ཕ་ཡུལ་གྱི་འབྲོག་གླུ

ཀུན་དགའ་ནས།        2011-09-15

ཕ་ཡུལ་གྱི་འབྲོག་གླུ
གླུ་མ་ལེན་གཅིག་དང་མ་ལེན་གཉིས། །
གླུ་ལེན་ན་ཨ་སྔོན་དགུང་ནས་ལེན། །
དགུང་ཉི་ཟླའི་ཐུགས་ལ་འབབ་ནི་ལེན། །
གླུ་མ་ལེན་གཅིག་དང་མ་ལེན་གཉིས། །
གླུ་ལེན་ན་བྲག་དམར་དཀྱིལ་ནས་ལེན། །
རྒོད་ཐང་དཀར་ཐུགས་ལ་འབབ་ནི་ལེན། །
གླུ་མ་ལེན་གཅིག་དང་མ་ལེན་གཉིས། །
གླུ་ལེན་ན་ཁྲོམ་ཆེན་དཀྱིལ་ནས་ལེན།།
མགོ་དཔོན་ལུའི་ཐུགས་ལ་འབབ་ནི་ལེན། །
 
ངའི་གླུ་རེའི་ནང་ན་རྟ་རེ་ཡོད། །
རྟ་གཡུ་འཛི་རྔ་མདུད་ཤིགས་སེ་ཡོད། །
ངའི་གླུ་རེའི་ནང་ན་མཛོ་རེ་ཡོད། །
མཛོ་ཁྱུང་ལུ་རྭ་ཁ་ཤིགས་སེ་ཡོད། །
ངའི་གླུ་རེའི་ནང་ན་ལུག་རེ་ཡོད། །
ལུག་གཡང་དཀར་བལ་ཁ་ཤིགས་སེ་ཡོད། །
 ཕ་ཡུལ་གྱི་འབྲོག་གླུ

སྟོད་ཡ་གིའི་སྤང་རི་རྩྭ་ཁ་ཅན། །
རི་རྩྭ་ཁ་ཅན་ལ་རི་དྭགས་འཁོར། །
སྐེད་ཕ་གིའི་མཚོ་མོ་རླངས་པ་ཅན། །
མཚོ་རླངས་པ་ཅན་ལ་གསེར་ཉ་འཁོར། །
སྨད་མ་གིའི་དཔོན་པོ་ཁེབས་རྒྱ་ཅན། །
དཔོན་ཁེབས་རྒྱ་ཅན་ལ་སྡེ་བ་འཁོར། །
 
དགུང་ཨ་སྔོན་གཡང་གི་ར་བ་རེད། །
དེའི་ནང་ཉི་ཟླ་སྐར་གསུམ་འཛོམས། །
འབྲུག་ཕོ་ཐང་སྣང་བ་སྐྱིད་པོ་རེད། །
ཆར་ཟིལ་མ་རྒྱུན་ཆད་མེད་པར་ཤོག །
ནགས་རྒྱ་རྫོང་གཡང་གི་ར་བ་རེད། །
དེའི་ནང་ན་བྱ་རིགས་སྣ་ཚོགས་འཛོམས། །
བྱ་ཁུ་ལོ་སྣང་བ་སྐྱིད་པོ་རེད། །
ནགས་རྩི་ཏོག་རྒྱས་པའི་སྨོན་ལམ་ཤོག །
སྡེ་ཆེན་པོ་གཡང་གི་ར་བ་རེད། །
དེའི་ནང་ན་ཕ་མ་བུ་གསུམ་འཛོམས། །
དྲིན་མ་ལོ་སྣང་བ་སྐྱིད་པོ་རེད། །
སྐྱིད་འཚོ་བ་རྒྱས་པའི་སྨོན་ལམ་ཤོག
 ཕ་ཡུལ་གྱི་འབྲོག་གླུ

ཤར་བཞག་བྲའི་མགོ་དེ་གངས་ཀྱིས་བསྐོར། །
གངས་ཡག་ལེ་ཕྱེ་མར་སྤུངས་འདྲ་རེད། །
ཤར་བཞག་བྲའི་སྐེད་པ་རི་ཡིས་བསྐོར། །
རྫ་ཡག་ལེ་ཇ་སྒམ་བརྩིགས་འདྲ་རེད། །
ཤར་བཞག་བྲའི་འདབས་དེ་མཚོ་ཡིས་བསྐོར། །
མཚོ་ཡག་ལེ་ཡོན་ཆབ་བཤམས་འདྲ་རེད། །
 
གླུ་སྐྱིད་པོ་ལེན་ན་སྐྱིད་པོ་ལེན། །
ཟླ་བཞི་པ་ཚེས་དུས་སྐྱིད་པོ་རེད། །
གླུ་སྐྱིད་པོ་ལེན་ན་སྐྱིད་པོ་ལེན། །
ཟླ་དྲུག་པ་ཚེས་དུས་སྐྱིད་པོ་རེད། །
འབྲི་ཐུལ་མའི་ནུ་ཁ་གང་དུས་རེད། །
སྨན་བུ་མོའི་སྣང་བ་སྐྱིད་དུས་རེད། །
གླུ་སྐྱིད་པོ་ལེན་ན་སྐྱིད་པོ་ལེན། །
ཟླ་བརྒྱད་པ་ཚེས་དུས་སྐྱིད་པོ་རེད། །
རྟ་འདོ་ལུའི་དྲུག་ཤ་གང་དུས་རེད། །
སྟག་ཤར་ལུ་སྣང་བ་སྐྱིད་དུས་རེད། །
 
གླུ་མ་བླངས་རྒྱ་དར་ཁ་གང་རེད། །
བླངས་བཞག་ན་དར་ཚོན་སྣ་ལྔ་རེད། །
སྤོས་མ་མཆོད་སྤོས་དམར་ཆག་གཅིག་རེད། །
མཆོད་བཞག་ན་དྲི་བཟང་ཀུན་ཁྱབ་རེད། །
ཆང་མ་འཐུང་བདུ་རྩི་ཟིལ་མ་རེད། །
བཏུང་བཞག་ན་རིག་པ་ཀུན་གསལ་རེད། །
འབྲུག་སང་སང་རྨ་རྒྱལ་མགོ་ནས་གྲགས། །
ཆར་བསིལ་མ་འབབ་པའི་རྟེན་འབྲེལ་རེད། །
བྱ་ཁུ་བྱུག་རྒྱ་རྫོང་ནགས་ནས་གྲགས།  །
དབྱར་མགོ་མ་ཚེས་པའི་རྟེན་འབྲེལ་རེད། །
གླུ་སང་སང་ཁྲོམ་ཆེན་དཀྱིལ་ནས་ལེན། །
ཁྲོམ་ན་ཟླ་རྩེ་བའི་རྟེན་འབྲེལ་རེད། །
  • ལེ་ཚན་སྔོན་མ།:གསར་རྩོམ་དམངས་གཞས།
  • ལེ་ཚན་རྗེས་མ།:གསར་དུ་བརྩམས་པའི་ཞེ་མཐུན་པའི་གླུ་ཨ་ལོང་རང་འགུག་མ།