་དགོན་མིང་ཆ་ཚང་ལ་འབའ་ལྷུན་གྲུབ་རབ་བརྟན་ཁུལ་དགའ་ལྡན་ཕན་བདེ་གླིང་ཞེས་མཚན་སྙན་ཐོགས། སྐབས་དེའི་དགོན་པའི་དབུ་ཆོས་ནི་འབའ་ལཱ་ཁ་བླ་མ་སྐུ་ཕྲེང་རིམ་བྱོན་བཅུ་གསུམ་ཝང་ཆེན་ཞེས་པ་ངག་དབང་བློ་བཟང་དཔལ་ལྡན་གྱིས་འགན་དབང་བཞེས་གནང་བ་ཡིན། སྤྱིར་ཁ་བ་ཅན་གྱི་ཡུལ་གྲུའི་དགོན་སྡེ་ཁག་གི་འབག་འཆམ་སྐོར་ལ་ལྷོ་རྒྱུད་དང་བྱང་རྒྱུད་ཅེས་པའི་འཆམ་སྐོར་ལ་ལྷོ་རྒྱུད་དང་བྱང་རྒྱུད་ཅེས་པའི་འཆམ་སྲོལ་ཡོད་ཀྱང་དེ་ཚང་མ་སྔོན་བཀའ་བརྒྱུད་ནས་དར་སོ་བྱུང་བ་ཞིག་ཡིན་པ་ནི་སྨོས་ཅི་དགོས། ལྷོ་བྱང་བར་གྱི་འཆམ་སྲོལ་ལ་གཙོ་བོ་རྔ་འཆམ་དང་དུང་འཆམ་ལ་གཞིགས་ཏེ་དབྱེ་བ་ཡིན། འབའ་ཆོས་སྡེའི་འབག་འཆམ་སྲོལ་ནི་ལྷོ་རྒྱུད་ཀྱི་འཆམ་ལུགས་སུ་གཏོགས་པ་སྟེ་རྔ་འཆམ་ཡིན།
འབའ་ཆོས་སྡེ་དགོན་པའི་ལོ་ལྟར་འབག་འཆམ་གྱི་དུས་ཚིགས་ནི་དགུ་གཏོར་དང་གནམ་གང་། སྨོན་ལམ་བཅས་ཚོགས་ཆེན་གཙོ་བོ་རྣམ་གསུམ་ལ་ངེས། ད་དུང་ཧོར་ཟླ་དང་པོའི་བསང་གཏོང་དང་ཚེས་གཏོར་བཅས་ཡོད་པར་ཚང་མ་ཧོར་ཟལ་༡༢པའི་ཚེས་༢༨ནས་ལོ་གསར་པའི་ཧོར་ཟླ་དང་པོའི་ཚེས་༡༥་ཉིན་ཚུན་ཆོད་ཡིན།  འབའ་ཆོས་སྡེའི་འབག་འཆམ་ལུགས་ལ་འཆམ་ཆེན་༢༤དང་འཆམ་ཆུང་༡༢་ཞེས་ཟེར་སྲོལ་ཡོད། འཆམ་ཚན་ནི་ཆོས་སྐྱོང་འཁོར་བཅས་ཡོད་པས་མ་ཚད་སྣོད་བཅུད་ཀྱི་འཇིག་རྟེན་ནས་མི་ཡུལ་གྱི་རྣམ་པ་སྣ་ཚོགས་འདུས་ཡོད།
  ཧོར་ཟླ་༡༢པའི་ཚེས་༢༨ཉིན་འཆམ་ཚུ་ཅུང་རག་བསྡུས་ཙམ་ཡིན། ཚེས་༢༩ཉིན་དགུ་གཏོར་གཏོར་བརྒྱབ་ཡིན་པས་འཁྲབ་སྟོན་ཆེས་གཟབ་རྒྱས་དགོས་པར་དེའི་དགོས་པ་ནི་མཐོ་རིས་ཀྱི་ལྷ་དང་ཆོས་སྐྱོང་འཁོར་བཅས་ཏེ་གཅིག་ཀྱང་མ་ལུས་པ་འཇིག་རྟེན་མི་ཡུལ་དུ་གཟིགས་ཕེབས་བྱོན་པ་ཁོང་ཚོའི་མཐུ་སྟོབས་ཀྱིས་འཇིག་རྟེན་བྱིངས་ཀྱི་ནད་མུག་སད་སེར་བགེགས་བར་ཆོད་ཡོད་ཚད་ཟིལ་གྱིས་གནོན་པ་དང་མཐའ་སྐྲོད་ཚུལ་དུ་བྱེད་པ། ཁྱད་པར་དུ་འབའ་ཆོས་རྒྱལ་ལ་ཚོང་དཔོན་རྒན་གཞོན་གཉིས་ཀྱིས་གཏོར་རྫོང་གི་སྙན་ཞུའི་ཚིག་འབུལ་དགོས།
འབའ་འཆམ་པའི་སྐབས་སུ་དགོན་པའི་སྔགས་ཁང་རྡོ་སྐས་ནས་འཆམ་རའི་བར་ས་དཀར་སེར་དམར་ལྗང་གིས་བཀྲ་ཤིས་པའི་རི་མོ་སྣ་ཚོགས་འཐེན་པར་ཚོང་དཔོན་རྒན་གཞོན་གཉིས་པུས་ཞོགས་མོའི་ཇ་གཞས་དང་གླུ་དོན་སྙིང་ལྡན་པ་ཅི་རིགས་གཏོང་སྲོལ་ཡོད། འབའ་ཆོས་སྡེ་དགོན་པའི་འབག་འཆམ་ལུགས་ནི་གར་སྟབས་བརྗིད་ཉམས་དང་འཇིགས་སུ་རུང་བའི་རྣམ་གཔ་སྣ་ཚོགས་ལྡན་ཞིང་འཆམ་ཆས་ལ་སོགས་གནའ་རབས་ཐང་གར་བརྟེན་ནས་བཟོ་བཀོད་ལེགས་པོ་བྱས་ཡོད་ཅིང་དེང་དུས་བསྟུན་པ་རྩ་བ་ནས་མིན། ཆོས་རྒྱལ་སྒེར་འཆམ་མམ་གར་ཕྲུག་བརྒྱད་འཆམ། ཞྭ་ནག་བཞི་འཆམ་སོགས་སྣ་མང་བར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་འཆམ་སྲོལ་དང་ཧ་ཅང་འདྲ།
   སྤྱིར་དགོན་པའི་འབག་འཆམ་ལུགས་ནི་དམིགས་བསལ་གྱི་ཁྱད་ཆོས་ཡོད་ཅིང་ལྷ་མོ་འཁྲབ་གཞུང་ངམ་གཞས་ཞབས་བྲོ་སོགས་འཆམ་ཚུལ་དང་གཏན་ནས་མི་འདྲ། ལྷག་པར་དུ་ཞི་རྒྱས་དབང་དྲག་གི་རྣམ་པ་མཚོན་དགོས། ཁ་བ་ཅན་གྱི་དགོན་སྡེའི་འབག་འཆམ་ལུགས་དེ་རྒྱལ་སྤྱིའི་ཐོག་སྙན་གྲགས་ཡོད་ཅིང་། སྤྱི་ལོ་དུས་རབས་ལྔ་བཅུ་པའི་སྐབས་སུ་སུའུ་ལེན་རྒྱལ་ཁབ་ཀྱིས་བོད་དབུས་གཙང་རུ་བཞིའི་དགོན་པའི་འབག་འཆམ་ཚུལ་ཡོངས་རྫོགས་གློག་བརྙན་གྱི་དཔར་བླངས་ཏེ་ཁོ་ཚོས་རང་རེའི་རྒྱལ་ཁབ་ཀྱི་རིག་གནས་སྒྱུ་རྩལ་ཞིབ་འཇུག་བྱེད་ཡས་སྐོར་གྱི་གཙོ་གནད་དུ་བརྩིས་ནས་ཞིབ་འཇུག་བྱས་མྱོང་བ་རེད།
   འབའ་ཆོས་སྡེ་དགོན་པའི་འབག་འཆམ་ནི་ཆོས་ལུགས་རྐྱང་པ་མིན་ཞིང་དེར་ཆབ་སྲིད་དང་དཔལ་འབྱོར། ཞང་འབྲོག་ལས་སྒོ་དང་རིག་གནས་སྒྱུ་རྩལ་སོགས་ཀྱི་དོན་སྙིང་ལྡན་པ་ཞིག་ཡིན། དཔེར་ན་སྤོས་སྣ་བསྒྲིགས་པས་ན་རྒྱ་ནག་གོང་མའི་སྐུ་ཚབ་མེད་དུ་མི་རུང་བ་ཞིག་ཡིན། དཔྱིད་ཀྱི་རྒྱལ་མོ་དང་སྟོན་གྱི་རྒྱལ་མོ། འདོད་འཇོ་བ་མོ་བཅས་ནི་ཞིང་འབྲོག་ཐོན་སྐྱེད་ལ་དམིགས་ཏེ་འབག་འཆམ་དུ་འཇུག་པ་ཡིན། གང་ལྟར་འཆམ་ཆེན་༢༤དང་འཆམ་ཆུང་༡༢་ལས་རྒྱ་ནག་ཡུལ་གྲུ་དང་འབྲེལ་བ་མེད་པ་གཅིག་ཀྱང་མེད། སྔོན་འདས་ཟིན་པའི་ལོ་རྒྱུས་ཏེ་ཡོན་རྒྱལ་རབས་ཚུན་ཆོད་ཀྱི་ལོ་རྒྱུས་ལ་གཞིགས་ཏེ་བལྟས་ན་བོད་དང་བོད་ཆེན་པོའི་ཡུལ་གྲུ་མཐའ་དག་ནི་ཀྲུང་ཧྭ་མི་རིགས་རླངས་ཆེན་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པའི་གྲུབ་ཆ་ཞིག་ལས་གཞན་གང་ཡང་མ་མཆིས། ཡང་སྒོས་ས་པཎ་གྱིས་ཡོན་རྒྱལ་རབས་སྐབས་སུ་བོད་ཁ་བ་ཅན་ལ་སྤྲིངས་བའི་ཡི་གེ་ལས་ལོ་རྒྱུས་དེ་བས་གསལ་པོར་མཚོན་ནུས་པ་ཡིན།
  • ལེ་ཚན་སྔོན་མ།:ཨ་ཅེ་ལྷ་མོ་ཞེས་བོད་དུ་དར་ཁྱབ་ཆེ་བའི་ཟློས་གར་གྱི་བྱུང་ཚུལ་སྐོར་རགས་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:བཀྲ་ཤིས་ལྷུན་པོའི་འཆམ་གྱི་ལོ་རྒྱུས།
  • དོ་སྣང་ཆེ་བའི་རྩོམ།